༄༅།།རྩྭ་སའི་ལྕགས་ར་ཡིས་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

རྩོམ་པ་བོ།
བུན་ཁྲང་རྒྱལ།


བཞི་བ། ལྕགས་ར་དང་འབྲོག་ལས་ལྷག་མ།

སྔར་ལྟར་ན་འབྲོག་ཡུལ་མང་ཤོས་སུ་རྩྭ་ཆུ་ཁ་སྤྲོད་དུ་ཡོད་དགོས་རྒྱུ་ནི་འབྲོག་ལས་ལ་མཚོན་ན་ཆེས་མ་མཐའི་ཆ་རྐྱེན་ཡིན་ཕྱིར་གལ་སྲིད་དེ་ལས་ལྡོག་ན་འབྲོག་ས་བཟང་པོར་མི་བརྩི་ཞིང་དཀའ་ལས་མང་པོར་གདོང་ལེན་བྱེད་དགོས་ཀྱི་ཡོད། དེ་ཡང་ཆུ་དང་བར་ཐག་ཅུང་རིང་ནའང་ཕྱུགས་ལ་ཆུ་རེས་དང་རྩྭ་རེས་ཞེས་ཉིན་བགོས་ཏེ་ཆུ་རེས་ཉིན་ལ་སྔ་མོ་ནས་ཆུ་ཡོད་པའི་ཡུལ་དེར་ཆེས་ཐུང་བའི་ལམ་ཐག་བརྒྱུད་ནས་ཕྱུགས་ཟོག་ལ་ཆུ་ལྡུད་པར་འདེད་པ་ཡིན། ཡིན་ནའང་རྩྭ་སར་ལྕགས་ར་བསྐོར་བས། ཆུ་ལམ1 ་དེ་དག་གི་ཐད་འགྱུར་བ་མི་བྱུང་རང་བྱུང་ལྟ་བུ་ཆགས་ཡོད་དེ། དུད་ཁྱིམ་སོ་སོའི་ལྕགས་ར་ཡིས་འབྲོག་སྡེ་སྤྱིའི་ཕྱུགས་ཀྱི་ཆུ་ལམ་བཀག་པར་བརྟེན་ཆུ་རེས་ཉིན་དེར་ཆུའི་ཁར་ལམ་ཐག་རིང་བའི་འབྲོག་ཁྱིམ་རྣམས་ནས་ཆུ་ལམ་བཀག་ཡོད་པའི་དུད་ཁྱིམ་དག་གི་རྩྭ་རའི་མཐའ་བསྐོར་ཏེ་ཆུ་ལྡུད་པར་འགྲོ་དགོས་པས། སྔར་གྱི་ལམ་ཐག་རྣམས་ལྡབ་འགྱུར་གྱིས་རིང་དུ་ཕྱིན་པ་མང་བ་དང་། ཡང་སྐབས་རེ་འགར་ཁྱིམ་མཚེས་ཀྱི་རྩྭ་སའི་ར་བར་ཕྱུགས་ཟོག་ཐོན་པས་ཁྱིམ་མཚེས་ཕན་ཚུན་བར་གྱི་འབྲེལ་ལམ་ཇེ་ཞན་དུ་གྱུར་བའམ་སྔར་གྱི་འབྲེལ་བ་བཟང་པོ་མེད་པར་ཆགས་པ་སོགས་མང་པོ་ཡོད་ཀྱང་སྐབས་འདིའི་བརྗོད་བྱར་མི་འོས་པས་མ་བྲིས། 

རྩྭ་ཐང་དེ་འབྲོག་ཡུལ་གྱི་སྤྱི་ས་ཡིན་དུས་སུ། རྫི་བོའི་ལས་ཀ་འབའ་ཞིག་ནི་ཕྱུགས་ཟོག་རྣམས་ལ་རྩྭ་ཁའི་འཚོ་སྐྱོང་བཟང་པོ་བྱེད་རྒྱུ་ལས་གཞན་མེད། ཡིན་ནའང་སོ་སོའི་རྩྭ་སར་ལྕགས་ར་བསྐོར་བ་ནས་བཟུང་འབྲོག་པ་རྣམས་ལ་ལས་ཀ་གཞན་ཞིག་ལྷགས་ཡོང་བ་ནི་རང་གི་ལྕགས་ར་དེར་དུས་ངེས་གཏན་མེད་པར་སླར་གསོ་དགོས་པ་དེ་རེད། དེ་ནི་དུས་ཡུན་ཅུང་རིང་ཙམ་འགོར་སྐབས་ལྕགས་སྐུད་ཆད་པའམ་ལྕགས་རའི་གཞུང་ཀ་རྣམས་རྙིང་བར་འགྱུར་འགྲོ་བས་ནམ་རྒྱུན་སླར་གསོའི་སྐབས་སུ་ཤིང་ནགས་དང་། ལྕགས་སྐུད་སོགས་ལག་ཆ་གཞན་དག་དགོས་ཀྱང་འབྲོག་ཡུལ་རྣམས་སུ་རྒྱུ་ཆ་དེའི་རིགས་དཀོན་པས། འབྲོག་མི་རྣམས་ཡུལ་ལུང་གཞན་དུ་ཕྱིན་ནས་རྒྱུ་ཆ་དེ་དག་རག་ཐབས་བྱེད་དགོས་ལ་དེ་ནི་སྔར་མེད་ཀྱི་འབྲོག་ལས་ལྷག་མ་ཞིག་ཡིན་ཏེ། རྒྱུ་ཆ་དེ་དག་ཉོ་དགོས་ལ་དབོར་འདྲེན་ཡང་བྱེད་དགོས་པར་བརྟེན། དེར་མ་མཐའ་ཡང་དུས་ཡུན་དང་གྲོན་དངུལ་ངེས་ཅན་ཞིག་འཛད་ཀྱིན་ཡོད།

