མི་སྣ་ངོ་སྦྲོད།
བཀྲ་ཤིས་བཟང་པོ།
བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ།
༄༅། །བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ་འམ་མིང་གཞན་བྱིའུ་རྫི་རུ་འབོད་ཞིང་།
ཁོ་ནི་ ༡༩༧༠ ལོར་མཚོ་སོན་མགོ་ལོག་ཁུལ་གཅིག་སྒྲིལ་དཔལ་ཡུལ་ཡུལ་ཚོ་རུ་སྐྱེས། ལོ་བཅུ་གསུམ་གྱི་སྐྱེང་ནས་དཔལ་ཡུལ་དར་ཐང་དགོན་དུ་རབ་ཏུ་བྱུང་ཞིང་ཀློག་བསླབ། ལོ་༡༥ནས་༡༧དགོན་པའི་མཆོད་ཆེན་དང་༡༨ནས་ཐིག་དཔོན་གྱི་འགན་ཁུར་ཞོར་ཐུན་མོང་གྱི་རིག་གནས་ལ་སྦྱངས། ༡༩སྟེང་ཨ་མཆོག་མཚན་ཉིད་དགོན་དང་བླ་བྲང་སོགས་ནས་སློབ་སྦྱོང་བས། ལོ་༢༥སྟེང་ཕྱིར་རང་དགོན་དུ་ལོག་དེ་དབུ་ཕར་སོགས་ལ་སྦྱང་བ་བྱས་ཤིང་ལོ་༢༧སྟེང་དར་དགོན་ནས་མཁན་པོ་ཡི་མཚན་རྟགས་གནང༌། དེ་ནས་ལོ་བཞིའི་རིང་ལ་དགོན་དེ་ནས་ཐུན་མོང་རིག་གནས་ཀྱི་དགེ་རྒན་བས།
༢༠༠༠ལོ་ནས་རང་གྱི་དགའ་ཕྱོགས་ལྟར་དབུས་གཙང་སོགས་སུ་དཀའ་བ་མར་དཀའ་བ་སྤྱད་ནས་འདབ་ཆགས་ལ་རྟོག་ཞིབ་འཇུག་བྱས་ཞིང་གསོན་ཉམས་ལྡན་པའི་རི་མོ་བྲིས། ཞོར་དུ་སྐབས་འགར་རྭ་རྒྱ་ཤེས་རིག་ནོར་བུའྱི་སློབ་གྱིང་དང༌། གསེར་རྟ་མཐོ་སྒང་དབང་བོ་སྐྱོན་ཅན་ཉི་འོད་ལག་རྩལ་སློབ་གྲྭ་སོགས་ཀྱི་དགེ་རྒན་ཡང་བྱས། སྔ་གཞུག་ཏུ་བོད་ཁམས་ཡོངས་ལ་ལན་གྲངས་ལྔ་ཙམ་ལ་ཞིབ་ཉུལ་གྱིས་བོད་ཀྱི་འདབ་ཆགས་རྟོག་ཞིབ་བགྱིས། ད་ལྟ་བོད་ཁམས་ཀྱི་འདབ་ཆགས་མ་ལུས་པ་མཐོང་མོང་ཡོད་ལ། དེའི་ནང་གི་འདབ་ཆགས་སུམ་བརྒྱ་ལྷག་གྱི་འདྲ་རིས་བྱང་བྲིས་ཡོད།
མི་འགྱང་བར་བོད་ཁམས་འདབ་ཆགས་དཔེ་རིས་ཀྱི་དབེ་དེབ་བཅིག་རྒྱ་ཆའི་གཟིགས་པ་པོ་དག་གྱི་སྤྱན་སྔར་འབུལ་རྩིས་ཡོད། ཞར་དུ་བན་བོན་གྱི་དཔེ་ཆ་མང་བོ་ལྟ་ཀློག་གྱིས་བོད་ཀྱི་འདབ་ཆགས་སོགས་སོག་ཆགས་ཀྱི་ མིང་དང་དམངས་ཁོད་ཀྱི་བཤད་པ་དང་གཏམ་རྒྱུད་མང་བོ་འཚོལ་སྡུད་བྱས། ༢༠༠༧ ལོར་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སོབ་ཚོགས་པ་བཙུགས་པར་སྲིད་གཞུང་ནས་རྒྱབ་སྐྱོར་དང་ཆོག་མཆན་ཐོབ། ཚོགས་པ་དེ་ཁོང་དང་དགའ་ཕྱོགས་མཐུན་པའི་གྲོགས་པོ་མང་བོས་རམ་འདེགས་ཀྱི་འོག་རྒྱལ་ནང་དུ་མིང་གྲགས་ཆེ་ཙམ་བྱུང་ཞིང་། སྔ་གཞུག་ཏུ་རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་དང༌། གནམ་གཤིས་འཕོ་འགྱུར་སོགས་ཀྱི་ཚོགས་འདུར་ཞུགས་ཤིང་དེའི་སྟེང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་གྲུབ་བསམ་བློ་ལག་ལེན་སོགས་ཀྱི་གཏམ་བཤད་བགྱིས་པར་གདེངས་འཇོག་ཆེན་པོ་ཐོབ་པའི་མི་ཞིག་ཡོན་ནོ། །


