__ དུས་དང་གནམ་གཤིས་འགྱུར་ལྡོག་ཁྲོད་ཀྱི་དྲན་པ་རབ་རིབ།

ཟླ་བ།

ཟླ་བ། སྨྱུག་མིང་།

        ལོ་རྒྱུས་ཀྱི་ཡིག་ཚགས་འདྲ་སྔོག་ན་པུར་རྒྱལ་ལམ་སྤུར་རྒྱལ་ཞེས་པའི་ཐ་སྙད་འདི་མང་བོ་མཐོང་དུ་ཡོད་ལ། ཐ་སྙད་དེ་ལ་གནའ་དེང་ལོ་རྒྱུས་མཁས་པ་དང་། བན་བོན་གྲུབ་མཐའ་སྨྲ་བ་ཚོའི་འགྲེལ་བཤད་ཀྱང་འདྲ་མིན་ཞིག་མཆིས་མོད། དེ་ལ་འགྲེལ་བཤད་འདྲ་མིན་ཡོད་མེད་ལ་མ་བལྟས་པར་དེ་རིང་འདིར་སྤུར་རྒྱལ་གངས་རི་ཞེས་པ་དེ་གླེང་ན་འདོད་སོང་། སྤུར་རྒྱལ་གངས་རི་ནི་འདབ་དྲུག་ཁ་བས་གཡོགས་པའི་རི་བོ་ཞིག་ཡིན་ལ། འཛམ་གླིང་ཚ་དྲོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཁྲོད་ན་གངས་ཀྱི་རི་བོ་གཞན་དག་དང་འདྲ་བར་སྲིད་པའི་འཁྱགས་རོམ་རྦབ་ཏུ་ཤོར་བཞིན་པ་ཞིག་དང་། ཉེ་ཆར་དབུ་འབྱེད་གནང་བའི་འཛམ་གླིང་གི་ཚིག་མཛོད་ཆེ་ཤོས་པོད་ ༢༢༣ གྱི་བདག་ཉིད་ཅན་གྱི་<<སྨོན་ལམ་ཚིག་མཛོད་>>དུ་ཡང་མ་ཐེབས་པར། ཐ་ན་རང་ཉིད་ཀྱི་མིང་དང་བཅས་པ་མི་མངོན་དབྱིངས་སུ་བཞུད་བཞིན་པ་ཞིག་ཀྱང་ཡིན་སྲིད་པ་འདྲ།

ཐོག་མའི་གླེང་སློང་བ།

        ད་ལོའི་དཔྱིད་ཁར་རི་བོ་ཧི་མ་ལ་ཡའི་སྟོད་རྒྱུད་ཀྱི་རི་སུལ་ཏེ། ལོ་རྒྱུས་ཐོག་སྟོད་ཀྱི་མངའ་རིས་སྐོར་གསུམ་དུ་གྲགས་པའི་ཆ་ཤས། ད་ལྟ་ཉུང་ཏི་དང་། གར་ཞྭ། ཟངས་དཀར། ལ་དྭགས་སོགས་སུ་འབོད་པའི་ཡུལ་ལུང་འགར་འགྲུལ་བཞུད་བྱ་རྒྱུའི་གོ་སྐབས་བྱུང་ལ། སྐབས་དེར་ས་གནས་དེ་དང་དེའི་སྣོད་དང་བཅུད་ཀྱིས་བྱིན་པའི་བདེ་སྡུག་གི་ཚོར་བས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཐག་རིང་ཐག་རིང་གི་ཕ་ཡུལ་ཞེས་པ་དེ་ཡང་ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་དྲན་དུ་བཅུག་སོང་། གྲོང་དང་གྲོང་རྡལ། སྒར་དང་དགོན་པ། ལ་དང་ལུང་བ་བརྒྱུད་དུས། རི་བོ་སྐྱ་ཐེར་ཐེར་གྱི་ཟུར་ན། ཆུ་མོ་སྔོ་ཀྲིག་ཀྲིག་གི་འགྲམ་ན། དེང་རབས་དང་ཡར་རྒྱས་ཞེས་པའི་ཐ་སྙད་མི་ཐོགས་པའི་མི་གཞི་དྲང་མོ་དང་། མིག་ཟུང་དྭངས་མ་ཅན་གྱི་རིགས་དང་རུས་པ་གཅིག་པའི་མི་བུ་དེ་ཚོ་ད་ལྟའང་དྲན་བཞིན་འདུག ཡིན་ནའང་ད་རེས་ངའི་འབྲི་འདོད་པ་ནི་དྲན་ཚོར་དྲག་པོའི་ཀློང་གི་གནས་ཚུལ་དེ་ཚོ་མིན་པར་ས་གནས་དེ་དག་གི་མཐོང་ཐོས་མྱོང་གསུམ་ཡིད་ལ་བསྒོམས་ཏེ་ཕྱིར་ལྷོ་ཕྱོགས་ཚ་བའི་ཡུལ་དུ་འབྱོར་དུས་གནས་ཚུལ་གཞན་ཞིག་ལ་བསམ་བློ་འཁོར་སོང་། དེ་ནི་སྤུར་རྒྱལ་གངས་རི་དང་སྤུར་རྒྱལ་གངས་རི་དང་འདྲ་བའི་གངས་ཀྱི་རི་བོ་གཞན་དག་གི་འབྱུང་འགྱུར་གྱི་གནས་ཚུལ་སྐོར་ལ་བསམ་བློ་གཏོང་དགོས་བྱུང་སོང་།

