༄༅།།གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གླེང་བ།

རྩོམ་པ་པོ། ཁྲི་གཡུང་དྲུང་།

རྩོམ་པ་པོ།
ཁྲི་གཡུང་དྲུང་།

དང་པོ། གནའ་བོའི་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས།
གཉིས་པ། གནའ་བོའི་བོན་གཞུང་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས།
གསུམ་པ། གནའ་བོའི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་ཉེས་དམིགས།
བཞི་པ། གནའ་བོའི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་བྱས་པའི་དགེ་ཕན།


དང་པོ། གནའ་བོའི་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས།

སྤྱིར་ལོ་ངོ་སྟོང་ཕྲག་མང་པོའི་གོང་རོལ་ནས་རང་རེའི་བོད་ཀྱི་མེས་པོ་རྣམས་ཀྱིས་“རང་བཞིན་གྱི་ཁ་ན་མ་མཐོ་བ་དང་། བཅོས་པའི་ཁ་ན་མ་མཐོ་བ་”1 སོགས་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུ་ལ་རང་བཞིན་གྱིས་འཛེམས་དོགས་བྱེད་ཅིང་། ཡ་རབས་སྤྱོད་བཟང་གི་ལས་ལ་འབད་ཅིང་ཕྱི་ཡི་ཁོར་ཡུག་དང་ནང་གི་འདུ་ཤེས་སོགས་གང་ཅིའི་ཐད་ནས་རང་བཞིན་གྱིས་རྒྱུད་དག་ལྡན་པ་ཞིག་ཡོད།

དེ་བཞིན་གནའ་བོའི་བོན་གྱི་དཔེ་རྙིང་<<གཟི་བརྗིད་>>སོགས་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་2 དང་། མ་ཟད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་ཐུགས་སྣང་ཆེན་པོ་གནང་བཞིན་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་སུ་གྱུར་པའི་ཆོས་དང་རིག་གཞུང་ཁག་དང་། དེ་དག་གི་མ་ལག་ལྟ་བུར་གྱུར་པའི་བོན་གྱི་ཡིག་རྙིང་གྲགས་ཅན་<<གཙང་མ་ཀླུ་འབུམ་དཀར་པོ་>>3 དང་། <<སྲིད་པ་སྤྱི་མདོས་ཆེན་མོ།>>4 <<སྲིད་པ་རྒྱུད་ཀྱི་ཁ་བྱང་>>5 སོགས་སུ་ཡང་ཕྱི་སྣོད་ཀྱི་རི་དང་ཡིད་དུ་འོང་བའི་ནགས་ཚལ། མཐའ་ཡས་པའི་རྒྱ་མཚོ་སོགས་ལ་སྲུང་སྐྱོབ་ཇི་ལྟར་ཞུ་དགོས་པ་དང་། མ་ཞུས་པའི་ཉེས་དམིགས། ཞུས་པའི་དགེ་ཕན་སོགས་གསུངས་ཡོད་པ་ནི་གནའ་བོའི་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱད་པར་ཅན་གྱི་རིག་གནས་རེད།

དེ་མིན་གནའ་བོའི་བོད་མི་ཚོའི་ཁ་རྒྱུན་ལ་ཡང་“ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་། རི་བཟང་བོ་སློག་ན་ས་མི་དགའ། དྲི་ངན་པ་བདུག་ན་གནམ་མི་དགའ་”ཞེས་པ་དང་། དེ་བཞིན་དུ་“སྲོག་གཅོད་སྡུག་ལ་མི་འཛེམས་པ། །མུ་སྟེགས་བདུད་ཀྱི་རིགས་སུ་གཏོགས།”6 ཞེས་གསུངས་སྲོལ་ཡོད་པ་ལྟར།  རི་སྐྱེས་གཅན་གཟན་རི་དྭགས་དང་། གཡུང་དྭགས་རྟ་དང་ནོར་ལུག ནམ་མཁའི་བྱ་བྱེའུ་སྣ་ཚོགས། ས་ཡི་འབའ་འབུའི་སྡེ་རིགས། ཐ་ན་སེམས་ཅན་སྲོ་ཤིག་ཙམ་ལ་ཡང་གནོད་འཚེ་བྱས་ན་ཚེ་འདིར་རིམས་ནད་མང་པོ་འབྱུང་བ་དང་། ཕྱི་མར་ཡང་ལྷོ་འཛམ་བུ་གླིང་མ་ཡིན་པའི་གླིང་ཁག་གཞན་གསུམ་དང་། ཡུལ་མཐའ་འཁོབ་ཀྱི་ཀླ་ཀློ་ཅན་དང་། ངག་དིགས་པ་དང་ལྐུགས་པ། ལྷ་ཚེ་རིང་བ་དང་ངན་སོང་གསུམ་བཅས་སུ་སྡུག་བསྔལ་ཁྱད་པར་ཅན་མྱོང་ངེས་པ་ཅན་ཡིན་བསམ་པའི་ཞེད་སྣང་དང་རང་བཞིན་ལྷན་སྐྱེས་ཀྱི་འདུ་ཤེས་དང་། གཤིས་བཟང་ཡ་རབས་ཀྱི་འདུ་ཤེས་བཟུང་ནས་ཉེས་མེད་ཉམ་ཆུང་གི་རི་སྐྱེས་སྲོག་ཆགས་ཀུན་ལ་བསམ་སྦྱོར་གཉིས་ཚོགས་ཀྱིས་སྲུང་སྐྱོབ་བྱེད་པ་ལྟ་བུ་དང་།

