བོད་ཀྱི་གཡུ་བཤད་པ།

ཨ་སྐྱབས་རྒྱལ་སྲས།

བོད་དུ་གཡུའི་རིག་གནས་དང་གྲུབ་ཚུལ་ཆོས་ལུགས་སུ་ཐོབ་ཐང་དང་སྤྱོད་སྒོ་སོགས་ལ་ཅུང་ཟད་དཔྱད་ཡོད།

གནད་ཚིག གཏེར་ཁ། གཡུ་མཆོག འབྱུང་ཁུངས། རིན་ཐང་། མཚོན་དོན།

འདིར་བོད་ཀྱི་གནའ་རབས་མེས་པོ་རྣམས་ཀྱིས་གསེར་སྔོག་འདོན་དང་། བཀོལ་སྤྱོད། རིན་ཐང་སོགས་དང་། བོད་ཀྱི་གནའ་བོའི་ལོ་རྒྱུས་སུ་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། དམག་འཐབ་སོགས་སུ་མེད་དུ་མི་རུང་བ་ཞིག་ཡིན་པར་བརྗོད་ཡོད།

ཐ་སྙད་གཙོ་བོ།   གསེར།   ལོ་རྒྱུས།  གཏེར་ཁ།   གསེར་གྱི་ཁྲོག

བོད་ཀྱི་གཡུ
གླེང་གཞི།

བོད་དུ་གཏེར་ཁའི་རིགས་མང་བ་ནི་བོད་ཀྱི་མཁས་པ་ཀརྨ་ཆག་མེད་དང་ཀརྨ་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱིས་མཛད་པའི་རིན་པོ་ཆེ་བརྟག་ཐབས་ཀྱི་གཞུང་མང་བོ་ཡོད་པ་ལས་ཤེས་ནུས་ཏེ། གསེར། དངུལ། ཟངས། ལྕགས། ལི། ཛི་ཀྴིམ། ར་གན། མཁར་བ། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ། པདྨ་ར་ཀ  དུང་། སྦུབ། སིལ་སྙན། དྲིལ་བུ། དཀར་ཡོལ། གོས་ཆེན་གྱི་རིགས་འགའ་ཞིག་བཅས་ལ་བརྟག་ཅིང་དཔྱད་ཚུལ་ཡོད་ཅིང་། གཟི་དང་། ཁྲ་མན། ཁྱུང་སྐྱུག ནལ་ལ་སོགས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང་། གསེར་དང་། དངུལ། ཟངས། ལྕགས་ལ་སོགས་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་སོགས་གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་ཐོན་གྱིན་ཡོད།  

ལྷ་ས་ལྟ་བུ་ལ་མཚོན་ན།  རིན་ཆེན་སྣ་བཞི། གསེར། དངུལ། ཟངས། ལྕགས་བཅས་བཞི་ཡོད་དེ། དཔེར་ན། ལྷ་སའི་ཤར་ཕྱོགས་སྒར་པའི་ཇོ་མོ་ཟེ་སེའི་རི་ལ་ལྕགས་ཀྱི་གཏེར་དང་། བྱང་ཕྱོགས་ཀྱི་ར་ཁ་བྲག་ལ་ཟངས་ཀྱི་གཏེར་ཁ། ནུབ་ཀྱི་ལ་དོང་གི་སྣེའུ་བྲག་ལ་དངུལ་གྱི་གཏེར་ཁ། ལྕགས་ཁ་རི་ལ་གསེར་གྱི་གཏེར་ཁ་ཡོད།[1] ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ས་རྒྱ་མ་ཁྲི་སྒང་དུ་གཏེར་ཁ་མི་ལོ་བཅུ་ཕྲག་དུ་མར་བསྔོག་འདོན་གྱིས་ད་ལོར་ཞིས་ཅིན་ཕིན་ཀྱིས་ གནམ་སྔོན་པོ་དང་ཆུ་དྭངས་མོ་ནི་གསེར་རི་དང་དངུལ་ཆུ་ཡིན་པའི་བླང་བྱ་བཏོན་པ་ལྟར་ཆེ་དགྲ་ལྷས་མཚམས་འཇོག་གནང་བ་དགའ་འོས་པའི་གཏམ་ཡིན།

སྐབས་འདིར་བོད་ཀྱིས་གཡུ་ལོ་དངོས་འཛིན་བྱེད་སྟངས་དང་བོད་དུ་གཡུའི་རིག་གནས་དང་རིན་ཐང་ཇི་འདྲ་དར་བ་སོགས་ནང་དོན་གནད་བསྡུས་དང་། ཡང་ཚན་རིག་དང་མཐུན་པའི་སྒོ་ནས་གཡུ་གྲུབ་ཚུལ། གཞན་ཡང་ཆོས་ལུགས་སུ་གཡུ་ལ་ཐོབ་ཐང་དང་སྤྱོད་སྒོ་ཇི་འདྲ་ཡོད་མེད་སོགས་ལ་ཅུང་ཟད་དཔྱད་ཡོད།

 

[1] སྦྱོར་བའི་ཆོས་དྲུག་གི་ཟིན་བྲིས། དབྱངས་སྨོན་ལམ། 

གཡུའི་མིང་གི་རྣམས་གྲངས།

རིན་པོ་ཆེའི་རྒྱལ་བོ། རྡོའི་རྒྱལ་བོ། བི་རཱ་ཛ། སྔོན་ཆད་རྒྱ་ནག་གིས་བོད་སྐད་ཟུར་ཆག་ནས་གཡུ་ལ་ཡུད་玉ཅེས་འབོད། ད་ལྟ་རྒྱ་ཡིག་ཏུ绿松石ཕྱིས་སུ་གཡུ་ཡི་ཐོན་ཁུངས་དཀོན་པས་གཡང་ཊི་ལ་འགྱུར་བ། བཤད་སྲོལ་ལ་རྒྱའི་རྒྱལ་བོ་ཀྲིག་མོའུ་ཝང་བོད་དུ་ཨ་ནེ་གོང་མ་རྒྱལ་མོར་འཇལ་ཁ་ཞུ་རུ་ཡོང་དུས་ཨ་ནེ་ཡིས་གཡུའི་གཏེར་རི་ཞིག་གནང་བར་བཤད། གཡུ་ཞེས་པའི་མིང་འདི་བོད་སྐད་གཙང་མ་ཡིན་ཞིང་། དོན་དུ་མདོག་སྔོན་པོ་ཅན་གྱི་རྡོ་ཡི་མཆོག་ལ་གོ་བ་ཡིན། དབྱིན་སྐད་ལ་ཏུར་ཁོ་ཡེ་སེ་(Turquoise) ཟེར།

གཡུ་ཡི་ཆོས་མིང་ལ་ཐོགས་པ་གཡུང་དྲུང་བོན། དང་པོར་གཡུ་དྲུ་རུ་འབོད། ས་མིང་ལ་གཡུ་ཐོགས་ཟམ་པ། གནས་རི་ལ་གཡུ་རི་རྩེ་རྒྱལ། གསེར་རི་གཡུ་གཤོག་དང་། མི་མིང་ལ་གཡུ་ཐོགས་པ་ནི་གཡུ་ཐོག་གསར་རྙིང་གཉིས། གཡུང་སྟོན་རྡོ་རྗེ་དཔལ། མཚོའི་མིང་ལ་མ་ཕམ་གཡུ་ཡི་མཚོ། ཡར་འབྲོག་གཡུ་མཚོ།  ཡི་དམ་ལ་རྒྱལ་མོ་གཡུ་ཁྲི། གྲོང་ཁྱེར་གྱི་མིང་ལ་གཡུ་གླིང་། འབྲུག་ལ་གཡུ་འབྲུག་སྔོན་མོ་དང་།  བསང་ལ་གཡུ་བསང་གཡུ་དུད། མེ་ཏོག་གཡུ་མདངས་ཅན། དེ་མིན་རིན་པོ་ཆེའི་གཡུ་འདི་གནའ་བོའི་སྲིད་པའི་ཆོས་ལུགས་ནས་བོན་པོའི་གཡུང་དྲུང་བོན་དུ་བཏགས་པ་ལྟར་མཆོད་པའི་རྫས་མེད་དུ་མི་རུང་བ་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད།

