༄༅།།རྩྭ་སའི་ལྕགས་ར་ཡིས་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

རྩོམ་པ་བོ།
བུན་ཁྲང་རྒྱལ།


གཉིས་པ་། ལྕགས་ར་དང་འབྲོག་པའི་བརྡ་ཆད།

འབྲོག་ལས་ལ་རང་གི་ཐུན་མོང་མ་ཡིན་པའི་ལས་ཀའི་རྣམ་གྲངས་མང་པོ་ཞིག་ཡོད་པ་ནི་དེ་ལ་དོ་སྣང་ཅུང་ཙམ་སྤྲོད་མཁན་ཞིག་ཡིན་ན་ཤེས་སླའོ། འབྲོག་ལས་ཁོ་ན་གཉེར་བའི་མི་སྡེ་ནི་དུས་བཞིའི་འགྱུར་ལྡོག་དང་རྩྭ་ཆུའི་གནས་བབ་ལ་བསྟུན་ནས་ཡུལ་སྤོར་ཏེ་འགྲོ་བ་ནི་རང་བྱུང་ཁོར་ཡུག་དང་འབྲེལ་བ་དམ་ལ་སྲོལ་རྒྱུན་དུའང་གྲུབ་ཡོད། དེའི་སྟབས་ཀྱིས་གོམས་སྲོལ་ལྟར་ན་རྩྭ་སར་ལྕགས་ར་བསྐོར་བའི་གོང་དུ་ཕྱུགས་རྫི་རྣམས་རི་ལ་གང་སར་ཕྱུགས་འཚོ་སྐྱོང་ལ་འགྲོ་བཞིན་ཡོད་ལ། རྩྭ་ས་ནི་འབྲོག་སྡེ་སྤྱི་ཡིས་རྒྱ་ཁྱབ་དུ་སྤྱོད། དེའི་མཐའ་ལ་ཚད་བཀག་མེད་པས་མི་ཚང་མི་འདྲ་བའི་ཕྱུགས་ཁྱུ་ཕན་ཚུན་འདྲེས་པ་ནི་རྒྱུན་ལྡན་ཡིན།

དེ་ཡང་ཕྱུགས་ཁྱུ་ཕན་ཚུན་འདྲེས་པའི་སྐབས་དག་ནི་རྫི་བོ་གཞོན་རབས་རྣམས་ལ་མཚོན་ན་ཕན་ཚུན་དུང་བ་གླེང་བའི་གོ་སྐབས་ཤིག་ཀྱང་ཅི་ལ་མིན་ཏེ། ཁོང་ཚོས་ལུག་དང་ར་མ་འདྲེས་སོང་། ཞེ་དང་སྣང་བ་སྐྱིད་བྱུང་། ཞེས་རི་ལུང་ཐང་གསུམ་དུ་ཕྱུགས་འཚོ་བའི་སྐབས་སུ་ཕྱུགས་རྫི་ཕོ་མོ་མཉམ་འཛོམས་ཀྱི་སྟབས་ཀ་སྒྲིག་སྟེ། གླུ་ལེན་ཞིང་བརྩེ་བ་འཚོལ་བའི་འཚོ་བ་ཡི་སྟེགས་བུ་ཞིག་རང་ཉིད་ཐུན་མོང་ལ་བསྐྲུན་ཡོད་ལ་རྫི་བོ་ཕན་ཚུན་བར་མེད་དུ་མི་རུང་བའི་རོགས་རེས་དང་མཉམ་འབྲེལ་ཡང་ཡིན།1   ཡང་ཕྱུགས་ཁྱུ་ཕན་ཚུན་འདྲེས་པ་ལས་སྐབས་སྐབས་སུ་ཕྱུགས་ཟོག་ཁ་ཤས་ཕྱུགས་ཁྱུ་གཞན་དུ་བོར་བའང་མང་པས། རྫི་བོས་ཕྱུགས་འཚོལ་དུས་ནམ་རྒྱུན་སྤུ་མདོག་སོགས་ཕྱུགས་ཀྱི་ལུས་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་རྟགས་ཤིག་བརྗོད་དེ་རྫི་བོ་གཞན་སོགས་མི་རྣམས་ལ་འདྲི་བར་བྱེད་ཅིང་། ཕྱུགས་རྙེད་མཁན་ནམ་མཐོང་མཁན་གྱིས་ཀྱང་ཕྱུགས་ཀྱི་ཁྱད་ཆོས་ཤིག་གཞིར་བཟུང་སྟེ་ཕན་ཚུན་ལ་དེ་འདྲའི་ཁྱད་རྟགས་ཅན་གྱི་ཕྱུགས་རྙེད་འཚོལ་གནས་ཚུལ་བརྗོད་ན་གཞི་ནས་སོ་སོར་གོ་བརྡ་འཕྲོད་ཅིང་ངོས་འཛིན་སླ་བ་ཡིན།

