༄༅།།ཁོར་ཡུག་ཉམས་རྒུད་ཀྱི་གནད་དོན་གླེང་བ།

རྩོམ་པ་བོ།
འཇིགས་མེད་བློ་གྲོས།


༣། ཁོར་ཡུག་ཉམས་རྒུད་ལས་སྐྱོབ་ཐབས།


ཨོ་རོ་ཝེ་ལའི་ཡུལ་གྲོང་ནང་བེད་མེད་ཀྱི་དངོས་པོ་གཅིག་ཀྱང་མེད།27

འཇིག་རྟེན་ཐོག་རང་བྱུང་ཁོར་ཡུག་ཉམས་རྒུད་ཀྱི་གནད་དོན་ལ་སེམས་འཁུར་ཆེ་ཞིང་། རང་བྱུང་ཐོན་ཁུངས་ལ་བཤུ་གཞོག་ཚད་མེད་གཏོང་བའི་མིའི་འཚོ་ཐབས་ལམ་སྲོལ་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས། འདོད་ཆུང་ཆོག་ཤེས་དང་འབྱུང་ཁམས་ལ་བསྟུན་གཤིབ་ཀྱི་འཚོ་བ་རོལ་བའི་མི་སྒེར་དང་ཚོགས་པ་ཧ་ཅང་མང་པོ་ཞིག་ཡོད། དེའི་གྲས་ཀྱི་གྲགས་ཆེ་བ་གཅིག་ནི་ཨོ་རོ་ཝེ་ལའི་[Auroville]རྒྱལ་སྤྱིའི་གྲོང་སྡེ་ཡིན། གྲོང་སྡེ་འདི་ནི་བྷན་གཱལ་མཚོ་མཐར་ཆགས་པའི་པོན་ཌི་ཅ་རིའི་[Pondicherry]གྲོང་ཁྱེར་ནས་སྤྱི་ལེ་བཅུ་གཉིས་ཀྱི་སར་ཆགས་ཡོད།  ཁོ་བོ་ཟླ་ངོ་གཅིག་ལྷག་ཙམ་རིང་གྲོང་སྡེ་འདིའི་ནང་འཚོ་བ་རོལ་བའི་ཉམས་མྱོང་དང་འབྲེལ་ནས་བཤད་ན། ད་ལྟའི་འགྲོ་བ་མིའི་འཚོ་ཐབས་ལམ་སྲོལ་ནང་རང་བྱུང་ཁམས་ལ་གནོད་སྐྱོན་ཚབས་ཆེན་གཏོང་མི་དགོས་པའི་ཐོག མིའི་འདོད་འདུན་ཚད་མཐོན་པོའི་བར་སྐོང་ཐུབ་པའི་མཐུན་རྐྱེན་ལ་ཅི་བདེར་ལོངས་སུ་སྤྱོད་བཞིན་འཚོ་རུང་བའི་མིའི་འཚོ་ཐབས་ལམ་ལུགས་ཤིག་ཀྱང་ཚན་རིག་དང་འཕྲུལ་རིག་གིས་དབང་སྒྱུར་བའི་དུས་རབས་འདིའི་ནང་ངེས་པར་དུ་ཡོང་ཆོག་པ་ཙམ་མ་ཟད་དཔེ་མཚོན་འགའ་ཞིག་ད་ལྟ་ཡོད་བཞིན་པ་དེ་ཡིན།
སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ཚེས་ ༢༢ ཉིན་ཁོ་བོ་ཡུལ་སྐོར་བ་མང་པོ་ཞིག་དང་མཉམ་ཨོ་རོ་ཝེ་ལེའི་ཞིང་འབྲོག་གི་སྐྱེ་ལྡན་ཟས་རིགས་ཐོན་བསྐྱེད་བྱ་སའི་ས་ཆར་བལྟ་སྐོར་དུ་ཕྱིིན། ཞིང་འབྲོག་ལས་མིའི་འཐུས་ཚབ་སྣེ་ཤན་པས་ཡུལ་སྐོར་བ་རྣམས་ལ་ཁོང་ཚོས་རྫས་ལུད་དང་འབུ་དུག་སོགས་བེད་སྤྱོད་མི་བྱེད་པར་སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་བྱ་སྟངས་དེ་རང་ལ་གཞི་བཅོལ་ཏེ་ས་ཞིང་འདེབས་པ་དང་འབྲོག་ལས་ཐོན་སྐྱེད་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་ཞིབ་ཕྲ་བྱས།
ཡུལ་སྐོར་བ་དང་སྣེ་ཤན་པའི་དབར་དྲི་ལན་མང་དག་བྱེད་པའི་སྐབས་ཤིག ཁོ་བོས། “ཉེ་ཆར་ཚན་རིག་པའི་ཞིབ་འཇུག་ཅིག་གི་ནང་རྫས་སྦྱོར་ཟས་རིགས་ལ་རྫས་དུག་གི་ཉེན་ཚབས་ཡོད་པའི་ཆ་ནས་ཉེན་ཁ་ཆེ་ཞིང་།  གཙང་འཁྲུ་མ་བྱས་པར་བེད་སྤྱོད་བྱ་ཡུན་རིང་ཚེ་ལུས་ཀྱི་དབང་པོའི་མ་ལག་ནང་རྫས་ངན་གྱི་ཁྱབ་ཤུགས་རྒྱས་ཏེ་ཚེ་སྲོག་འཕྲོག་རྒྱུའི་ཉེན་ཚབས་ཡོད་པ་ལས། དེ་མིན་ཟས་བཅུད་ཐད་སྐྱེ་ལྡན་དང་རྫས་སྦྱོར་གྱི་ཟ་བཅའི་དབར་བཟང་ཞན་དང་མང་ཉུང་གི་ཁྱད་པར་མེད་པའི་གནད་དོན་ཅིག་འགྲེལ་བཤད་བྱེད་ཀྱིན་ཡོད་སྟབས། ཁྱེད་རང་སྐྱེ་ལྡན་ཟས་རིགས་ལ་ལོངས་སྤྱོད་བྱེད་མཁན་ཞིག་ལ་མཐོང་ཚུལ་ཅི་ཞིག་ཡོད་དམ།” ཞེས་དྲིས་པར། སྣེ་ཤན་པ་དེས། “རེད།  ཚན་རིག་པ་ཚོར་དེ་འདྲའི་བཤད་སྲོལ་ཞིག་ཡོད་པ་རེད།  འོན་ཀྱང་ང་ཚོའི་དམིགས་འདུན་ནི་གནད་དོན་དེ་ཙམ་ཞིག་མིན་པར་ཁོར་ཡུག་གི་ཉེན་ཚབས་སྟེང་ནས་རང་བྱུང་ཁམས་ནང་རང་བྱུང་ཁམས་ཀྱི་གནས་བབ་དང་འཚམས་པའི་ལས་དོན་ཞིག་གཉེར་དགོས་རྒྱུ་དེ་གཙོ་བོ་ཡིན་པའི་དམིགས་འདུན་དང་འབྲེལ་ཡོད།”  ཅེས་འགྲེལ་བཤད་བྱས།  