ཡང་ན་བོད་པའི་སྤྱི་ཚོགས་འཚོ་བའི་ནང་དུ་འདྲེས་པའི་ཐ་སྙད་ལ་གཡུ་ཤུབ་དང་། གཡུ་ཡི་པད་ལོ། གཡུ་ཡི་བུམ་པ། གཡུ་ཡི་དྲིལ་ཆུང་། མཐིང་གུར་གཡུ་ཡི་ཡ་གད། གཡུ་ཡི་ནེ་ཐང་། གཡུ་ཡི་རལ་གྲི་སོགས་ཤིན་ཏུ་མང་ངོ་།

གཡུའི་རིགས་དབྱེ་བསྟན་པ།

བོད་ཀྱི་ངོས་འཛིན་ལུགས་ནི། གཡུ་རྙིང་གསུམ། བར་གཡུ་གཉིས། གཡུ་གསར་གསུམ་དང་བརྒྱད་དུ་དབྱེ་བ་ཡིན།[1] གཡུ་རྙིང་གསུམ་ནི། སྔོ་ཞིང་དཀར་ལ་བཀྲག་མདངས་ཆེ་ལ་མུན་པར་ཡང་མཐོང་བ་དེལ་དྲུག་དཀར་དང་། སྔོ་ཞིང་དམར་མདངས་ཆེ་ལ་སྣུམ་པ་དྲུག་དམར། དེ་གཉིས་ཟིལ་གྱིས་གནོན་པ་དྲུག་དཀར་ལས་ཅུང་སྔོ་བ་ལ་གཡུ་སྦྱང་[ལྗང]ཟེར་ཏེ་སྨན་ལ་ཡང་འདི་གསུམ་མཆོག་ཡིན་ཤིང་ནུས་པ་ཆེ།

བར་གཡུ་གཉིས་ནི། དྲུག་དཀར་འདྲ་ལ་དེ་ལས་བཀྲག་ཆུང་ཞིང་འོ་ཁ་ཅན་གྱི་གཡུ་སྔོན་ཡིན། དྲུག་དམར་ལས་ཅུང་གསར་ལ་མདངས་ཞན་པ་བར་དམར་ཏེ་འདི་གཉིས་ནུས་པ་འབྲིང་ཙམ་ཡིན།

གཡུ་གསར་ནི་རིགས་དབྱིབས་མ་ངེས་པ་གསར་ཉམས་ཅན་ནི་རྒྱ་གཡུ་ལྟ་གཡུ་བ་ཡང་ཟེར། ཤིན་ཏུ་གསར་བ་སྔོན་ནེ་འདྲ་ལ་རྡོ་སྲ་མཁྲེགས་དཀར་གོང་འདྲ་བ་འབྱར་བའི་འབྲུམ་པ་ཅན་གཡུ་རོ་དང་། ཁ་དོག་ཞན་པ་སེར་ཁ་དབྱིབས་གསར་རྙིང་མ་ངེས་པ་ལ་དྲུག་སེ་ཞེས་མཐའ་མར་བརྩི།

རིན་པོ་ཆེ་བརྟག་ཐབས་མདོར་བསྡུས་ཉུང་གསལ་ལས། གཡུ་རིགས་ལྔ་ཙམ། གཡུ་སྦྱང་[ལྗང] གྲུ་[དྲུག་]དཀར་བར་གཡུ་དང་།  མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ། །སུལ་མེད་དྲེག་མེད་གྲུ་དཀར་གྲུ་དམར་གཉིས། །ཟིལ་གནོན་གཡུ་སྦྱང་[ལྗང]ནོར་བུ་སྤུག་ཅེས་གྲགས། ། སུལ་མང་དྲེག་ལྡན་གཡུ་སྦྱང་ [ལྗང]མདོག་འདྲ་ཡང་། ། རིན་ཐང་ཆུང་ཞིང་གྲུ་དཀར [དྲུག་དཀར] གྲུ་དམར་[དྲུག་དམར་]ཟེར། ཞེས་གཡུའི་རིགས་དབྱེ་བསྟན་ན་ཡང་། གང་ལྟར་རུས་སྲ་ཞིང་མཁྲེགས་ལ་ངར་ཆེ་བ་ལྷད་གཞན་མ་འདྲེས་པ་བཟང་།

བོད་པས་གཡུ་དམར་བཙན་གྱི་གདོང་ཞེས་འབོད་པ་དེ་དམར་ཤས་ཆེ་བའི་གཡུ་གྲུ་དམར་ཡིན། དངོས་གནས་བཤད་ན་གཡུ་འདི་ཤིན་ཏུ་དཀོན་པ་ཞིག་ཡིན། སྔར་རྒྱ་ནག་གི་ལོ་རྒྱུས་ཐོག་གཡུ་དྲུག་དམར་དམར་རྐྱང་གི་འཁོར་ས་ཞིག་ཡོད་མྱོང་འདུག རྒྱ་ནག་པས་ཀྱང་གཡུ་ལ་རིགས་བཞི་ཙམ་ཕྱེས་ཡོད། དེང་སང་གི་ཚོང་རའི་ཐོག་རྒྱུ་གཡུ་དང་ཨ་མེ་རི་ཀའི་གཡུ་སྔོན་གནམ་མདོག་ཅན་བོད་པས་གཡུ་ལྗང་ཞེས་པ་དེ་ཚོའི་རིགས་མང་ངོ་།

 

[1] ཤེལ་གོང་ཤེལ་ཕྲེང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།

གཡུ་གྲུབ་ཚུལ།

གཡུ་ནི་གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་མདོག་ལྗང་གུ་དང་དབྱིབས་སྣ་ཚོགས་ཡོད། མཁའ་རླུང་དང་ཡུན་རིང་འཕྲད་པས་རིམ་བཞིན་སྲ་རུ་འགྲོ་བས་རྡོ་ལྟར་སྲ་བ། སྨན་རྫས་བྱས་ཆོག་ལ་རྒྱན་ཆའང་བྱས་ཆོག་པ་ཞིག་ཡིན། གྲུབ་ཆ་ནི CuAl6(PO4)(OH)8.5H2O ཡིན་ལ། སྲ་ཚད5~6 ºདང་། བསྡུར་ལྗིད་ ཁེ 2.6~2.8 ཡོད། ཐོན་ཡུལ་མི་འདྲ་བས་གྲུབ་ཆའི་འདྲེས་ཚད་ལ་ཡང་ཁྱད་པར་ཡོད་པས་ཁ་དོག་དང་མཚན་ཉིད་ལ་ཡང་དེ་མཐུན་གྱི་ཁྱད་པར་ཡོད་པ། དེ་ཡང་བོད་ཡུལ་ནས་ཐོན་པའི་གཡུ་ནི་རིན་ཆེན་གཡུ་མཆོག་ཏུ་གྱུར་བ་ཨང་དང་བོ་ཡིན། ཚན་རིག་གི་བཤད་སྟངས་ལྟར་ན་གཡུ་ནི་ས་འོག་གི་གཏེར་འགྱུར་གྱི་རྡོ་རིམ་པ་གཉིས་པ་གཏེར་དུ་འགྱུར་ཁ་མའི་སྐབས་སུ་ལི་ཡི་རྫས་རྒྱུ་རིགས་ཤིག་དང་ཕྲད་པ་ལས་གཡུ་འབྱུང་བར་བཤད་ལ་སྤུས་ཚད་དམ་ཤིང་ཁ་དོག་ལ་སྔོ་དཀར། སྔོ་ལྗང་། སེར་ལྗང་སྟེ་རིགས་གསུམ་དུ་འདོད། 

གཡུ་ཡི་གྲུབ་ཆ་ནི་མུ་ཟི་དང་། ཧ་ཡང་། ཟངས། ལྕགས་སོགས་རྡོ་ཡི་གཡའ་དྲེགས་ལས་ཆགས་པས། དེ་འདྲའི་གྲུབ་ཆ་མ་གཅིག་པའི་རྐྱེན་གྱིས་གཡུ་མདོག་དང་གཡུ་རིས་ལ་མི་འདྲ་བའི་ཁྱད་པར་ཐོན། དེང་སང་བོད་ཡུལ་ནས་འདོན་པའི་བོད་གཡུ་དང་རྒྱ་གར་དང་ཁ་ཆེ་ནས་ཐོན་པ་ཡོད་ཚད་ལ་གཡུ་རྙིང་ཞེས་རྩིས་ཆེར་འཛིན། གཞན་པ་རྒྱ་ནག་དང་ཨ་རི་ནས་ཡོང་བའི་གཡུ་ལ་གཡུ་གསར་ཞེས་གཡུ་མང་པོ་ཞིག་ནི་གཡའ་རྩི་བྱུགས་པའི་གཡུ་རྫ་དང་གཡུ་རོ། གཡུ་བཅོས་མ་ཡང་ཡོད།