སྤྱིར་ཀུན་ལ་རྒྱུས་ཡོད་པ་བཞིན་བོད་གངས་ཅན་གྱི་ས་བབ་དང་གནམ་གཤིས་ལ་ཡུལ་རང་གི་ཐུན་མིན་གྱི་ཁྱད་ཆོས་མངའ་བའི་སྟབས་ཀྱིས་འབྲོག་པའི་རྒྱུན་ཤེས་ལའང་ཕྱུགས་ཟོག་ནི་དུས་བཞིའི་འགྱུར་བ་དང་བསྟུན་ནས་གནས་སྤར་བ་དང་གཞི་བརྗེ་ན་ཕྱུགས་ནད་སྔོན་འགོག་བྱེད་ཐུབ་པ་སོགས་གནའ་མིའི་ལག་ལེན་དང་ཉམས་མྱོང་དངོས་སུ་བདོག་པའི་བསླབ་བྱ་མོད་པོ་ཡོད་མོད། དེང་སྐབས་ལྕགས་ར་བསྐོར་བ་དེས་ཡུལ་མང་པོའི་རྩྭ་དང་ཕྱུགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པའང་ཡོད་དེ། དཔེར་ན་འབྲོག་ལས་ཀྱི་གཏན་སྲོལ་དང་ཉམས་མྱོང་གཞིར་བྱས་ན། ཕྱུགས་ཀྱི་རིལ་མ་སོགས་ཀྱིས་རྩྭ་སར་ལུད་རྫས་ཀྱི་བྱེད་ནུས་ཐོན་ཐུབ་པ་དང་དེ་ནི་དེང་སྐབས་ང་ཚོས་ལོ་རེར་མཐོང་བའི་ལྕགས་རའི་ཕྱི་ཡི་རྩྭ་ནི་ནང་གི་རྩྭ་ལས་རིང་བོར་སྐྱེས་ཡོད་པའམ་སྐྱེས་ཐུབ་པ་༼པར་གསུམ་པ་ལས་མངོན་ཡོད།༽ལས་ཀྱང་ཤེས་ཡོང་།2 དེ་ལས་ལྡོག་ན་ནམ་རྒྱུན་ཕྱུགས་ཟོག་མི་ཐོན་པའི་རྩྭ་སའི་ནང་གི་རྩྭ་རྩེ་སེར་པོ་དང་། རྩྭ་རྐང་གི་དཀྱིལ་ནས་རུལ་བ། སྔར་ལོའི་རྩྭ་སྐྱའམ་རྩྭ་རྙིང་གིས་བཏུམས་པའི་རྩྭའི་རྩད་པས་ཉི་འོད་མི་མཐོང་བས་ཤི་བའམ་སྐྱེ་སྟོབས་ཉམས་པའི་སྣང་ཚུལ་ནམ་རྒྱུན་མཐོང་རྒྱུ་ཡོད་དོ།།
Description: H:\པར་མཛོད།\ཕ་ཡུལ་དུ་བླངས་པའི་པར།\2013 & 2014\IMG_0743.JPG
པར་གསུམ་པ། ལྕགས་རའི་ཕྱི་ནང་གི་རྩྭའི་སྐྱེས་སྟོབས་མི་འདྲ་བའི་རྣམ་པ། ༢༠༡༣ལོའི་དཔྱིད་མཇུག


