༄༅།།རྩྭ་སའི་ལྕགས་ར་ཡིས་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

རྩོམ་པ་བོ།
བུན་ཁྲང་རྒྱལ།


གསུམ་པ། ལྕགས་ར་དང་ཕྱུགས་རྫིའི་གླུ་སྐད།

ཀུན་གྱིས་ཤེས་གསལ་ལྟར། འབྲོག་ཡུལ་མང་ཤོས་ཤིག་སའི་ཁ་ཞེང་ཆེ་ལ་དབེན་པའི་ཁྱད་ཆོས་ལྡན་པ་ནི་འབྲོག་1 ཅེས་པའི་མིང་བརྡའི་ཐད་ནས་ཀྱང་མཚོན་ཐུབ། འབྲོག་ཡུལ་གྱི་རྫི་བོ་རྣམས་ནམ་རྒྱུན་ས་དབེན་ཞིང་རང་གི་ཡུལ་དང་བར་ཐག་གིས་ཆོད་པའི་ས་རུ་གླུ་གཞས་སྣ་ཚོགས་གཏོང་བ་ནི་ཁོང་ཚོའི་ཐུན་མིན་གྱི་གོམས་སྲོལ་ཞིག་གམ་རིག་གནས་ཤིག་ཏུ་གྱུར་ཡོད། ཡིན་ནའང་གླུ་སྣ་ཚོགས་ཡོད་པ་ལས་ལ་གཞས་ལྟ་བུ་ནི་ངོ་ཚ་དང་འཛེམས་བག་བྱེད་དགོས་པའི་གླུ་ཡི་རིགས་ཡིན་པས།2 ཕ་མ་མིང་སྲིང་རྣམས་ཀྱིས་ཐོས་ཐུབ་པའི་སར་ཤིན་ཏུ་ནས་ཀྱང་ལེན་མི་འོས་པའི་གླུ་ཡིན།

དེ་ལ་སྔར་འབྲོག་ཡུལ་གྱི་རྩྭ་སར་ལྕགས་ར་བསྐོར་མེད་པའི་དུས་སུ་རྫི་བོ་རྣམས་རང་གི་ཡུལ་དང་ཁྱིམ་མིར་ཐག་རིང་བའི་སར་ཕྱུགས་འཚོ་བཞིན་ཡོད་པས། ཁོར་ཡུག་དེ་འདྲའི་ཆ་རྐྱེན་གྱི་འོག་ཏུ་རྫི་བོས་རང་འདོད་བཞིན་གླུ་གཞས་དང་བརྩེ་གླུ་མཛའ་གཞས་སོགས་གཏོང་བར་གོམས་ཡོད་ལ། རི་ལུང་ནས་དེ་ལ་མྱོང་རོལ་བྱེད་པ་ནི་ཁེར་རྐྱང་གི་སྣང་བ་ལྡོག་པའི་ཐབས་མཆོག་ཅིག་ཀྱང་ཡིན། དེར་མ་ཟད། དེ་ནི་རང་བཞིན་གྱིས་ཡུལ་སྲོལ་རིག་གནས་དེ་ལྟ་བུ་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་གལ་ཆེན་དེའང་ཡིན་སྙམ། དེ་བཞིན་དབེན་པའི་འབྲོག་ཐང་རྣམས་སུ་སྐད་ངག་སྙན་མོ་མེད་ལ་གླུ་ཚིག་གོ་རིམ་འཆོལ་བའི་གླུ་ཙམ་མ་གཏོགས་ལེན་མི་ཤེས་པའི་རྫི་བོ་ཆུང་ཆུང་ཞིག་ཡིན་ནའང་གླུ་ལེན་པར་གཞན་གྱི་འཁང་ར་དང་འཕྱ་སྨོད་སོགས་ཀྱི་བཀག་རྒྱ་མི་ཐེབས་པས། གང་དགའ་རང་འདོད་ཀྱིས་བླངས་ཆོག་ལ་མདོར་ན་ཁོད་ཡངས་པའི་རི་ལུང་ནི་སྲོལ་རྒྱུན་གྱི་གླུ་བ་སྐད་གྲགས་ཆོད་པ་རྣམས་ལ་སྦྱོང་བརྡར་སྤྲོད་པའི་སློབ་གསོའི་ལྟེ་གནས་ལྟ་བུ་ཆགས་ཡོད།