གཡུ་གྲུབ་ཚུལ་ལ་བོད་ཀྱི་བསྟན་བཅོས་ལས་བསྟན་པ་ནི། འབྱུང་བའི་ངང་དུ་མ་འདུས་གང་ཡང་མེད།[1] ཅེས་ཆོས་ཡོད་དོ་ཅོག་འབྱུང་བའི་ངང་ལས་གྲུབ་ཏེ་དང་པོ་སྲིད་ནས་བར་དུ་ཆགས་པ། མཐའ་མར་འཇིགས་པ་སོགས་ཀྱང་འབྱུང་བས་བྱས་པ་ཡིན་པར་སྨྲ་ལ། ཡང་ན། གཡུ་ཡི་གནམ་ཡོལ་ཀན་གྱི་ཕ། །གསེར་གྱི་ས་གཞི་ཀུན་གྱི་མ། །ཞེས་རིན་པོ་ཆེ་གཡུ་ཡི་གནམ་ལས་གྲུབ་ཅིང་གནམ་ཡོལ་ཀན་གྱི་ཕ་ལྟ་བུ་གོ་ཐོབ་དང་། རིན་ཆེན་དང་པོ་གསེར་ནི་ས་གཞི་ཀུན་གྱི་མ་ལྟ་བུའི་གོ་ཐོབ་ཡོད།

ཡང་ན་ཕྱི་འབྱུང་ལྔའི་སྙིང་བོ། གནམ་གྱི་སྙིང་བོ་གཡུ། ས་ཡི་སྙིང་བོ་གསེར། མེ་ཡི་སྙིང་བོ་མཆོང་། ཆུ་ཡི་སྙིང་བོ་ཤེལ། རླུང་གི་སྙིང་བོ་དངུལ། ཞེས་དང་གསང་སྔགས་ལས་འབྱུང་ལྔའི་རླུང་གི་སྙིང་བོ་ལྕགས། མེ་ཡི་སྙིང་བོ་ཟངས། ཆུ་ཡི་སྙིང་བོ་དངུལ། ས་ཡི་སྙིང་བོ་གསེར། གནམ་གྱི་སྙིང་བོ་གཡུ་ཞེས་པ་སོགས་གཡུ་ཇི་ལྟར་གྲུབ་ཚུལ་གྱི་རིག་གནས་མང་པོ་ཞིག་ཡོད།

 

[1] དག་པ་གསེར་གྱི་མདོ་ཐིག་ལས།

རིན་ཆེན་གཡུ་མཆོག་བོད་ཡུལ་ནས་འབྱུང་བར་བསྟན་པ།

དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་ཤེལ་ཕྲེང་ལས་བོད་ཀྱི་གཡུ་ངོས་འཛིན་ལུགས་བསྟན་མ་ཐག་འདི་རྣམས་ནི་རྒྱ་གར་ན་ཡེ་མེད་པས་མཚོ་མ་དྲོས་པའི་གཏིང་ན་ཡོད་པས། ཟླ་བ་བདུན་པའི་དུས་ཆར་ཞོད་ཆེ་དུས་མཚོ་ལས་འབབ་པའི་ཆུ་འབྲུབས་པས་བོད་གངས་ཅན་དུ་ཐོར་བུ་འབྱུང་བར་གསུངས་ལ། རིན་པོ་ཆེ་བརྟག་ཐབས་མདོར་བསྡུས་ཉུང་གསལ་ལས། གཡུ་རིགས་ལྔ་ཙམ་བསྟན་ཏེ་འབྱུང་ཁུངས་གངས་ཅན་བོད་ཀྱི་བྲག་མ་གཏོགས། །འཛམ་གླིང་ཡུལ་གྲུ་ཀུན་ལས་མི་འབྱུང་བཤད་ལ། །འབྲིང་དང་ངན་པ་ཡུལ་གྲུ་ཀུན་ནས་ཐོན། །ཞེས་གསུངས་བར་གཞིགས་ན་བོད་ཀྱི་བྲག་མ་གཏོགས་པའི་འཛམ་གླིང་ཡུལ་གྲུ་ཀུན་ནས་མི་འབྱུང་བཤད་པ་ལས་ཀྱང་བོད་ཀྱི་མེས་པོ་གོང་མ་དག་གིས་གཡུའི་ངོ་བོ་དང་དབྱེ་བར་ཉམས་ཞིབ་གནང་བའི་ཚུལ་དེ་གསལ་བོར་རྟོགས་ནུས།

བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་བན་ཤུལ་བས་གཡུའི་རིགས་ནི་གང་ནས་ཇི་ལྟར་ཐོན་ནམ་ཞེས་པར། གཡས་རུའི་སྟག་ཚང་གི་མཁས་པ་ཆེན་པོ་དཔལ་འབྱོར་བཟང་པོས་སྤྱི་ལོ་༡༤༣༤ལོར་མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་(མཆན་གཉིས་པ) ན། བོད་རྒྱལ་དེས། རྒྱ་དང་། གྲུ་གུ་བཏུལ། ཉང་སྦལ་སྣོན་དང་གསུམ་མངའ་འོག་ཏུ་བསྡུས། གྲུ་གུའི་གཡུ་རྙིང་། དྲེལ་རྒྱབ་བཅོ་བརྒྱད། བོད་དུ་སླེབས་པ་དེ་དུས་ཡིན་ཟེར་བར་འདུག་ཅེས་ཡབ་གནམ་རུ་སྲོང་བཙན་གྱི་སྐུ་དུས་སུ་བྱང་ཕྱོགས་གྲུ་གུའི་ཡུལ་ནས་གཡུའི་རིགས་བོད་དུ་དྲངས་བའི་ལོ་རྒྱུས་གསལ་བོར་འཁོད་ཡོད་ནའང་གང་ཟག་སུ་ཞིག་གིས་དྲངས་པ་སོགས་བྱེ་བྲག་གི་གནས་ཚུལ་གང་ཡང་མི་གསལ། ཡིན་ནའང་སྟབས་ཡག་པ་ཞིག་ལ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་ (༡༦༡༧ནས་༡༦༨༢) མཛད་པའི་རང་རྣམ་དུ། སྒེར་རལ་ས་འཛིན་གྱིས་གྲུ་གུའི་ཡུལ་ནས་གཡུ་རྫིང་བདུན་དྲངས་པར་གྲགས་ཤིང་བོད་ཀྱི་ཆོས་རྒྱལ་མེས་དབོན་གྱི་དུས་སུ་གཡུའི་རྣ་རྒྱན་དང་བླ་གཡུ་སོགས་རིན་པོ་ཆེའི་ཅི་རིགས་སྤྲོས་སྲོལ་ཡོད་འདུག་ཅེས་གསལ་ཡོད།[1]  

འདི་དང་འགྲོས་མཐུན་པར་བྲག་དཀར་རྟ་སོ་སྤྲུལ་སྐུ་མི་ཕམ་ཆོས་ཀྱི་དབང་ཕྱུག་གིས། གྲུབ་ཐོབ་ཀྱི་སྒེར་དང་གསུམ་ལས་རིམ་པར་མི་རབས་ཉེར་ལྔ་བ་ན་སྒེར་རལ་ས་འཛིན་གྱིས་གྲུ་གུའི་ཡུལ་ནས་གཟིགས་བདུན་གྱིས་གཡུའི་ཟོང་དྲངས་པར་བཤད་མོད།[2] ཉམས་ཞིབ་པས་གཡུའི་རིགས་ནི་གནམ་རུ་སྲོང་བཙན་གྱི་སྐུ་དུས་སུ་བྱང་ཕྱོགས་གྲུ་གུའི་ཡུལ་ནས་གཡུའི་རིགས་བོད་དུ་དྲངས་བར་འདོད་པ་ནི་མ་ངེས་ཏེ། བོད་དུ་གནའ་བོའི་སྲིད་པ་བོན་གྱི་དུས་སུ་དར་བ་དང་ཆོས་ཀྱི་ཆོ་ག་སྣ་ཚོགས་ཡོད། འོན་ཀྱང་། གྲུ་གུའི་ཡུལ་ནས་དྲངས་པ་དེ་གཡུའི་རིགས་དམན་པའི་བྱེ་བྲག་ཅིག་ཡིན།