སྤུར་རྒྱལ་གངས་རི་གང་དུ་ཡོད་དམ།

­        མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “ཡུལ་སྤྱིའི་མིང་ནི་རྒྱལ་ཁབ་གཞན་གྱིས་བཏགས་པ་ཤས་ཆེ་བས། ཐོག་མར་ཡུལ་གྲུ་གཞན་གྱི་མི་རྣམས་ཡུལ་གྱི་མཐའ་གང་ཞིག་ལ་སླེབས་པའི་མིང་དེ་རིམ་གྱིས་ཡུལ་ཁམས་སྤྱིའི་་མིང་དུ་འགྲོ་བ་ཡིན་ཏེ། སྤུ་ཧྲང་བོད་ཀྱི་རྒྱལ་ཁམས་ཞེས་གྲགས་པ་ཡང་། སྤུ་ཧྲང་བྱ་བའི་ལུང་ཆུང་ཞིག་བལ་བོད་མཚམས་སུ་ཡོད། སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བྱ་བ་ཡང་། རྣམ་པ་གཅིག་ཏུ་ན་རྗེ་གཉའ་ཁྲི་བཙན་པོ་སོགས་ལ་དེ་ལྟར་འབོད་པས་རྒྱལ་པོའི་མཚན་ལས་གྲས་པར་ཡང་སེམས་མོད། རྒྱ་གར་དང་མངའ་རིས་ཀྱི་མཚམས་སུ་སྤུ་རྒྱལ་བྱ་བའི་གངས་རི་ཆེན་པོ་ཡོད་པ་དེ་ལས་བྱུང་མདོག་ཆེ།”[1] ཞེས་སྤུར་རྒྱལ་བོད་ཅེས་པའི་མིང་དེ་ཡང་རྣམ་པ་གཅིག་ཏུ་ན་གངས་རི་དེའི་མིང་ལས་བྱུང་བ་ཡིན་སྲིད་པའི་སྐོར་དང་། གངས་རི་དེ་གར་ཡོད་ཀྱི་ས་གནས་བཅས་གསུངས་འདུག་ལ། སྤི་ཏིའི་ཏ་པོ་དགོན་གྲོང་གི་ལོ་རྒྱུས་སུ། “གནས་སྒོའི་འགྲམ་དུ་སྔ་མོའི་བོད་དང་ཧི་མཱ་ལ་ཡའི་ལོ་རྒྱུས་ནང་སྙན་གྲགས་ཆེ་བའི་རི་བོ་སྤུར་རྒྱལ་ཡོད།”[2] ཅེས་རི་བོ་སྤུར་རྒྱལ་གར་ཡོད་ཀྱི་ས་གནས་གསལ་བར་འཁོད་འདུག