འགྲེལ་བཤད་འདིས་བྱ་བྱིའུ་ཡི་སྐད་སྙན་སྒྲོག་པའི་སྔོ་ལྗང་གི་ཞིང་ས་དེ་ནས་འཇིག་རྟེན་ཐོག་གི་ཞིང་ས་མང་པོ་རྫས་སྦྱོར་བེད་སྤྱོད་ཀྱིས་འཕྲོ་བརླགས་སུ་འགྲོ་བཞིན་ཡོད་པ་དང་ཞིང་པ་མང་དག་ཅིག་ལ་ཚེ་སྲོག་འདོར་དགོས་པའི་ཉེན་ཚབས་ཅན་གྱི་དཀའ་ངལ་རིགས་ཤིག་འཕྲད་བཞིན་པའི་གནད་དོན་ཞིག་གི་སྟེང་བསམ་ཞིབ་མི་བྱེད་དཀའ་མེད་བྱུང་།   སྣེ་ཤན་པས།  “ཨོ་རོ་ཝེ་ལའི་ཡུལ་གྲོང་ནང་བེད་མེད་ཀྱི་དངོས་པོ་གཅིག་ཀྱང་མེད།” ཅེས་བཤད། ཁོས་བཤད་པ་བདེན་པ་རེད། ཁོང་ཚོས་ཆར་ཆུ་བདག་གཅེས་ཀྱིས་ཞིང་ཆུར་བེད་སྤྱོད་བྱེད་པ་སྨོས་ཅི། ཐ་ན་བ་ཕྱུགས་ཀྱི་གཅིན་པ་ཚུན་རང་གར་མི་སྐྱུར་བར་ཞིང་ལུད་དུ་བེད་སྤྱོད་བྱེད་ཀྱིན་འདུག ལག་ལེན་ལ་མཁས་ན་དུག་ཀྱང་སྨན་དུ་བསྒྱུར་ནུས་པ་ལྟར་བློ་རིག་དང་རྣམ་དཔྱོད་ལྡན་ན་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་སྙིང་པོ་ཅན་དང་འབྲས་བུ་ཅན་དུ་བསྒྱུར་ནུས་པ་རེད།  