དེ་བཞིན་ཁ་ཆེ་གཡུ་རྫོང་གི་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་ཡིག་ལས་ཁ་ཆེའི་རྒྱལ་པོ་ཁྲི་བརྟན་གྱིས་བལ་བོ་སོགས་རྒྱལ་ཁམས་ཆུང་ངུ་འགའ་ཞིག་དབང་དུ་བསྡུས་རྗེས། ཁེངས་དྲེགས་ཆེས་ཆེར་གྱུར་ཏེ། གླིང་ཡུལ་ལ་དམག་དྲངས། མཐར་གཡུལ་འཁྲུག་ཏུ་ཁྲི་བརྟན་རྒྱལ་པོ་དུམ་བུར་གཤགས། ཁ་ཆེས་གླིང་ལ་མགོ་བཏགས་རྗེས་གེ་སར་རྒྱལ་པོས་ལྷ་མདའ་འཕངས་ཏེ་ཁ་ཆེ་གཡུ་རྫོང་གི་གཏེར་སྒོ་ཕྱེས་ཤིང་། གཡུ་རིགས་སྣ་ཚོགས་བླངས་ནས་དམངས་ལ་གཡུ་འགྱེད་བཏང་བའི་སྒྲུང་ཡོད་ལ། དེ་ནས་ཡང་གཡུ་རིགས་བྱེ་བྲག་པ་ཅིག་ཐོན་ཡོད།

གཡུ་ཡི་ཐོན་ཁུངས་གཙོ་བོ་བོད་ཡུལ་དང་ཏ་ཟིག རྒྱ་དཀར་ནག ཨོ་རྒྱན། ལི་ཡུལ། ཨ་མེ་རི་ཁ་སོགས་ཡིན། ཐོན་ཡུལ་དེ་དག་ནས་ཐོན་པའི་གཡུ་ལ་སྤུས་ཀ་དང་མདོག་མི་འདྲ་བ། ནུས་པ་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་ལྡན།

 

[1] དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གཉིས་པ་བཞུགས་ (མཆན་གསུམ་པ)

[2] གཏེར་དབོན་རིག་འཛིན་བརྒྱུད་པའི་གདུང་རབས་ལོ་རྒྱུས་ཚངས་བའི་དོ་ཤལ།

གཡུའི་ཕན་ནུས་བཤད་པ།

གངས་ཅན་པ་དག་གིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་གཡུ་ལ་དོ་སྣང་ཐུན་མིན་ཞིག་བྱས་ཡོད་ལ། ལོ་ངོ་བཞི་སྟོང་སྔོན་དུ་གཡུ་ལ་ངོས་འཛིན་སྟངས་དེ་གཡུ་ཡིས་བར་ཆད་སེལ་ལ་གདོན་འགོག་པ། འཆི་དུས་སུ་གཡུ་ཡིས་ལམ་བསྟན་དེ་ཞིང་ཁམས་དུ་སྐྱེལ་བ། བླ་སྲོག་བརྟན་པ་དང་། ནད་འགོག་པ། རྒྱན་ཆ་བྱེད་པ། རོལ་ཆ། ཆོ་ག་བཏང་བ། སྨོན་ལམ་རྒྱག་པ། སྒོམ་དུ་འགྲོ་བ། ཡང་སྒོས་གསོ་བ་རིག་པའི་རིན་ཆེན་སྨན་སྦྱོར་སོགས་འཇུག་སྒོ་ཤིན་ཏུ་ཆེ།

གཡུ་ནི་སྨན་རྫས་གལ་ཆེན་ཞིག་ཡིན་ཏེ། གསོ་རིག་སྨན་གྱི་རོ་ནུས་ངོས་འཛིན་བྱེད་སྐབས། གཡུ(སྔོ་ལྗང་། དྲུག་དཀར། མཐིང་རིས་ཟེར) རོ་ནི་བསྐ་ཞུ་རྗེས་བསིལ་བར་བྱེད། མཆིན་ཚད་དུག་ཚད་མཆིན་རྒྱས་ནད་རྣམས་སེལ།[1] ད་ལྟའང་མཆིན་པའི་སྨན་ལ་གཡུ་རྙིང་ཉེར་ལྔ་ལྟ་བུ་ཡོད། གཡུ་ཡིས་དུག་དང་མཆིན་ཚད་སེལ་བར་བྱེད།[2]

ཧྥ་རན་སིའི་ཏུན་ཧོང་ཡིག་ཆ་ཨང་རྟགས་1057 པ་ལས། “མྱི་ཞིག་གིས་མཆྀན་པ་གྲུམ་ན་གཡུ་སྙིང་གྲི་རྩེ་གསུམ་བཏག་སྟེ་འཐུངས་ན་རྩི་ཞེས་བཀོད་པ་ལས་སྔོན་ཚེ་མཆིན་པའི་ནད་ལ་གཡུའི་རིགས་བཀོལ་བའི་གསོ་བྱེད་ཀྱི་རིག་པ་ཡོད་པར་དཔྱད་ནུས་པ་དང་། གཞན་ཡང་རྒྱལ་བློན་རྣམས་ཀྱི་བཞེས་རིགས་ཀྱི་སྟེང་ལ་གསེར་དང་གཡུ་བླུག་པའི་ཚུལ་ལ་གསེར་སྐྱེམས་དང་གཡུ་སྔོན་ཞེས་འབོད་དེ།གསེར་སྐྱེམས་གཡུ་སྔོན་ལ་སོགས་པས་མཆོད་དེ་ཅེས་གསུངས་པ་འདི་ལས་གནའ་ནས་བཟུང་གཡུ་ནི་སྨན་དུ་བེད་སྤྱད་པ་ཤེས་ཐུབ།[3]

 

[1] གསལ་སྟོན་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ།

[2] ཤེལ་གོང་ཤེལ་ཕྲེང་། དེའུ་དམར་དགེ་བཤེས།

[3] ཆོས་འབྱུང་མཁས་པའི་དགའ་སྟོན།

བླ་གཡུ་བཤད་པ།

གང་ཟག་ཞིག་གི་ཚེ་བསྲིང་བ་ལ་བླ་སྒྲུབ་དང་བླ་ཕྱི་རོལ་དུ་འཁྱམས་པ་ལ་བླ་བསླུ་ལ་སོགས་པའི་ཆོ་ག་བན་བོན་གསར་རྙིང་རིས་མེད་དུ་ཡོད་ལ། གང་ཟག་ཞིག་གི་ཚེ་འཕྲོག་པ་ལ་ཡང་ཐོག་མར་བླ་བསླུ་ཐབས་བྱེད་དགོས་ལ། དེ་ལྟར་མ་བྱས་ན་བསྒྲལ་ལས་སམ་དངོས་སུ་ཚེ་འཕྲོག་སླ་བ་ཡིན། ཚེ་མདའ་ནི་སྐྱེས་པ་ཕོའི་བླ་ཆགས་ས་ཡིན་པས་ན་ཚེ་མདའ་དང་དེའི་གཡུ་འདོགས་པ་ནི་བླ་གཡུ་སྟེ། བུད་མེད་ཀྱི་ཞེ་ཆགས་ས་སྤྱི་བོའི་གཙུག་གི་གཡུ་ཡིན་པས་ན་བླ་གཡུ་ཟེར་ཞིང་། མཁའ་འགྲོ་ཡི་བླ་རྟེན་ནི་སྦ་ལྕག་གམ་མགྲོན་བུ་ཡིན་ཟེར། དེ་ལུས་སྟེང་ལ་འཆང་ན་མཁའ་འགྲོ་མ་མང་པོ་འདུ་བའི་རྟེན་འབྲེལ་ཁྱད་པར་བ་ཡོད།

རིན་ཆེན་གཡུ་ཡིས་ཅིའི་ཕྱིར་བླ་མཚོན་པར་བྱེད་པ་ཡིན་པར་ཤེས་དགོས་ན། བོད་ཀྱི་ཐུན་མོང་མིན་པའི་བླ་བསླུ་རིག་གནས་ཤེས་དགོས་ལ། དེ་ལ་མཆོག་གླིང་གི་རྣམ་ཐར་ཚོགས་ལས། བླ་ནི་ཚེ་སྲོག་རྟེན་ཡིན་ཕྱིར། །དེ་ཉིད་ཉམས་དང་ཡལ་བ་དང་། །གདོན་བགེགས་འབྱུང་བོས་འཕྲོག་པ་ན། །བསླུ་བའི་ཐབས་ནི་བརྩོན་པར་བྱ། །ཞེས་གསུངས།