        དེང་གི་ཡིག་འཇོག་མང་བོའི་ཁྲོད་ན་འཛམ་གླིང་གི་སྣེ་གསུམ་པར་འབོད་ཅིང་། ལོ་རྒྱུས་ཆོས་འབྱུང་ཁག་ཏུ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་། བྱང་ཕྱོགས་ཁ་བའི་ལྗོངས་ཞེས་གྲགས་པ། བསིལ་ལྡན་བོད་ཀྱི་ཡུལ་འདི་ནི་གདོད་མའི་གངས་ཀྱི་རི་བོ་ཚར་དུ་དངར་བས་ཡོངས་སུ་བསྐོར་བ་ལས། དྲོད་ གྲང་དང་གནམ་གཤིས་ཀྱི་དབྱེ་མཚམས་འབྱེད་བྱེད་ལྟ་བུར་གྱུར་པའི་རི་བོ་ཧི་མ་ལ་ཡའི་སྟོད་ཕྱོགས། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་གྲུབ་པའི་གནས་མཆོག་གངས་དཀར་ཏི་སེ་དང་ཐག་ཧ་ཅང་མི་རིང་བ། སྲིད་པའི་ཆུ་ཀླུང་ཁ་འབབ་རྣམ་བཞིར་གྲགས་པའི་ཡ་གྱལ་གླང་ཆེན་ཁ་འབབ་ཀྱི་གཡས་ཟུར། ད་ལྟའི་བོད་དང་རྒྱ་གར་གྱི་རྒྱལ་མཚམས་རྒྱལ་ཐིག་ལས་རྒྱ་གར་གྱི་ས་ཁོངས་སུ་འཁེལ་བ། (སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་ཁོངས།) སྤི་ཏིའི་སྨད་ཕྱོགས་དང་། ཁུ་ནུ་སྟོད་ཀྱི་ཁབ་དང་། གནས་སྒོ་སོགས་དང་ཉེ་བར་ཡོད་པ། ལྷག་པར་གནས་སྒོའི་གྲོང་ནས་བལྟས་ན་སྨུག་སྤྲིན་ལང་ལོང་གི་ཁྲོད་དུ་རང་སྐྱེས་ལྟ་བུའི་རི་བོ་རྩེ་མོ་ཅན་ཞིག་མཐོང་བ་དེ་ནི་ད་གཟོད་སྤུར་རྒྱལ་གངས་རི་རེད། འདི་ལ་སྤི་ཏིའི་ཏ་པོ་དགོན་གྲོང་གི་ལོ་རྒྱུས་སུ། “སྔ་མོའི་ཁོང་ཚོའི་གཏམ་དཔེར། རི་བོ་སྤུར་རྒྱལ་སྨུག་པའིས་དངས་མེད། ན་བོ་མཁར་བ་ཆད་པའིས་དག་མེད། ཞེས་ཟེར་སྲོལ་ཡོད་པ་རེད།” ཅེས་པ་ལྟར་རི་བོ་འདི་སྨུག་སྤྲིན་གྱིས་བཟུང་འདུག་པ་ཁོང་ཚོའི་གཏམ་དཔེར་ཡང་ཐོན་འདུག་ལ། ད་ལྟ་ཁོང་ཅག་གིས་ན་བོའམ་[3] ན་གོ་ཞེས་པ་ནི་གནས་སྒོ་ཞེས་པའི་བརྡ་འགྱུར་བ་ཡིན་འདུག

        སྤུར་རྒྱལ་གངས་རིའམ་རི་བོ་པུར་རྒྱལ་ཞེས་པ་འདི་གྷོ་གྷལ་ས་ཁྲ་(Google Maps)ལས་བཙལ་ན་དབྱིན་ཡིག་གི་སྒྲ་སྦྱོར་ Reo Purgyil (རི་བོ་པུར་རྒྱལ་)ཞེས་གཏག་ན་བདེ་བླག་ངང་རྙེད་ཐུབ་ལ། དྲ་རྒྱའི་ནང་ངོ་སྤྲོད་བྱས་པ་ལྟར་ན། རི་བོ་འདིའི་མཐོ་ཚད་མཚོ་ངོས་ལས་མི་ཊར་ ༦༨༡༦ ཡོད་ཅིང་། ཧི་མ་ཅལ་མངའ་སྡེའི་ནང་གི་རི་བོ་མཐོ་ཤོས་ཀྱི་གྲས་སུ་བཤད་ཡོད།