ལྔ་བ། མཇུག་སྡོམ།

སྤྱིར་མདོ་དབུས་མཐོ་སྒང་གི་འབྲོག་ཡུལ་སོ་སོར་སྤྱི་ལོ་༢༠༠༥ ཙམ་ནས་ལྕགས་ར་རྒྱ་ཁྱབ་ཏུ་བསྐྲུན་ཏེ་རྩྭ་ཐང་གི་ཕྱོགས་ཕྱོགས་སུ་བསྐོར། ལྕགས་ར་བསྐོར་བས་ཁོར་ཡུག་སླར་གསོའི་ཐད་དུས་ཡུན་ཐུང་ངུའི་མངོན་མཐོང་གི་མཇུག་འབྲས་ཡོད་ནའང་། དོན་དང་མཐུན་པའི་ལེགས་བཅོས་ཤིག་རྒྱུན་སྲིང་ཐུབ་མིན་ནི་ད་དུང་ཁ་ཚོན་མི་ཆོད་དེ། ལྕགས་ར་བསྐོར་བས་རི་སྐྱེས་སྲོག་ཆགས་རང་དགར་རྒྱུ་མི་ཐུབ་པས། ལྕགས་ར་དེ་གཅན་གཟན་གྱིས་རི་དྭགས་གསོད་པའི་རྙི་རུ་གྱུར་བ་ནི་སྤྱང་ཀིས་དགོ་བ་རྣམས་ལྕགས་རར་གཏད་དེ་གསོད་ཅིང་རྨས་ནས་མང་པོ་འཆི་བའི་གནས་ཚུལ་བྱུང་ཡོད་པ་དཔེར་དྲངས་པ་བཞིན། རྩྭ་སའི་སྲུང་སྐྱོབ་བམ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཞུགས་སུ་སྲིད་གཞུང་དང་། མི་སྒེར། རིག་གནས་པའི་སྡེ་ཡོད་ཀྱང་དེ་དག་རེ་རེའི་བསམ་ཚུལ་མཐུན་པོ་མེད་པས་ད་དུང་ཞིབ་བསྡུར་དང་ཉམས་ཞིབ་བྱེད་དགོས་འདུག


རྩྭ་ས་སྲུང་སྐྱོབ་དང་ཕྱུགས་བསྐྱུར་བའི་མཇུག་འབྲས་ནི་འབྲོག་དམངས་གཏན་སྡོད་ཡིན་ལ། ༼པར་བཞི་བ་ལྟར་ཡིན།༽ གཏན་སྡོད་རྗེས་སུ་འཕྲོད་བསྟེན་དང་། བྱིས་པའི་སློབ་ཞུགས་ཀྱི་གནས་ཚུལ་ཇེ་ལེགས་སུ་ཕྱིན་པ་ཙམ་ཡོད་ཀྱང་། འབྲོག་ཡུལ་གྱི་མིའི་ལས་ཞུགས་ཐག་གིས་མི་ཆོད་པ་དེས་གནད་དོན་གསར་བ་མང་པོ་འབྲོག་སྡེ་རྣམས་སུ་བསྐྱེལ་ཡོད་པས། བྱིས་པའི་སློབ་གསོ་དང་མ་བུའི་བདེ་སྲུང་མཐའ་མ་འཁྱོལ་བའི་སྔོན་དུ་འབྲོག་དམངས་ཀྱི་རྨང་གཞིའི་འཚོ་ཐབས་ལ་གཏོར་ཕམ་མི་འབྱུང་བའི་ངེས་པ་མེད། 

མདོར་ན་འབྲོག་ཁུལ་གྱི་ཕྱུགས་གྲངས་ཉུང་དུ་ཆགས་ཡོད་ཀྱང་དེའི་ཁ་གཏད་དུ་འགྲེང་ཞིང་ལོ་རེར་གྲངས་ཀ་འཕེལ་བའི་རི་དྭགས་ཀྱིས་རྩྭ་ས་སྔར་བཞིན་བེད་སྤྱོད་གཏོང་གིན་ཡོད་པས། ཐོན་ཁུངས་ཆུད་ཟས་ལྟ་བུར་འགྲོ་བཞིན་པ་མིན་ནམ་ཅི། ཡང་ཕྱོགས་གཞན་ཞིག་ནས་གཞིགས་ན་འབྲོག་ལས་ཐོན་རྫས་རྩ་མེད་དུ་ཆགས་ན། མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་གསོད་པ་འཚོ་བའི་ཐབས་ལམ་དུ་མི་བསྒྱུར་བའི་ངེས་པའང་མེད་པས། དེ་དུས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞོག་སྐྱེ་ཁམས་མ་ལག་དོ་མི་མཉམ་པར་བཟོས་པ་མ་ཡིན་ནམ།

Description: H:\པར་མཛོད།\ཕྱོགས་བསྡུས་པར་གཞན།\Photos of Mgo Mang\fgfdgfdgfdgrg.jpg
པར་བཞི་བ། གྲོང་མཐར་གཏན་སྡོད་དུ་བསྒྱུར་བའི་འབྲོག་སྡེ། ༢༠༡༠ལོའི་དགུན་ཁ།


དཔྱད་གཞིའི་ལུང་ཁུངས།


1 མདོ་སྨད་འབྲོག་ཡུལ་འགའ་ཞིག་ཏུ་སྒོ་ཕྱུགས་ལ་ཆུ་ལྡུད་པར་འགྲོ་བའི་ལམ་ལ་ཆུ་ལམ་ཟེར།

2 ཉམས་ཞིབ་པས་སྤྱི་ལོ་༢༠༠༦ ནས་ད་ལྟའི་བར་དུ་འབྲོག་ཡུལ་མང་པོར་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་ལས་མཐོང་ཚོར་བྱུང་།