 གང་ཟག་ཞིག་ལ་བླ་ཚེ་སྲོག་གསུམ་ཡོད་པ་ལས། བླ་ནི་གང་ཟག་གི་རྣམ་ཤེས་དང་འདྲ་ཡང་གང་ཟག་དེའི་རྣམ་ཤེས་མ་ཡིན། བོད་པ་རྒན་པོ་རྣམས་ཀྱིས་ཞེ་ཆགས་སའི་ཡུལ་དང་ཁ་འབྲལ་ཁར་ད་ང་འགྲོ་ནི་ཡིན་པས་ཁྱེད་ཚུར་ཤོག་ཅེས་འབོད་སྲོལ་ཡོད། དེ་ལྟར་མ་བོས་ན་བླ་འཁྱམས་ཉེན་ཡོད་པའི་བཤད་སྲོལ་ཡོད། གང་ཟག་གི་རྟེན་ལུས་ཡིན་པ་དང་། རྣམ་ཤེས་ཀྱི་རྟེན་ཚེ་སྲོག་ཡིན་ལ། ཚེ་སྲོག་གི་རྟེན་ནི་བླ་ཡིན། བླ་གནས་སའི་བླ་སྡོང་དང་བླ་རྡོ། བླ་རི་ལ་སོགས་པ་དད་རྟེན་དུའང་བརྩི།

གསོ་རིག་གི་གཞུང་དུ་བླ་ཚེས་གྲངས་ལྟར་འཕོ་བར་འདོད། གཡུ་རྡོ་འདི་མིའི་རྣམ་ཤེས་དང་བླ་ལ་འབྲེལ་བ་ཡོད་པ་ཞིག་དང་། ཡང་ན་རྡོ་རང་ཉིད་ལ་བླ་གནས་པ་དང་ཐུན་མིན་གྱི་ནུས་པ་ཞིག་ཀྱང་ཡོད་པར་བཤད། གདོད་མའི་གཡུང་དྲུང་བོན་ལ་དེ་དང་བསྟུན་པའི་ཆོ་ག་རབ་དང་རིམ་པ་མང་པོ་ཞིག་ཡོད་ལ། ད་དུང་ཡང་བོད་མིའི་འཚོ་བའི་ནང་ནས་མཐོང་ཐུབ། བོན་ཆོས་པ་དག་གི་གཡུ་རྡོ་འདི་སྐྱེ་བོ་གང་རུང་གི་བླ་སྲོག་དང་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པར་ངོས་འཛིན་བགྱིད་དེ་ཚེ་གང་པོ་ལུས་ཕུང་དང་འབྲལ་མེད་ཡིན།

གཞན་ཡང་བོད་ཀྱི་གཉེན་རྟགས་ཀྱི་བརྩེ་དུང་མཚོན་བྱེད་དུ་མོའི་གཙུག་གཡུ། ཕོའི་རྣ་གཡུ་འདོགས་སྲོལ་ཡོད། གཡུ་ནི་གནའ་བོའི་བོད་ཀྱི་བཙན་པོའི་དུས་ནས་བཟུང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། བླ་བསླུའི་ཆོ་ག་སྤེལ་སྐབས་སུ་མཆོད་གནས་སམ་སྔགས་པ་དེས་བླ་གཡུ་དེ་བླ་བསླུ་ཡུལ་གྱི་སྐྱེ་བོ་དེའི་སྐེ་ལ་འདོགས་པ་དང་། བླ་བསླུ་ཡུལ་གྱི་སྐྱེ་བོ་དེས་ངེས་པར་དུ་བླ་གཡུ་དེ་མི་བརླག་པར་བདག་གཅེས་ཡག་པོ་བྱེད་དགོས་ལ། གལ་ཏེ་བླ་གཡུ་དེ་བརླག་པའམ་ཆག་སྐྱོན་སོགས་བྱུང་ན་བླ་གཡུའི་བདག་པོའི་སྲོག་ལ་བར་ཆད་འབྱུང་བར་བཤད། བཤད་སྲོལ་ལྟར་ན་བླ་གཡུའི་མདོག་ནི་ཁོར་ཡུག་གི་འོད་མདངས་མི་འདྲ་བའི་ཆ་རྐྱེན་འོག་འགྱུར་ལྡོག་འགྲོ་ཞིང་། གལ་ཏེ་སྐྱ་མདོག་ལྟ་བུར་གྱུར་ན་ཅུང་ཟད་མི་ལེགས་ཤིང་དེ་ནི་ལྟས་ངན་པའི་རྟགས་མཚན་ཞིག་ཏུ་བརྩི།

            བོད་མིའི་བསམ་ཚོད་དུ་མི་གང་རུང་ཞིག་གི་བླ་དེ་ཡུལ་ཁྱད་པར་ཅན་འགའ་ལ་བགོ་ཆོག་ཅིང་། དེ་ནི་སྣོད་བཅུད་ཀྱི་རྣམ་པ་གང་བདེ་ལ་འཇོག་ཆོག ཁྱད་པར་དུ་མི་ཡི་རྗེ་བོ་དང་བདག་པོའི་རིགས་ལ། བླ་ཤིང་། བླ་མཚོ། བླ་སྟག བླ་རྡོ་སོགས་ཅི་རིགས་ཡོད། ཡིན་ན་ཡང་འདི་དག་ནི་སྐྱེ་བོ་དེ་དང་འབྲེལ་བའམ་ཕན་ཚུན་མཉམ་སྤྱོད་ཁོད་སྙོམས་བྱེད་མཁན་དེ་བླ་གཡུ་ཁོ་ན་ཡིན། དེ་མིན་ན་འཇོན་ཐང་མེད་པ་ཞིག་ཏུ་མཐོང་།

ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱི་ཧོར་གླིང་གཡུལ་འགྱེད་དུ།  གླིང་དང་ཧོར་གཉིས་འཐབ་སྐབས། ཧོར་གུར་དཀར་རྒྱལ་བོས་བྱ་བཞི་མངགས་ནས་མཐའ་བཞིའི་རྒྱལ་ཁབ་ཁག་ནང་བཙུན་མོ་འཚོལ་བར་བཏང་། ཧོར་གྱི་བླ་བྱ་ཡིན་ཞེས་པའི་བྱ་ནག་པོ་དེ་ཡུལ་མང་བོ་བརྒྱུད་མཐར་གླིང་ཞེས་པའི་གེ་སར་རྒྱལ་བོའི་འཁྲུངས་ཡུལ་དུ་བསླེབས། དེར་བྱ་དེས་གེ་སར་གྱི་བཙུན་མོ་འབྲུག་མོ་ཉིད་ཁོང་གི་ཞལ་ཏ་གཉིས་ཀྱི་མདུན་དུ་དབུ་སྐྲ་སླ་བཞིན་པ་མཐོང་། བྱ་དེ་འབྲུག་མོའི་མཛེས་སྡུག་ལ་ཧང་སངས་པ་དང་། དེས་དབུ་སྐྲ་སླ་སྐབས་ལོགས་སུ་བཞག་པའི་གཙུག་གཡུ་དེ་བརྐུས་ནས་འཁྱེར། གཙུག་གཡུ་ལ་བླ་གནས་ཡོད་པས་བླ་འཁྱམས་སོང་ན་མྱི་ལ་རང་དབང་མེད་པས་འབྲུག་མོ་རེ་ཞིག་ཧོར་རྒྱལ་བོའི་ཆུང་མར་མི་འགྲོ་ཀ་མེད་བྱུང་བ་འདི་དག་ནི་བླ་དང་གཡུ་གཉིས་ཀྱི་འབྲེལ་བའི་དཔེ་མཚོན་ཙམ་ཡིན།

གཡུའི་བཟོ་ཐབས།

གཡུའི་བཟོ་ཐབས།

བོད་ཀྱིས་གཡུའི་བཟོ་ཐབས་ལ་གཡུ་རྙིང་ལུགས་སུ་བླུགས་པ་དང་། བྲག་གཡུ་དབྱི་བ། སྤང་མའི་གཡུ། རིན་ཆེན་བསྒྱུར་བའི་གཡུའི་མན་ངག གཡུ་རྙིང་པ་གསོ་བ་མིག་སེལ་བསེ་ཕྱིས་ཀྱི་མན་ངག བསད་དང་གསོ་བ་གཉིས་ཏེ་བདུན་ཡོད།