དཔེར་ན་སྒོ་ཕྱུགས་ལུག་ལྟ་བུར་མཚོན་ན། མདོ་སྨད་འབྲོག་ཡུལ་རྣམས་སུ་ལུག་གི་ལུས་ཧྲིལ་པོའི་སྤུ་མདོག་གམ་བལ་གྱི་མདོག་གཞིར་བཟུང་ན།2 དཀར་དཀར་ནག་ནག གྲོ་གྲོ་གཙོ་བའི་མང་ཙམ་ཡོད་ཀྱང་མིང་བརྡ་མང་ཤོས་ཤིག་སྒོ་ཕྱུགས་ལུག་དེའི་ཡན་ལག་གི་སྤུ་མདོག་ལྟར་འདོགས་སྲོལ་ཡོད་པ་ནི་ཡང་དཔེར་ན། མགོའི་སྤུ་མདོག་ནག་པོ་དང་ལུས་ཡོངས་དཀར་པོ་ལ་སྨུག་གཞི་དང་། ལུས་ཡོངས་དཀར་པོ་ཡིན་ལ་མིག་མཐའ་དང་མཆུ། རྣ་སྣེའི་སྤུ་མདོག་ནག་པོའི་རིགས་ལ་ཁྲ་གཞི། ཡང་ལུས་ཡོངས་དཀར་པོ་དང་མིག་མཐའ། མཆུ། རྣ་སྣེའི་སྤུ་མདོག་སེར་པོའི་ཚུལ་དུ་ཡོད་པ་ལ་རྒྱ་རྒྱ། ལུས་ཡོངས་དཀར་པོ་དང་། མགོ་རྣའི་སྤུ་མདོག་གི་ཆ་ཙམ་སྔོ་ཤོས་ཅན་ལ་སྔོ་གཞི་དང་། དེ་མིན་རག་གཞི་དང་གྭ་གཞི་སོགས་ཕུན་སུམ་ཚོགས་ལ་རྭ་ཅོ་ཡོད་མེད་ཀྱིས་ཀྱང་མིང་བརྡ་དེ་དག་ལ་འགྱུར་བ་ཅུང་ཙམ་འགྲོ་གི་ཡོད་པ་ནི་འབྲོག་པ་རྒན་རབས་པའི་ཁ་རྒྱུན་དུ་ཆགས་ཡོད་པ་མ་ཟད། ད་དུང་ཕྱུགས་ཀྱི་འགྲོ་ཚུལ་རྣམ་པ་དང་གཟུགས་ཚད་ལ་གཞི་བཅོལ་ཏེ་མིང་འདོགས་ཚུལ་ཡང་མང་པོ་ཡོད།

གཞན་ཡང་ལུག་གི་ལོ་གྲངས་དང་རྟགས་རྟེན་གྱི་ཐད་མཁས་དབང་ནམ་མཁའི་ནོར་བུས།3 ལུ་གུ་4 དང་། ལ་ག་ལ་མོ། འཚེ་རུ5 ་འཚེ་མོ། སྙིག་པ་སྙིག་མོ། ཀྲིག་པ་ཀྲིག་མོ། ཁྱུགས་དང་པོ་དང་། ཁྱུགས་ཆིག་མ་སོགས་མང་པོ་ཡོད་པ་བཞིན་ནོ།