འདི་ལྟའི་ལག་ལེན་དང་མྱོང་རྟོགས་ཟབ་པའི་སྤྱི་ཚོགས་དང་ཁོར་ཡུག་ནང་ཕན་མེད་ཀྱི་གད་སྙིགས་དང་རྒྱང་རིང་དུ་འདོར་དགོས་པའི་ཕྱག་བདར་གྱི་རིགས་ནམ་ཡང་ཕུང་གསོག་ཐེབས་དོན་མེད།   དེར་བརྟེན་འཇིག་རྟེན་ཁམས་ཀྱི་རང་བྱུང་གི་ཐོན་ཁུངས་འཕྲོ་བརླགས་ཆུད་ཟོས་སུ་མི་འགྲོ་བ་དང་སྣོད་ཀྱི་བཀོད་པ་མཛེས་སྡུག་ལྡན་པའི་ཞིང་ཁམས་ཤིག་ཏུ་གཅེས་ཉར་ཐུབ་པ།  བྱ་དངོས་ཡོད་ཚད་ལས་སྙིང་པོ་བླངས་ཏེ་གྱ་ནོམ་ཕུགས་འཕེར་གྱི་འཚོ་བ་ཞིག་ལ་རོལ་དགོས་ན། ཐོན་སྐྱེད་བསྐྱར་སྤྱོད་དང་ཕུགས་འཕེར་རྒྱུན་གནས་ཐུབ་པའི་ནུས་ཤུགས་[Sustainable Energy]བེད་སྤྱོད་བྱེད་པའི་ཤེས་ཡོན་ལ་དོ་སྣང་དང་ལག་ལེན་ངེས་པར་འཁེལ་ཐུབ་པའི་སྙིང་སྟོབས་བཅངས་དགོས། 
ཨོ་རོ་ཝི་ལའི་གྲོང་མི་རྣམས་ཀྱིས་མཚོན་པའི་འཇིག་རྟེན་ཐོག་གི་སྐྱེ་འགྲོ་རེ་འགས་རང་བྱུང་ཁོར་ཡུག་ཉམས་རྒུད་ཀྱི་ཉེན་ཚབས་འདི་ཉིད་ཛ་དྲག་ཏུ་ཚོར་ཏེ་སྲོལ་རྒྱུན་གྱི་འཚོ་ཐབས་ལ་སྐྱར་ལོག་གིས་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་བརྟན་པོ་ཞིག་ལ་མིག་ལྟ་བྱེད་ཀྱིན་ཡོད།    ཁོང་ཚོའི་འཚོ་ཐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་དང་མི་འདྲ་ལ།  མ་རྩ་རིང་ལུགས་ཀྱི་ལམ་སྲོལ་དང་ཡང་མི་གཅིག   ཁོང་ཚོས་སྤྱི་སྒེར་གཉིས་ཀའི་འཚོ་ཐབས་ལམ་སྲོལ་དེ་སྲ་བརྟན་ཕུགས་འཕེར་གྱི་རང་བཞིན་ལྡན་པ་གང་ཞིག་ལ་ཁོར་ཡུག་ལ་གཅེས་འཛིན་དང་ཐོན་ཁུངས་ལ་ཚད་བརྒལ་གྱི་བཤུ་གཞོག་མི་བྱེད་པ།  དེ་བཞིན་རང་བྱུང་ཐོན་ཁུངས་ཀྱི་དངོས་པོ་ཡོངས་རྫོགས་སྐྱར་སྤྱོད་ཀྱིས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་བཟང་པོ་ཞིག་གི་སྟེང་གཞི་རྟེན་བཅོལ་འདུག་ལ།  དེ་ལས་ཀྱང་གལ་ཆེ་བའི་རྨང་གཞིའི་ལྟ་གྲུབ་ཅིག་ནི་དགོས་མཁོ་ལས་བརྒལ་བའི་རྒྱུ་ནོར་གསོག་སྲུང་དང་རང་བྱུང་གི་ཐོན་ཁུངས་ལ་བཤུ་གཞོག་མི་བྱེད་པའི་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་ཞིག་གཞི་རྩར་བཟུང་ནས་མི་ཚེ་འབུད་ཀྱིན་འདུག  འདི་ལྟའི་འདོད་ཆུང་ཆོག་ཤེས་ཀྱི་འཚོ་ཐབས་འདི་མི་སྒེར་གྱི་འཚོ་བའི་ཁྱབ་ཁོངས་ཙམ་མིན་པར་ཨོ་རོ་ཝི་ལའི་སྤྱི་པའི་སྒྲིག་འཛུགས་ཀྱི་འཚོ་བར་ཡང་ཁྱབ་ཡོད། ཉི་འོད་ནུས་པ་བེད་སྤྱོད་ཀྱིས་ཁ་བཟས་གཡོས་སྦྱོར་བྱེད་པའི་གྲགས་ཅན་གྱི་ཉི་འོད་ནུས་པའི་ཐབ་ཚང་[Solar Kitchen]དེ་ཡང་གྲོང་སྡེ་འདིར་ཡོད།

