གསལ་བསྒྲགས།

བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ད་ལོའི་ཁོར་ཡུག་གི་རྩོམ་རིག་འགྲན་སྡུར་གྱི་བརྗོད་གཞི་ནི་ཁོར་ཡུག་དང་ན་ཚའི་སྐོར་ཡིན། འདིར་སྤྱི་ཚོགས་ཁོར་ཡུག་དང་། རང་བྱུང་ཁོར་ཡུག་གཉིས་ཀྱི་ངོས་ནས་ནད་རིགས་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཚུལ་དང་། ཡང་ན། སྐྱེ་ཁམས་དང་། སྤྱི་ཚོགས་ཁོར་ཡུག རང་བྱུང་ཁོར་ཡུག་བཅས་ལ་འབྲེལ་བ་ཡོད་པའི་ནད་རིགས་ཀྱི་རྒྱུ་རྐྱེན་བྱུང་བ་དང་། བཅོས་ཐབས་སོགས་ཀྱི་བརྗོད་བྱ་གང་ཡིན་ཀྱང་ཆོག གཙོ་བོ་ནད་བྱེ་བྲག་པ་གང་རུང་ཞིག་དང་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་བ། ཡང་ན། སྲོག་ཆགས་གང་རུང་བ་ཞིག་དང་ནད་ཡམས་ཀྱི་འབྲེལ་བ། གཞན་ཡང་གཏེར་རྫས་དང་ན་ཚའི་སྐོར་སོགས་ཁོར་ཡུག་དང་ནད་གཉིས་བར་གྱི་བརྗོད་བྱ་ལས་མ་བརྒལ་བ་ཞིག་ཡིན་དགོས།

ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་དམིགས་ཡུལ་ནི་བོད་ཀྱི་སྤྱི་ཚོགས་སུ་ཁོར་ཡུག་སྐོར་གྱི་བགྲོ་གླེང་དང་གོ་རྟོགས་སྤེལ་སའི་སྡིངས་ཆ་ཞིག་སྐྲུན་རྒྱུ་དང་། བོད་རང་གི་སྐད་ཡིག་གི་ནང་དུ་ཁོར་ཡུག་དང་འབྲེལ་བའི་རྩོམ་གྱི་རྒྱུ་ཆ་མང་དུ་སྤེལ་རྒྱུ་དེ་ཡིན།

རྩོམ་རིག་འགྲན་སྡུར་གྱི་ཆ་རྐྱེན།

༡ ནང་དོན།   ཁོར་ཡུག་དང་ན་ཚ།

༢ རིང་ཐུང་།   ཡི་གེའི་ཆེ་ཆུང་གྲངས་ཚད ༢༠ ཡིན་པའི་ཤོག་གྲངས་ལྔ་ལས་མ་བརྒལ་བ་ཞིག

༣ རྩོམ་གྱི་རིགས།   དཔྱད་རྩོམ། ལུང་དྲངས་ཡོད་ན་ལུང་ཁུངས་ཀྱི་མཆན་ངེས་པར་དུ་དགོས།

༤ སྤུས་ཚད། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་པའི་རྩོམ་ཡིག་ཚད་ལྡན་ཡིན་དགོས།

༥ དབང་ཚད།  ང་ཚོ་ལ་བསྐུར་ཚར་བའི་རྩོམ་ཡིག་རྣམས་དེབ་དང་དྲ་ཐོག་ཏུ་འགོད་པའི་དབང་ཚད་ང་ཚོར་སྤྲོད་དགོས།

དཔྱད་འདེམས།

དཔྱད་འདེམས་ཚོགས་ཆུང་གིས་རྩོམ་ཡིག་རེ་རེར་ ༠-༡༠ བར་གྱི་སྐར་གྲངས་སྤྲོད་རྒྱུ་ཡིན།

གསལ་བསྒྲགས།

སྤྱི་ཟླ་༡༠་ཚེས་༤ སྟེ་འཛམ་གླིང་སྲོག་ཆགས་ཀྱི་ཉིན་མོར་མཇུག་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན།

གཟེངས་རྟགས།

དཔྱད་རྩོམ་གྱི་ནང་དོན་དང་ཉམས་ཞིབ་ཀྱི་གནད་ལ་གདེང་འཇོག་བྱས་ཏེ། རིམ་པ་བཞིན་ཨང་དང་པོ་དང་། གཉིས་པ། གསུམ་པ་རྣམས་ལ། དམངས་སྒོར་ ¥2345 དང་། ¥1500 ། ¥800 དང་བྱ་དགའི་དཔང་ཡིག་བཅས་འབུལ་རྒྱུ་ཡིན། ཕྱི་རྒྱལ་དུ་ཡོད་ན་གོང་གི་དམངས་སྒོར་གྱི་རིང་ཐང་གི་རྩོམ་ཡོན་རང་རང་གི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་ནང་དུ་འབུལ་རྒྱུ་ཡིན། གཞན་ཡང་ཕུལ་བྱུང་གི་རྩོམ་ཡིག་རྣམས་ལ་བྱ་དགའི་དཔང་ཡིག་འབུལ་རྒྱུ་ཡིན། དེ་མིན་གྱི་རྩོམ་རྣམས་དྲ་ཚིགས་སུ་དགོད་རྒྱུ་ཡིན།

སྐུར་ཡུལ།

བོད་ཕྱི་ནང་གང་ནས་ཡིན་ཀྱང་གློག་འཕྲིན་ཁ་བྱང་ info@tibetanecology.org འདི་ལ་འབྲེལ་བ་གནང་རོགས། རྩོམ་ཡིག་རྣམས་སྤྱི་ཟླ་ ༩ ཚེས ༡སྔོན་ལ་འབྱོར་དགོས་པས་དེ་དོན་དགོངས་འཇགས་འཚལ།

­