ཟུར་མཁར་བའི་ལུགས་ཀྱི་རིན་ཆེན་གཡུ་ཡི་བཟོ་ཐབས་ནི། །བཙད་པོ་ལན་གསུམ་བྲལ་རྗེས་ཀྱི། །བཙད་པོ་ཅུང་ཟད་ངན་པ་ན། །བསྲེག་ཚེ་ཚགས་སྒྲ་ངན་པ་འབྱུང་། །དེ་ཉིད་མཚལ་རྡོ་སྲང་གསུམ་མཉམ། །རྡོ་སྔོན་དག་ཀྱང་སྲང་གང་ལ། །རག་ཕྱེ་བསྐྱེད་པ་རིག་པས་སྤྱད། །ཁ་བསྒྱུར་སྤངས་ན་གཡུ་ལེགས་སོ། །

གཡུ་བཟོ་བའི་ལས་ཚོགས་ནི་ཤེལ་ཞོ་ལྔ། ཟངས་ཞོ་བདུན། དངུལ་ཞོ་བརྒྱད། གསེར་ཞོ་དོ། ཟེ་ཚ་ཞོ་བདུན།  དེ་ལ་དྲུག་དམར་འདོད་ན་ཟངས་བསྣན། དྲུག་དཀར་འདོད་ན་ཟངས་བསྣན། དྲུག་དཀར་འདོད་ན་ཤེལ་བསྣན། སྨུག་པོ་མུ་མེན་ཁ་འདོད་ན་དངུལ། མདངས་ཆེ་བར་འདོད་ན་གསེར་སྣོན་དགོས་པར་བཤད།

ལག་ལེན་ནི་དང་པོ་ཤེལ་ཞིབ་པར་བཏགས་ལ་ཟེ་ཚྭ་དང་བསྲེ། གསེར་དངུལ་ཟངས་གསུམ་དང་བསྲེས་ལ་ལུགས་ཀོང་དུ་ལེགས་པར་བཞུས་ལ་བླུགས། འོན་ཀྱང་གཅིག་བཀྲག་གཅིག་གིས་འདོན། གཅིག་མདངས་གཅིག་གིས་ཕྱུང་བས། ལན་ལྔ་ནས་བདུན་གྱི་བར་དུ་བཞུག་བླུག་བྱས་པས་ཚད་མེད་པ་འབྱུང་། ཆང་ནང་དུ་བཙོས་པས་མདངས་ཐོན་པ་འོང་།

གཞན་ཡང་གསེར་དང་གཡུ་གཉིས་བསྲེས་ནས་རྒྱན་ཆ་བཟོ་བར་མ་ཟད། དེ་ཉིད་ཆོས་ལུགས་ཀྱི་མཆོད་པའི་ནང་དུ་བེད་སྤྱོད་བྱ་སྲོལ་ཡོད་པ་ནི་རྒྱ་ཁྱབ་ཏུ་མཆིས། དེ་ལྟ་བུའི་བསྲེས་སྦྱོར་བྱ་སྲོལ་ནི་ཆེས་གནའ་བོའི་ཡིག་ཆའི་ནང་འཁོད་ཡོད་ལ། ལྷག་པར་དུ་བོན་གྱི་ཆོ་གའི་སྐོར་གྱི་དཔེ་ཆ་མཁའ་ཀློང་གསང་མདོས་སུ། དེ་ནས་དབུ་ལ་ལ་ཐོད་བཅིངས། །ཁ་གསེར་ཁ་གཡུ་ཞལ་དུ་མུར། །གསེར་དང་གཡུ་ཡི་སྒྲོན་མེ་བཏེགས། །མདའ་དར་ཕྱར་ལ་འདི་སྐད་དོ། །ཞེས་འཁོལ་ཡོད་ལ། ཆོ་ག་དེ་དངོས་སུ་སྤེལ་སྐབས། ཆོ་ག་སྤེལ་མཁན་དེས་ཁ་གསེར་ཞེས་གསེར་རྡོག་གཅིག་ཁ་ནང་གི་གཡས་ངོས་སུ་འཇོག་པའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཡོད། འོན་ཀྱང་། ཆོ་ག་དེ་རིགས་ཀྱི་ནང་དོན་ནི་གསང་བ་ལྐོག་གྱུར་གྱི་གནད་ཡིན་པ་དང་། སློབ་དཔོན་བསྟན་འཛིན་རྣམ་དག་གིས་ཆོ་ག་དེའི་གལ་ཆེའི་རང་བཞིན་སྐོར་གསུངས་སྐབས། གཟེར་མིག་ལས་ཀྱང་། ཁ་གསེར་ཁ་གཡུ་ངོ་མཚར་བཀའ་ཡི་རྟགས་ཞེས་གསུངས།

གཞན་ཡང་ཁ་གསེར་དང་ཁ་གཡུ་ཞེས་པ་དེ་གཉིས་ནི་ཆང་དང་ཇའི་མཆོད་པར་ཡང་གོ་བ་ཡིན་ཏེ། གསེར་བླུགས་པའི་ཕོར་བའི་ནང་དུ་ཆང་ངམ་ཇ་མཆོད་ཕུལ་བར་གསེར་སྐྱེམས་དང་། གཡུ་ཆུང་བླུགས་པའི་ཕོར་ནང་དུ་ཇ་མཆོད་ཕུལ་བར་གཡུ་སྔོན་ཞེས་ཟེར་སྲོལ་ཡོད། ཡང་མཆོད་པ་ཕྱི་ནང་གསང་གསུམ་གྱི་སྒོ་ཐོག་མར་ཕྱེ་སྐབས། ཕྱི་ཡི་མཆོད་པ་ནི་རི་མཐོན་པོའི་སྒང་དུ་རྡོ་དཀར་སྤུངས་པའི་མཆོད་པ་དང་། ནང་གི་མཆོད་པ་ནི་རྒྱལ་པོའི་ཕོ་བྲང་དང་ལྷ་ཁང་དུ་གཡུ་སྔོན་པོ་སྤུངས་པའི་མཆོད་པ། གསང་བའི་མཆོད་པ་ནི་བླ་གཡུ་ནས་རྒྱུད་སྔོ་སངས་སེམས་ཀྱི་མཆོད་པ་བཅས། ཁྱད་པར་དུ་ལྷ་ཡི་སྐུ་ཚབ་འཇིག་རྟེན་དུ་ཕེབས་པའི་ཨ་མྱེ་དང་དགེ་བསྙེན། རྒྱལ་པོ་དང་། སྲིད་པ་ཨ་བོ་རྒན་སོགས་བར་མ་ཆད་པར་འབྲེལ་བའི་མཆོད་པ་དང་། བསང་། ཀླུང་རྟ། ཐོག་རྫས་བཅས་ནས་རྗེས་དྲན་གྱི་ཚུལ་དུ་མཆོད་པ་ཡིན། 

བརྩེ་དུང་མཚོན་བྱེད་དུ་མོའི་གཙུག་གཡུ།

བོད་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས་སུ་མནའ་མ་དེས་མག་པར་བརྩེ་དུང་གི་མཚོན་བྱེད་ཡིན་ནོ་ཞེས་གཡུ་ཞིག་སྤྲོད་ལ། མག་པས་ཀྱང་མནའ་མར་གཙུག་གཡུའམ་ཐོད་གཡུ་ཞེས་པའི་གཡུ་ཞིག་ཀྱང་སྤྲོད་སྲོལ་ཡོད། གཡུ་དེ་མནའ་མས་རང་གི་ཐོད་པར་བརྒྱན་པ་དང་སྐྱེ་བོ་གཞན་པ་ཞིག་གིས་གཡུ་བཤད་ཞེས་པའི་བཤད་པ་རྒྱག་སྲོལ་ཡོད་པས་གཡུ་ནི་ཕོ་མོའི་དབར་གྱི་བརྩེ་དུང་གི་མཚོན་རྟགས་ཤིག་ཀྱང་ཡིན། གཙུག་གཡུ་ནི་གཅིག་ནས་བུད་མེད་ཀྱི་རྒྱན་ཆ་རྩ་ཆེན་ཞིག་ཡིན་ལ། གཉིས་ནས་རང་གི་དགའ་གྲོགས་སམ་ཟླ་བོར་བཅངས་པའི་མི་འགྱུར་བརྩེ་སེམས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།