ཉིན་རེའི་འཚོ་བའི་ནང་གི་དགོས་མཁོ་ཡོངས་རྫོགས་ཁྲོམ་རར་བརྟེན་པ་མ་ཡིན་པར་གྲོང་སྡེ་རང་ནང་ནས་ཐོན་སྐྱེད་དང་མཁོ་སྒྲུབ་བྱེད་བཞིན་ཡོད་སྟབས།   ཁྲོམ་རའི་དཔལ་འབྱོར་ལ་ཉམས་ཉེས་འབྱུང་དུས་ཉིན་རེའི་ཟ་ཆས་ཚུན་ལ་བརྡབ་གསིག་ཐེབས་རྒྱུའི་ཉེན་ཚབས་དེ་མེད་ཅིང་།  ཐོན་སྐྱེད་ཀྱི་རྒྱུ་སྤུས་ཞན་པ་དང་རིན་གོང་འཕར་ཆག་གི་དཀའ་ངལ་སོགས་འཕྲད་རྒྱུའི་ཉེན་ཚབས་ཀྱང་ཆུང་བ་ཡོད།  བཏུང་ཇ་ཕོར་གང་བཟོ་རྒྱུའི་འོ་མ་ཚུན་ཆད་ཁྲོམ་རར་བརྟེན་དགོས་པའི་འཚོ་ཐབས་ལམ་སྲོལ་ནི་ཞིབ་ཏུ་བསམ་ན་འཇིགས་སྣང་སྐྱེ་དགོས་པའི་གནས་སྟངས་ཤིག་ཡིན།  འཚོ་ཐབས་ལམ་སྲོལ་འདིར་སྲ་བརྟན་ཕུགས་འཕེར་གྱི་ཁྱད་ཆོས་མི་ལྡན་པ་ཙམ་མིན་པར་ཐོན་སྐྱེད་ཀྱི་རྒྱུ་སྤུས་ཀྱི་ཆ་ནས་ཀྱང་མིའི་འཕྲོད་བསྟེན་ལ་ཉེན་ཚབས་ཆེ་བའི་དོན་རྐྱེན་ཡོད་དེ།    ཁྲོམ་རའི་ནང་འགྲེམས་ཚོང་བྱེད་བཞིན་པའི་ཐོན་སྐྱེད་རྣམས་ནི་འགྲེམས་ཚོང་བྱེད་མཁན་གྱི་དཔལ་འབྱོར་གོང་འཕེལ་དང་འགྲེམས་འཚོང་བ་རྣམས་འབྱོར་ཕྱུག་ཅན་དུ་འགྱུར་བྱེད་ཀྱི་ཐབས་ལམ་དུ་སོང་ཡོད་པ་མ་གཏོགས།  ཐོན་སྐྱེད་ལོངས་སྤྱོད་བྱེད་མཁན་རྣམས་ཀྱི་ཁེ་ཕན་གྱི་ཆེད་དུ་མིན་སྟབས།  ཐོན་སྐྱེད་ཀྱི་དངོས་པོ་འདི་དག་གི་སྟེང་ན་མིའི་མིག་ལ་མཛེས་ཤིང་རྣ་ལ་སྙན་པ།  ལྕེ་ལ་ཞིམ་ཞིང་ལུས་ལ་འཇམ་པའི་ཁྱད་ཆོས་ཤིག་གཙོར་འདོན་བྱས་ཡོད་པ་མ་གཏོགས་མིའི་དོན་དམ་གྱི་འཕྲོད་བསྟེན་དང་ཕུགས་འཕེར་གྱི་ཁེ་ཕན་བསྐྲུན་པའི་ཁྱད་ཆོས་ཅན་ཞིག་ཏུ་ནམ་ཡང་བཟོ་བསྐྲུན་བྱེད་ཀྱིན་མེད།  འདིས་དེང་དུས་ཀྱི་ཐོན་སྐྱེད་ཕལ་ཆེར་ཞིག་རང་བྱུང་སྣོད་ཀྱི་བཀོད་པ་དང་བཅུད་ཀྱི་སེམས་ཅན་གཉིས་ཆར་ལ་ཁེ་ཕན་བསྐྲུན་རྒྱུའི་ཚབས་ལ་ཉེན་ཚབས་ཤིན་ཏུ་ཆེ་བའི་དངོས་པོའི་རིགས་ཤིག་ཏུ་འགྱུར་བཞིན་ཡོད་པའི་དོན་རྐྱེན་འདི་འབྱུང་གིན་ཡོད་པ་རེད།28