ད་ལྟ་དུས་ཆེན་སོགས་དཔེར་ན་བོད་ཀྱི་ལོ་སར་ལྟ་བུའི་སྐབས་སུ་ལོ་ཆུང་རྣམས་གཙོ་བྱས་པའི་བོད་མི་རྣམས་དེང་རབས་ཀྱི་གླུ་གཞས་ལེན་པར་དགའ་བའམ་ལེན་ཤེས་མཁན་ཡང་ལྟོས་བཅོས་ཀྱིས་མང་ནའང་། དམངས་གླུ་ནི་སྔར་ལྟར་ཀུན་གྱིས་ལེན་ཤེས་པ་དེ་འདྲ་མིན་ལ། གླུ་ཚིག་ཀྱང་ཡིད་ལ་འཛིན་སླ་བོ་མིན་པ་ལྟ་བུའི་སྣང་ཚུལ་བྱུང་བཞིན་པ་སྟེ། ཁྱད་པར་དུ་གཞོན་རབས་རྣམས་ཀྱིས་ཡི་གེ་ཤེས་ནའང་མི་ཐོག་སྔོན་མ་ལྟར་དམངས་གླུ་དེ་དག་དེ་འདྲའི་ལེན་མཁས་པོ་མེད་སྟབས། མི་རྣམས་ཀྱིས་འགྱུར་ལྡོག་འདི་ལྟ་བུ་ནི་བྱུང་བ་མགྱོགས་ལ་བསམ་ཡུལ་འདས་པ་ལྟ་བུར་བྱེད་ཀྱང་། ཞིབ་ཀྱིས་གཞིགས་ན་དེར་རྒྱུ་མཚན་མེད་པ་མ་ཡིན་ཏེ། བོད་ཀྱི་གཞོན་རབས་པ་རྣམས་ཀྱང་མི་རིགས་གཞན་ནང་བཞིན་དེང་རབས་ཀྱི་གོ་ལ་ཧྲིལ་འགྱུར་ཅན་དང་མཉམ་དུ་མི་འཚོ་རང་འཚོ་ཡིན་པ་དང་གཅིག ད་ལྟའི་འབྲོག་ཁུལ་གྱི་རྩྭ་ར་ནི་སོ་སོའི་ཁྱིམ་གྱི་འདབས་དང་རྒྱང་ཐག་མི་རིང་བས་༼པར་གཉིས་པ་ལས་མཐོང་ཐུབ།༽དམངས་གླུ་སོགས་ལ་གཞས་ལེན་པར་འཛེམས་དོགས་དགོས་པའི་དབང་གིས་ཁོར་ཡུག་མེད་པར་ཆགས་པ་དང་གཉིས་སོགས་རྒྱུ་རྐྱེན་མང་པོས་ཡུལ་སྲོལ་རིག་གནས་འདི་ལ་བཀག་རྒྱ་ཐེབས་ཤིང་རྒྱུན་སྐྱོང་དཀའ་བ་ཡིན་ནོ།།

Description: H:\པར་མཛོད།\ཕ་ཡུལ་དུ་བླངས་པའི་པར།\སྨུག་གི་ཐང་།\IMG_0328.JPG
པར་གཉིས་པ། སྦྲ་རྙིང་བའི་འདབས་ཀྱི་ལྕགས་ར་དང་ལུག་ཁྱུ། ༢༠༡༢ ལོའི་དབྱར་ཁ།

བཞི་བ། ལྕགས་ར་དང་འབྲོག་ལས་ལྷག་མ།


དཔྱད་གཞིའི་ལུང་ཁུངས།

1ལྗོན་ཧྥན་ཟིན་ཁྲི་བྷེ་ལེ་ཟཱ (John Vincent Bellezza) ཡི་ཕྱག་དེབ་ the Dawn of Tibet: the ancientcivilization on the roof of the world ཡི་ཤོག་ངོས་༤༧ ནས་༥༧ བར་གསལ། སྤྱི་ལོ་༢༠༡༤ ལོར་ཨ་རིའི་ Rowman & Littlefield པར་སྐྲུན་ཁང་གིས་དཔར།

2 ཁྲོ་ནི་ཧོས་བྷིར་(Toni Huber) གྱིས་རྩོམ་སྒྲིག་བྱས་པའི་ Amdo Tibetans in Transition: Societies and culture in the Post-Mao Era ཡི་ཤོག་ངོས་༡༧༩ ནས་༡༨༡ བར་གསལ། སྤྱི་ལོ་༢༠༠༢ ལོར་ ནཱེ་ཌར་ལཱན་ཌི (Netherlands) རྒྱལ་ཁབ་ནས་དཔར།