འདི་ལས་ཤེས་ཐུབ་པ་ནི་འབྲོག་ལས་མིང་གི་བརྡ་ཆད་ལ་འབྲོག་པའི་འཚོ་བའི་ཕྱོགས་སོ་རེ་རེ་ན་རྣམ་གྲངས་མང་པོ་ཡོད་ཀྱང་། གོང་དུ་སོང་བ་ནི་སྒོ་ཕྱུགས་སྐོར་ལས་ཀྱང་ལུག་གི་མིང་གི་རྣམ་གྲངས་ཉུང་ཙམ་ཞིག་བཀོད་པ་ཡིན་ལ། མིང་དེ་དག་སྔོན་ནས་ད་ལྟའི་བར་དུ་རྒྱུད་འཛིན་བྱེད་ཐུབ་པར་གོང་དུ་སྨྲས་པའི་ཕྱུགས་ཁྱུ་ཕན་ཚུན་འདྲེས་སྡེབ་ལྟ་བུས་ཆ་རྐྱེན་ལེགས་པོ་བསྐྲུན་པ་རེད། དེ་ནི་ཕྱུགས་ཁྱུ་འདྲེས་ནས་ཕྱུགས་ཟོག་བོར་བ་བྱུང་ཚེ་འཚོལ་མཁན་གྱིས་ཕྱུགས་ཀྱི་ཁྱད་རྟགས་དེ་ཤེས་རྗེས་དེར་མིང་འདོགས་པའི་ཐབས་འདི་འདྲ་ལ་བརྟེན་ནས་འཚོལ་བ་ཡིན་པས། མིང་གི་རྣམ་གྲངས་དེ་དག་ནི་ནམ་རྒྱུན་འབྲོག་མིའི་སེམས་སུ་ཡོད་ལ་མི་ཐོག་ནས་མི་ཐོག་བརྒྱུད་ཐུབ་པ་བྱུང་བ་ཡིན།6

ཡིན་ནའང་མིང་བརྡ་འདི་དག་ནི་ད་ལྟའི་ཕྱུགས་ལས་ལ་ཚད་བཀག་ཐེབས་པས་འབྲོག་པའི་མིང་བརྡ་ཕུན་སུམ་ཚོགས་པའི་རིག་གནས་ལས་རིམ་གྱིས་མེད་པ་ཆགས་ཀྱིན་པའི་སྣང་ཚུལ་བྱུང་དང་འབྱུང་བཞིན་འདུག དེ་ནི་རྩྭ་སར་ལྕགས་ར་བསྐོར་བའི་ལམ་ལུགས་འདིའི་ཐད་ཀའི་ཤུགས་རྐྱེན་ཡིན་ཏེ། ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་སྲིད་ཇུས་ལག་ཏུ་བསྟར་བ་ནས་འབྲོག་ཁྱིམ་གྱི་ཕྱུགས་གྲངས་ཇེ་ཉུང་དུ་ཆགས་ཡོད་པ་མ་ཟད། ཁྱིམ་རེ་ལ་ཚད་བཀག་ཐེབས་པའི་རྩྭ་སའི་ལྕགས་ར་རེ་བསྐོར་ཡོད་པས། ཕྱུགས་ཁྱུ་རྣམས་ནམ་རྒྱུན་རྩྭ་ས་དེ་ལས་བརྒལ་ཐུབ་ཀྱིན་མེད་ལ། སྲོལ་རྒྱུན་ལྟར་འཚོ་སྐྱོང་གནང་མཁན་གྱི་རྫི་བོས་ཀྱང་ཉིན་ཧྲིལ་པོར་འཚོ་དགོས་པ་ལྟར་འཚོ་སྐྱོང་བྱེད་ཀྱིན་མེད། དེ་ནི་ལྩགས་རའི་དབང་གིས་ཕྱུགས་ཁྱུ་ཕན་ཚུན་འདྲེས་པའི་གནས་ཚུལ་མེད་པས། འབྲོག་ཡུལ་གྱི་ལོ་ཆུང་བྱིས་པ་སློབ་གྲྭ་བ་རྣམས་ཕར་ཟད། སློབ་གྲྭར་མ་ཞུགས་པའི་ཕྱུགས་རྫི་གཞོན་རབས་པ་དག་གིས་ཀྱང་སྔོན་གྱི་མིང་འདོགས་ཚུལ་སྣ་ཚོགས་ཤིག་ཡོད་པ་དེ་བེད་སྤྱོད་མེད་པའམ་རྒན་རབས་རྣམས་ནས་བརྒྱུད་པའི་གོ་སྐབས་ཕྲ་བས། མིང་བརྡ་དེ་དག་ད་ལྟ་ཉམས་བཞིན་པའི་སྣང་ཚུལ་ཤིན་ཏུ་མགྱོགས་པ་ནི། 