གཡུ་སྔོན་པོ་ཉིད་དེ་འབྱུང་བ་ཆུ་ཡི་སྒོས་སུ་འཇོག་ཅིང་། འབྱུང་བ་འདིས་གཡང་དང་རྒྱུ་ནོར། ཁེ་དང་དབང་ཐང་སོགས་མཚོན། ཁ་རྒྱུན་དུ་བཤད་པ་བཞིན། ཕ་རིགས་དཀར་པོ་དུང་། མ་རིགས་སྔོན་པོ་གཡུ་ཞེས་གཡུ་འདི་མ་ཡི་རིགས་དང་། སྨན་བུ་མོ་དང་། སྲ་སྙི་གཉིས་ཀྱི་ནུས་པ་ལས་སྙི་བའི་ནུས་པ་མཚོན། ལྟག་བླ་མས་ “བུ་མོ་ཁྱོད་རང་གཡུ་ཆུང་དྲུག་དཀར་འདུ ཞེས་གསུངས་བ་དེ་ཡང་གནས་ཚུལ་འདི་དང་འབྲེལ་བའི་དོན་གཅིག་ཡིན་པར་བསམ་ཀྱང་བརྟག་པར་བྱ།

གཡུ་ཡི་རིག་གནས་དང་རིན་ཐང་།

བོད་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དུ་གདོད་མའི་དུས་སུ་དང་བོ་སྒྲོམ་འབུ་སྒོར་མོ་བྱས། བར་དུ་མངའ་མཛད་ཀྱི་དུས་སུ་རིན་ཆེན་གཟི་ཡིས་སྒོར་མོ་བྱས། ཕྱིས་སུ་གཡུ་སྒོར་མོ་བྱས་ཡོད་དེ། གཡུ་ཡི་དཔལ་འབྱོར་རིན་ཐང་གི་ཐད་དུ་མི་ལའི་རྣམ་ཐར་ལས། ཡུམ་བདག་མེད་མ་གནས་ཡུལ་འགྲིམ་སྐབས་ཡབ་ཡུམ་གཉིས་ཀྱིས་གཡུ་རྡོག་པོ་གཅིག་གསང་སྟབས་ཀྱིས་མི་ཚེའི་འཚོ་རྟེན་དུ་གནང་བ་དང་། དགེ་བཤེས་རྩེག་ཕུ་བས་མི་ལ་རས་པ་དཀྲོང་གླ་གཡུ་ཞིག་ཁས་ལེན་བྱས་པ་ལྟ་བུས་མཚོན། གནའ་མིའི་གཏམ་དཔེ་ལའང་། གཡུ་དྲུག་དཀར་གྱིས་ཕ་ས་མི་སྟོང་ཞེས་རིན་པོ་ཆེ་གཡུའི་གོང་ཚད་གཞལ་དུ་མེད་པར་བསྟན་པ་སོགས་ཀྱིས་ཤེས་སླ།

གཡུ་ཡིས་ཐོབ་དང་གོ་ས་ཡང་མཚོན་ཏེ། གཡུ་ལ་གཡུང་དྲུང་བརྐོས་པའི་བྱང་བུ་སྟེ། བཙན་པོའི་དུས་སྐབས་སུ་བྱ་དགའི་རྟགས་མར་གནང་བའི་བྱང་བུ་ལ་རིམ་པ་མཐོ་དམན་བདུན་ནི་གཡུ། གསེར། དངུལ། ཕྲ་མེན། ཟངས། ལྕགས་ཡོད་པའི་ནང་ནས་མཐོ་ཤོས་ནི་གཡུ་ཡི་བྱང་བུ་ཡིན་ཅིང༌། དེ་ནི་རྒྱལ་པོའི་བླ་མཆོད་དང༌། དགུང་བློན་ཆེན་པོ་ལ་མ་གཏོགས་གནང་སྲོལ་མེད།[1]

ཡང་གཡུས་བཟོས་པའི་བྱང་བུའི་ཐོག་གོ་གནས་སོགས་བཀོད་པའི་ཡི་གེ་གཡུའི་ཡིག་ཚང་ལ་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་དང་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་ཡོད། དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང༌བ་དང་། དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེརཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང༌། གཞན་ཡང་ཆོས་གྲྭའི་སློབ་དཔོན་དང༌། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན་པའི་ལོ་རྒྱུས་ཡོད།[2]

གནའ་སྔ་མོར་རྒྱལ་པོའི་བླ་གཡུ་ཞེས་རྒྱལ་སྲས་སྐུ་འཁྲུངས་མ་ཐག་པའམ་ཡང་ན་སྲིད་ཁྲིར་འཁོད་སྐབས་མགྲིན་པར་གཡུ་སྐྱོན་མེད་ཅིག་བཏགས་ཏེ་ཚེ་སྲོག་གཟི་བྱིན་དང་མངའ་ཐང་དར་རྒུད་སོགས་ལ་འབྲེལ་བའི་རྟགས་མཚན་འགངས་ཆེན་ཞིག་ཏུ་བརྩི་ཞིང་། བཙུན་མོའི་དབུ་རྒྱན་དུ་ཡང་གཡུ་ཡི་རྡོག་པོ་སྐྲའི་ལན་བུར་བརྒྱུས་པའམ་དཔྲལ་བ་དང་སྤྱི་བོ་སོགས་སུ་བཏགས་ནས་རྒྱན་གྱི་མཆོག་ཏུ་འཛིན་པ་རེད། ལུས་རྟེན་གྱི་ཁྱད་པར་གྱིས་བུད་མེད་རྣམས་ཀྱིས་མགོ་རུ་འདོགས་ཤིང་སྐྱེས་པས་མཛུབ་དཀྲིས་དང་གྲི་ཡི་ཤུབས། དཔའ་བོའི་རྐྱེན་དུ་རྐང་པའི་ཧམ་ལ་ཁྲ་གཡུ་བཏབ་པ་སོགས་བོད་ཀྱི་གནའ་རྫས་ལས་གཡུ་ཡི་ཡིན་ཐང་དང་རིག་གནས་རྟོག་ཐུབ།

ཆུ་གོང་གནའ་ཤུལ་དུ་བམ་རོ་སུམ་ཅུ་ཙམ་སྦས་པའི་ཉེ་འགྲམ་ན། ས་དོང་བཅུ་ལྷག་གི་ནང་དུ་ལག་ཆ་སྣ་ཚོགས་དང༌། རྒྱན་ཆ། སེམས་ཅན་གྱི་རུས་པ་སྣ་ཚོགས་བཅས་བརྙེད་པ་འདི་དག་ལ་དཔྱད་ན། གནའ་རྫས་དེ་དག་ནི་མི་ཤི་བའི་རྗེས་སུ་རང་གི་གོས་རྒྱན། ལག་ཆ། གཅེས་ནོར་སོགས་ལྷན་དུ་སྦས་པའི་རྟགས་ཡིན། སི་ཁྲོན་གྱི་སན་ཞིན་ཏོས་སོགས་ནས་གནའ་བོའི་བོད་ཀྱི་གཡུ་རྙིང་མང་པོ་བྱུང་ཡོད་པ་ལ་མུ་མཐུད་དུ་ཞིབ་འཇུག་བྱ་དགོས་པར་འདོད།

ཡང་དཔེར་ཞིག་ལ། སི་ཁྲོན་གྱི་སན་ཞིན་ཏའེ་三星堆遗址རིག་གནས་ཞེས་གནའ་ཤུལ་སྐད་གྲགས་ལྡན་པ་ཅིག་བྱུང་བས་ཀྲུང་གོའི་རིག་གནས་ལོ་རྒྱུས་ཀྱི་ལྷུ་ལག་གཏོར་བས་མཐར་སྒྲིག་ཐབས་མེད་པ་ཆགས་ལ། དེའི་ནང་དུ་གཡུ་མང་བོ་དང་བོད་ཀྱི་གནའ་བོའི་བང་སོ་མིག་དགུ་མ། བླ་ཟོག་ལུག་ཏུ་བཀུར་བའི་སྣང་ཚུལ་སོགས་བྱུང་བས་རིག་གནས་ཀྱི་རྒྱུན་འདེད་ས་མེད་པས་བོད་ཡུལ་དུ་མི་འདེད་ག་ཡིན།