དེ་མིན་གཞན་གྱི་དངོས་པོ་རྩ་ཆེ་ཆུང་ཅི་ཡིན་ཡང་མ་བྱིན་ལེན་པ་དང་རྐུ་འཕྲོག་སོགས་བྱས་ན་སྐྱེ་བ་ཕྱི་མར་དེ་ཡི་ལན་ཆགས་འཁོར་ནས་གནས་ངན་ལེན་དུ་སྐྱེས་ནས་ཟས་གོས་ཅི་ཡོད་གཞན་གྱིས་འཕྲོག་སྟེ་རང་ལ་ཏིལ་འབྲུ་ཙམ་ཡང་མི་དབང་བའི་རྣམ་སྨིན་འཁོར་བར་བསམ་པ་དང་། དེ་མིན་ཚུལ་མིན་གྱི་ལོག་གཡེམ་དང་དེ་བཞིན་ངག་གི་ཕྲ་དབྱེན་སྦྱོར་དང་ཡིད་ཀྱི་ངན་སེམས་གནོད་སེམས་འཆང་བ་སོགས་སྤངས་པའི་དགེ་བ་དང་མ་སྤངས་པའི་ཉེས་པར་བཤགས་པ་བཅས་བོད་རང་གི་གནའ་བོའི་ཡ་རབས་ཀྱི་སྤྱོད་བཟང་འདི་དག་ནི། སེམས་རྒྱུད་ཆོས་ཀྱིས་བརླན་པའི་ཁྱད་ཆོས་ཁོ་ན་ཡིན་པས་འགྲོ་བ་གཞན་དག་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཡིན།

གཉིས་པ། གནའ་བོའི་བོན་གཞུང་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས།

◄ མདུན།  རྒྱབ། ►


དཔྱད་གཞིའི་ལུང་ཁུངས།


1 བསྟན་པའི་སྲོག་ཤིང་འདུལ་བའི་བསླབས་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།  མཉམ་མེད་ཤེས་རབ་རྒྱལ་མཚན། ༢༠༠༣ལོར་སྨན་རིའི་བཤད་སྒྲུབ་འདུས་སྡེའི་དཔར་མ། ཤོག་ངོས་༣༢ལས་གསལ།

2 རྒྱས་པ་དྲི་མེད་གཟི་བརྗིད་པོད་བཅུ་གཉིས་ཅན། འབྲིང་པོ་གཟེར་མིག་པོད་གཉིས། བསྡུས་པ་མདོ་འདུས་པོད་གཅིག་བཅས་ཡོད་པ་དེ་དག་གི་ནང་དུ་རི་དྭགས་དང་བྱ་རིགས་སོགས་བྱུང་སྟངས་ཀྱི་གཏམ་རྒྱུད་ལོ་རྒྱུས་ཞིབ་རྒྱས་ཡོད།

3 གཙང་མ་ཀླུ་འབུམ་དཀར་པོ། སྟོན་པ་གཤེན་རབ་ཀྱི་བཀའ།  ༢༠༡༠ལོར་ན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།

4 སྲིད་པ་སྤྱི་མདོས་ཆེན་མོ། ར་སངས་ཁྲི་ནེ་ཁོད། ༢༠༠༢ལོར་མཁར་རྨེའུ་བསམ་གཏན་གྱིས་ཉི་ཧོང་དུ་དཔར་བསྐྲུན་བྱས་ཡོད།

5 སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན། ༢༠༡༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།

6 བོན་གྱི་འདུལ་བའི་བསླབ་བྱ་འཕྲུལ་གྱི་སྒྲོན་མེ། མཉམ་མེད་ཤེས་རབ་རྒྱལ་མཚན། ༢༠༡༢ལོར་སྨན་རིའི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། ཤོག་ངོས་༢༣ལས་གསལ།