དེ་ལྟར་ཨོ་རོ་ཝི་ལའི་གྲོང་སྡེ་ནི་རྒྱལ་སྤྱིའི་ཁྱོན་ལ་རང་བྱུང་ཁམས་དང་བསྟུན་གཤིབ་ཀྱིས་ཇི་ལྟར་འཚོ་དགོས་པའི་བསླབ་བྱ་དང་སྐུལ་མ་གཏོང་མཁན་གྱི་གྲོང་སྡེ་ཞིག་ཡིན་ལ། ད་ལྟའི་དུས་རབས་འདིར་འབྱུང་ཁམས་ལ་བསྟུན་གཤིབ་བྱེད་པ་དང་འདོད་འདུན་ཚིམས་ངེས་ཀྱི་འཚོ་ཐབས་ལ་རོལ་རྒྱུ་གཉིས་ཕན་ཚུན་འགལ་མི་དགོས་པའི་དངོས་དོན་གསལ་པོར་སྟོན་པའི་དཔེ་མཚོན་གསོན་པོ་ཞིག་ཀྱང་ཡིན་སྟབས། ཨོ་རོ་ཝི་ལའི་འཚོ་ཐབས་ལམ་སྲོལ་ལ་མིག་དཔེ་བལྟ་དགོས། ཨོ་རོ་ཝི་ལས་འགྲོ་བ་མིའི་རིགས་ལ་ཁོར་ཡུག་ཉམས་རྒུད་ལས་ཇི་ལྟར་སྐྱོབ་ཐབས་ཀྱི་རྨང་གཞིའི་འགྲོ་ལམ་ཞིག་སྟོན་བཞིན་ཡོད། ཨོ་རོ་ཝི་ལར་ཕེབས་དང་། ཁྱེད་རང་བོད་པ་ཞིག་ཡིན་ན། ཨོ་རོ་ཝི་ལར་མཛེས་སྡུག་ལྡན་པའི་བོད་ཁང་[Tibet Pavillion]ཞིག་ཀྱང་ཡོད།