དཔེར་ན། གོང་དུ་སོང་བའི་འབྲོག་པས་ལུག་ལ་བཏགས་པའི་སྲོལ་རྒྱུན་གྱི་མིང་དེ་དག་ད་ལྟའི་གཞོན་རབས་པའི་ནང་ན་ཤེས་མཁན་ཧ་ཅང་ཉུང་བ་དེས་བོད་ཀྱི་རིག་གནས་སྤྱི་ཡི་ཆ་ཤས་འདི་དང་འདི་འདྲ་བ་མང་པོ་ཞིག་བསམ་བཞིན་མ་ཡིན་པའི་ངང་བོར་བརླག་ཐེབས་ཀྱིན་པ་རྟོགས་ནུས། དེ་བཞིན་ང་ཚོས་ལྕགས་སྐུད་ར་བས་བསྐོར་ཟིན་པའི་རྩྭ་ས་ལས་ཤེས་པ་ལྟར། དེང་གི་རྫི་བོ་རྣམས་ཀྱིས་ཕྱུགས་འཚོ་བར་རྟའི་ཚབ་ཏུ་འཕྲུལ་རྟ་བཀོལ་བ་༼པར་དང་པོ་ལས་མངོན།༽ནས་བཟུང་རྟ་ནི་ལག་ལེན་ཁྲོད་ནས་རིམ་གྱིས་ཡལ་བའམ་ཡང་ན་ཆེད་དུ་རྟ་རྒྱུགས་འགྲན་སྡུར་སྤེལ་བར་མ་གཏོགས་བཀོལ་བ་ཉུང་བས། རྟ་དང་འབྲེལ་བའི་བཤད་རྒྱུན་སོགས་ཀྱི་རིག་གནས་རྣམས་ཀྱང་སྐབས་བསྟུན་གྱིས་ཉམས་དམས་སུ་འགྲོ་བཞིན་པ་ནི་རྟ་ལ་རྐྱང་རྐྱང་དང་ར་ར་ཞེས་པའི་སྤུ་མདོག་ཐད་ཀྱི་མིང་བརྡ་ཡོད་པ་མ་གསལ་བར་རྟ་དམར་དམར་དང་དཀར་དཀར་ཟེར་བ་ནི་བཞད་གད་སློང་བའི་རྒྱུ་རུ་གྱུར་ཡོད་པ་བཞིན་ནོ།།

པར་དང་པོ། ཕྱུགས་ལས་སུ་རྟའི་ཚབ་ལ་འཕྲུལ་རྟ་བཀོལ་བཞིན་པ། ༢༠༡༣ ལོའི་སྟོན་ཀ 

གསུམ་པ། ལྕགས་ར་དང་ཕྱུགས་རྫིའི་གླུ་སྐད།


དཔྱད་གཞིའི་ལུང་ཁུངས།


1 མེལ་ཝན་གྷོ་ཌི་ཟི་ཊན་(Melvyn C. Goldstein) དང་ཟཱེན་ཟེའ་སྦེའོ་(Synthia M. Beall) གཉིས་ཀྱིས་བརྩམས་པའི་ Nomads of the Western Tibet: the Survival of a Way of Life. ཡི་ཤོག་ངོས་༡༠༨ནས་༡༧༤བར་གསལ། སྤྱི་ལོ་༡༩༩༠ ལོར་ཧང་ཁང་ནས་པར་བསྐྲུན་བྱས།

2 མིང་བརྡ་འདི་དག་ནི་འབྲོག་སྡེ་མི་གཅིག་པ་ལ་རང་རང་སོ་སོའི་འདོགས་ལུགས་ཀྱི་དབང་གིས་སྐབས་འགར་མི་འདྲ་བ་ཅུང་ཙམ་ཐོན་གྱིན་ཡོད།

3 མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་ངོས་༡༧༤ ནས་༡༧༦ བར་གསལ།

4 འབྲོག་ཡུལ་འདི་དག་ཏུ་ལུ་གུ་ནི་སྤྱི་མིང་ཡིན་ལ་དེར་བྱེ་བྲག་ཏུ་ཕོ་ལུག་དང་མོ་ལུག་ཅེས་དབྱེ་མཁན་ཡང་ཡོད།

5 མདོ་སྨད་འབྲོག་ཡུལ་མང་ཤོས་སུ་ཐུང་བའམ་ཐུང་ང་ཡང་ཟེར།

6 རིག་འཛིན་ཐར་རྒྱལ་གྱིས་བརྩམས་ཤིང་ཁྲོ་ནི་ཧོས་བྷིར་ (Toni Huber) ཡིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་འབྲོག་པའི་སྐོར་གྱི་དབྱིན་དེབ་ Nomads of Eastern Tibet: Social organization and economy of a pastoral estate in the Kingdom of Dege, ཡི་ཤོག་ངོས་༧༣ ནས་༧༤ བར་གསལ། ༢༠༠༧ ལོར་ནཱེ་ཌར་ལཱན་ཌི (Netherlands) རྒྱལ་ཁབ་ནས་དཔར།