ཞང་ཞུང་འོལ་མོ་ལུང་པས་གཡུ་ཡི་དགོས་པ་དང་དགེ་མཚན་དེ་བོད་ཡུལ་སྤྱི་དང་དེའི་མཐའ་འཁོར་དུ་ཁྱབ་པར་བྱེད་པའི་དུས་ནི་ཕལ་ཆེར་ལོ་ངོ་༢ སྟོང་ནས་ ༣ སྟོང་གི་སྐབས་སུ་ཡིན་ངེས་ཏེ། དེ་དུས་གཡུང་དྲུང་བོན་དག་གིས་ཞང་ཞུང་ནས་སྤུ་རྒྱལ་བོད་གྱི་བཙན་པོ་ལ་ཆེད་དུ་བཏང་བའི་སྐུ་གཤེན་ནས་མཚོན་པས་བོད་ཡུལ་ཀུན་ཏུ་གཡུ་ཡི་བསྟན་པ་སྤེལ། དེ་མིན་དུས་རབས་ ༦ པའི་ནང་ལ་སྲོང་བཙན་གྱི་མགུལ་གཡུ་མོན་མོ་ཐིགས་པ་དང་སྒྲོལ་མ་རང་བྱུང་གཉིས་ལྟ་བུ། ཡང་ན་ཞང་ཞུང་བྱུ་རུ་ཅན་གྱི་རྒྱལ་བོ་མངའ་འོག་ཏུ་བསྡུ་བ་ལ་བཙན་པོ་ཉིད་ཀྱི་སྐུ་ལྕམ་གྱིས་མ་ཕམ་གཡུ་མཚོའི་འགྲམ་ནས་གཡུ་ཡི་ཕྲེང་བ་བསྐུར་བའི་བརྡ་བྱེད་པ་བཅས་བོད་དུ་གཡུ་ཡི་རིན་ཐང་ཁྱབ།

ཡང་མཚུར་ཕུ་དགོན་དུ་བཞུགས་པར་གྲགས་པའི་གཡུ་མིང་ཆེན་བཅུ་གསུམ་ལྟར་ན་གཡུ་ལྷ་ལྕམ་རང་བྱོན། གཡུ་སྦྲུལ་མགོ་མ། གཡུ་གནམ་སྔོན་ཞུན་ཐིགས། གཡུ་སེངྒེ་ཞོ་སྤུངས་སོགས་བྱིན་རླབས་ཆེ་ལ་བསོད་ནམས་ལྡན་པ། དུས་རབས་༡༤ པར་རྗེ་ཙོང་ཁ་པ་ཆེན་པོས་ཡུམ་བདག་མེད་མའི་བླ་གཡུ་བྱིན་ཁ་ཚ་བ་དེ་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུའི་ཅོད་པན་དཀྱིལ་དུ་ཕྲ་ཚོམ་ལ་ཕུལ་ཡོད་པ་དེ་ཡང་བོད་མིས་གཡུ་ལ་དངོས་འཛིན་བྱེད་སྟངས་དང་གཡུ་ཡི་རིན་ཐང་དང་རིག་གནས་མཚོན་པ་ཡིན།

དུས་རབས་༡༦དང་༡༧པའི་སྐབས་སུ་བླ་མ་ཀློང་བརྡོལ་ཀྱིས་རིན་ཆེན་བརྟག་ཐབས་མཛད་དུས་རིན་ཆེན་གཡུ་རྡོ་ལའང་དམིགས་སུ་གསལ་བཤད་ཅིག་ཀྱང་གནང་ཡོད། ཡིན་ནའང་། དུས་རབས་༡༧་པའི་མགོ་ཙམ་ནས་བོད་མིས་གཡུ་ཡི་རིན་ཐང་གི་འདུ་ཤེས་དེ་ཇེ་ཆུང་དུ་སོང་ནས་ཕལ་ཆེར་གསོ་བ་རིག་པའི་སྤྱོད་སྒོ་ཙམ་དང་། ནམ་རྒྱུན་འཚོ་བའི་ཁ་ཁུར་དུ་ངག་ཐོག་གི་གཡུ་བཤད་པ་དང་ངོས་འཛིན་ཕྲན་བུ་ལས་དོན་དངོས་སུ་གཡུ་ཡི་རིན་ཐང་དེ་བརླག་ཟིན་ཞེས་ལྟག་བླ་མས་གསུངས་མྱོང་ཀྱང་འདུག

གཡུ་དྲུང་གི་སྲིད་པ་ཆགས་ལུགས་སུ་སྒོང་ང་ཆེན་པོ་ཞེས་པ་དེའང་དངོས་སུ་དཔྱད་ན་གཡུ་སྒོང་ཡིན་པ་དགོས། གཡུ་སྒོང་ལས་སྣང་བ་སྣ་ཚོགས་འཆར་བའི་འཇིག་རྟེན་ལངས་པ། འདི་ནི་བརྟན་པ་འགྱུར་བ་མེད་པའི་ཕྱིར་གཡུ་རྡོ་འདི་གཤེན་ཆོས་པ་དག་གིས་དགའ་བསུ་གནང་། མ་ཚད་པ་ཆོས་ལུགས་དེའི་མིང་ཡང་གཡུ་ཡི་བསྟན་པ་ཟེར། རྗེས་སུ་བརྗོད་ལུགས་འདི་ལ་འགྱུར་བ་ཕྲན་བུ་སོང་ནས་གཡུང་དྲུང་ཞེས་འབོད། གཡུང་དྲུང་གི་མིང་ཚིག་འདི་ནི་གདོད་མའི་གཤེན་གྱི་འབོད་ལུགས་ལྟར་ན་གཡུ་དྲུང་ཞེས་གཡུ་ཡི་དོན་དུ་སྦྱར་ཡོད། འདི་ལྟར་ཚིག་དེ་ད་ལྟའི་བར་དུའང་སྟོད་མངའ་རིས་ཀྱི་ཡུལ་སྐད་དུ་མ་འགྱུར་པར་བསྡད་ཡོད།

ང་ཚོས་ནམ་རྒྱུན་མཐོང་བའི་གཡུང་དྲུང་གི་རི་མོ་ནང་བསྐོར་དེ་གཡུ་དྲུང་ངམ་གཡུང་དྲུང་མཚོན་ཐུབ་པའི་ཕྱག་རྒྱ་དུ་མའི་ཁྲོད་ཀྱི་ཡ་གྱལ་གཅིག་ཡིན། འདི་གཡུ་ཡི་ཆོས་ཞེས་གཡུ་འདི་གྲུབ་མཐའ་འདི་ཡི་བླ་དང་སྲོག་གི་རྣམ་པར་ཤར་ནས་སྐྱེ་བོ་མཐོ་དམན་མེད་པ་ཚང་མས་ལུས་སུ་རྒྱན་པའི་རིགས་དང་། འཚོ་བའི་ནང་སྤྱད་པའི་ཅ་དངོས་གང་རུང་། ཐ་ན་ཁང་པ་དང་སེམས་ཀྱི་མྱོང་སྒོ་གང་རུང་མདོག་སྔོན་པོ་བྱུག་ནས་གཡུ་ཡི་ཚུལ་དུ་བྱེད་པ་མང་།

 

[1] དུང་དཀར་ཚིག་མཛོད་ཆེན་མོར་གསལ།

[2] མཁས་པའི་དགའ་སྟོན་ནང་གསལ།

མཇུག་བསྡུ་བའི་གཏམ།

མདོར་ན། གནའ་བོའི་དུས་སུ་གཡུ་ལ་དགའ་བའི་མི་རིགས་དང་རྒྱལ་ཁབ་སྣ་ཚོགས་ཡོད་ལ། བོད་ཡང་གཡུ་ཡི་ལོ་རྒྱུས་རིང་པོ་ཡོད་པ་གཅིག་མཚུངས་ཡིན། བོད་ཡུལ་དུ་གཡུ་ཡི་སྤྱོད་སྒོ་ཆེ་ལ་སྐབས་རེར་སྒོར་མོ་དང་། སྐབས་རེར་ཆོས་ལུགས་ཤིག་གམ་མཚམས་རེར་རིག་གནས་ཤིག་མཚོན་པ་ཡིན། གཞན་ཡང་ལྷ་ལ་མཆོད་པ་དང་། དཔའ་བོ་ལ་གཟེངས་རྟགས། བློན་ཆེན་གྱི་ཐོབ་རྟགས་དང་། དམངས་ཀྱི་ཉེར་མཁོའི་ལག་ཆ། སྐྱེས་ཕོ་མོའི་རྒྱན་ཆ་སོགས་བཟོས་ཡོད་པ་འདི་དག་ལ་བལྟས་ན་སྐབས་ཤིག་བོད་མིའི་ཤེས་རིག་ལག་རྩལ་གྱི་ཚད་དེ་སྐབས་དེའི་སྔོན་ཐོན་མི་རིགས་དག་ལས་གཟེངས་སུ་ཐོན་པ་ཞིག་བྱུང་ཡོད་པ་གསལ་བོ་རེད་དོ།། །།