ཨོ་རོ་ཝི་ལ་ནི་ང་ཚོའི་མིག་དཔེ་ཡག་པོ་ཞིག་ཡིན་ཀྱང་ཚད་མཐོན་པོའི་ཉམས་ཆག་ནང་ལྷུང་བའི་ད་ལྟའི་ཁོར་ཡུག་གི་དཀའ་ངལ་སེལ་བར་མི་སྒེར་དང་ཚོགས་པ་བྱེ་བྲག་པའི་འགུལ་ཤུགས་ཀྱིས་རླབས་ཆེ་བའི་འགྱུར་ལྡོག་འདྲེན་པའི་ངེས་པ་མེད། དེས་ན་ཁོར་ཡུག་ཉམས་རྒུད་ཀྱི་གནད་དོན་སེལ་བར་རྒྱལ་སྤྱི་རང་བཞིན་གྱི་ལས་འགུལ་རྩོམ་དགོས་ལ། དེ་ཡང་རྒྱལ་སྤྱིའི་རྒྱལ་ཁབ་སོ་སོས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྟེང་ནས་རང་བྱུང་ཁོར་ཡུག་ལ་ལྟ་སྟངས་དང་ལག་བསྟར་ཇི་ལྟར་བྱེད་རུང་མིན་སྟངས་འཛིན་ཡོད་པའི་རྨང་གཞིའི་གནད་དོན་ཞིག་གི་སྟེང་ནས་ལས་དོན་སྒྲུབ་དགོས།
ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཅིག་གིས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མིག་མདུན་གྱི་ཁེ་ཕན་ཙམ་ཞིག་གཙོ་བོར་བཟུང་སྟེ་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ཁག་གི་གྲོས་ཆོད་དང་རྩ་འཛིན་ལ་བརྩི་སྲུང་མི་བྱེད་པ་མ་གཏོགས། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་པའི་རྒྱལ་སྤྱིིའི་ཚོགས་སྡེ་ཆེ་ཁག་གིས་ཁོར་ཡུག་ཉམས་རྒུད་ལས་སྐྱོབ་ཐབས་ཐད་རྒྱལ་སྤྱི་རང་བཞིན་གྱི་ལས་དོན་སྤེལ་ཐབས་ཀྱི་འཆར་གཞི་དང་ལག་བསྟར་བྱེད་མུས་སུ་ཡོད་པ་རེད།
ཉེ་ཆར་ཟླ་བ་ ༣ ཚེས་ ༡༨ ཉིན་འཛམ་གླིང་དངུལ་ཁང་ཚོགས་པའི་[World Bank Group]འགོ་འཛིན་ཇིམ་ཡོང་ཀིམ་ Jim Yong Kim གྱིས་ཇོར་ཇི་ཊའོན་གཙུག་ལག་སློབ་གྲྭར་[Georgetown University]གཏམ་བཤད་སྐབས་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ཤུགས་ཆུང་དུ་གཏོང་ཐབས་ཀྱི་ཐབས་ལམ་ལྔ་གསལ་སྟོན་བྱས་ཡོད་29 པ་ནི་དཔེ་མཚོན་ཙམ་ཞིག་ཡིན།

༤ གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་ཤུགས་ཆུང་དུ་གཏོང་ཐབས་ཀྱི་ཐབས་ལམ་ལྔ།


དཔྱད་གཞིའི་ལུང་ཁུངས།

27 ཨོ་རོ་ཝི་ལའི་གྲོང་སྡེའི་སྣེ་ཤན་པ་ལག་པ་གཡོན་པ་དཔུང་རྩ་ནས་རྩ་ཆད་ལ་སོང་བ་ཞིག་གིས་སྤྱི་ལོ་ ༢༠༡༡ ཟླ་བ་ ༡ ཚེས་ ༢༢ ཉིན་སྐྱེ་ལྡན་ཞིང་སའི་སྟེང་ནས་ཡུལ་སྐོར་བར་ཨོ་རོ་ཝི་ལའི་ཞིང་འབྲོག་ལས་རིགས་ངོ་སྤྲོད་བྱེད་ཞོར་བཤད་པའི་བརྗོད་ཚིག་ཅིག ཁོ་བོས་བྲིས་པའི་ཨོ་རོ་ཝི་ལར་བསྐྱོད་པའི་ཡུལ་སྐོར་ཟིན་ཐོ་ཞེས་པ་ཞིག་ལས་དྲངས།

28 གོང་གསལ་བརྗོད་ཚིག་འདི་དག་ཕལ་ཆེར་ཞིག་ཁོ་བོས་སྤྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༢ ནང་བྲིས་པའི་<<ཨོ་རོ་ཝི་ལར་བསྐྱོད་པའི་ཡུལ་སྐོར་ཟིན་ཐོ།>>ཞེས་པ་ནས་དྲངས་པ་ཡིན།

29 5 Ways to Reduce the Drivers of Climate Change,  March 18, 2015.
http://www.worldbank.org/en/news/feature/2015/03/18/5-ways-reduce-drivers-climate-change