        མདོར་ན་གངས་རི་འདིའི་གནས་ཡུལ་ནི། ད་ལྟའི་མངའ་རིས་མཐོ་ལྡིང་ངམ་རྩྭ་མདའ་རྫོང་དང་ལ་མོའི་ཕར་རྒྱབ་ཚུར་རྒྱབ་ཏུ་ཆགས་པའི་ཁུ་ནུའི་ཡུལ་དང་།[4] ཁུ་ནུ་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་ཀྱི་སའི་ཆར་གཏོགས་པ་ཡིན། ཡུལ་ལུང་འདི་ཡང་བོད་བཙན་པོའི་གདུང་རྒྱུད་ལྷ་བླ་མ་ཁུ་དབོན་གྱི་མཛད་རྗེས་ཀྱི་རྡོ་རིང་[5]འཛུགས་ས་དང་། ཡུལ་གྲོང་མང་བོ་ན་ལོ་ཙཱ་བའི་ལྷ་ཁང་ཞེས་ལོ་ཆེན་རིན་ཆེན་བཟང་བོའི་འཕྲིན་ལས་ཀྱི་ཟེགས་མ་འཐོར་ཡོད་ས་ཞིག་ཡིན། ད་ལྟ་ཡང་སྤི་ཏི་སོགས་དང་འདྲ་བར་རྒྱུན་སྤྱོད་ཀྱི་སྐད་ཡིག་ནི་བོད་སྐད་ཡིན། འདི་ནས་སྤི་ཏིའི་ཏ་པོ་དང་། ག་ཛའམ་དཀར་མཛེས། རང་རིག་སོགས་སུ་ཚོང་རྫས་ཙག་ཙིག་ཁྱེར་ནས་ཡོང་མཁན་ཚོར་ཁ་བརྡ་བྱེད་ན་ཁོང་ཚོའི་སྐད་ཡིག་དང་ཆོས་ལུགས་ཚང་མ་སྤི་ཏི་དང་གཅིག་མཚུངས་ཡིན་ཟེར་ལ། སྤྱིར་ཁུ་ནུའི་ཡུལ་འདི་ན་སྐད་རིགས་མི་འདྲ་བ་བདུན་ཙམ་ཡོད་དེ། “ལོ་རྒྱུས་ཐོག་ཁུ་ནུ་སྟོད་སྨད་གཉིས་ཀྱི་སྐད་ཡིག་གཙོ་བོ་བོད་ཀྱི་སྐད་ཡིག་ཡིན་ལ། དེ་ཡང་ལ་དྭགས་དང་། གར་ཞྭ། སྤི་ཏི། འབྲུག་ཡུལ། ཨ་མདོ་བཅས་ཀྱི་སྐད་ཡིག་དང་གཅིག་མཚུངས་ཤིག་ཡིན། འོན་ཀྱང་ཁུ་ནུ་སྨད་ཀྱི་སྤྱི་སོའི་སྐད་ནི་ཧམ་སྐད་ཡིན་ལ། ཁུ་ནུ་སྨད་ཀྱི་ཡུལ་ཁག་སོ་སོའི་ནང་སྐད་མི་འདྲ་བ་རིགས་བདུན་ཙམ་ཡོད་ཀྱང་ཁ་སྐད་ཙམ་ལས་ཡི་གེ་མེད།”[6] ཅེས་གསལ་ལ། ཧམ་སྐད་ཅེས་པའི་ནང་ཆུ་ལ་ཏི་ཟེར་བ་སོགས་སྔར་གྱི་ཞང་ཞུང་གི་སྐད་དང་ཉེ་ཚུལ་བཤད་མཁན་ཡོད་ཀྱང་སྐབས་མིན་པས་མ་སྤྲོས། འདི་དག་ལ་བསམ་ན་སྤུར་རྒྱལ་གངས་རིའམ་རི་བོ་པུར་རྒྱལ་ཞེས་པའི་སྤུར་རམ་པུར་འདི་ཡང་མི་རིགས་གཞན་ཞིག་གི་སྐད་བརྡ་མིན་པ་འདྲ།

གནམ་གཤིས་ཚ་དྲོད་ལས་སྤུར་རྒྱལ་གངས་རི་ལ་ཅི་ཞིག་འབྱུང་གི་ཡོད་དམ།

        “སྔར་ཡིན་ན་དུས་ཚིགས་འདིའི་ཚོད་ལ་ཕ་གིའི་རི་སྟོད་ཚང་མ་ཁ་བས་གཡོགས་ཏེ་དཀར་སིང་ངེར་ཡོད་རེད་དེ། ད་ནི་འདི་ལྟར་ཁྲ་ཁྲ་འདྲ་བོ་ལས་ཆགས་ཀྱི་མི་འདུག དེང་སང་ཁ་བ་ཡག་པོ་འབབ་ཀྱི་མི་འདུག” ཅེས་ད་ལོའི་སོས་ཀའི་དུས་སུ་ཟངས་དཀར་དཀར་ཆ་དགོན་པའི་གྲྭ་བ་བགྲེས་སོང་དེས་སྲིབ་རྒྱུད་ཀྱི་རི་བོ་དག་ལ་མཛུབ་མོས་བསྟན་ནས་དེ་ལྟར་གསུངས་སོང་། ཡང་ཟངས་དཀར་དཔའ་བདུན་གྲོང་རྡལ་གྱི་མི་ཞིག་གིས་ཀྱང་”དེང་སང་དགུན་ཁར་ཁ་བ་ཡག་པོ་འབབ་ཀྱི་མི་འདུག གལ་སྲིད་ཁ་བ་ཡག་པོ་མ་བབས་ན་ང་ཚོར་ཆུའི་དཀའ་ངལ་འཕྲད་ངེས་རེད།” ཅེས་ཐབས་ཟད་པའི་ཉམས་ཤིག་གིས་བརྗོད་བྱུང་། ལ་དྭགས་གླེ་གྲོང་ཁྱེར་གྱི་ཉེ་འདབས་ཕི་(ཕྱི་)ཞེས་པའི་གྲོང་ཚོར་སོང་དུས་སུ་ཡང་། “སྔར་ཡིན་ན་འདི་ཕྱོགས་ལ་གངས་མང་བོ་གཏོང་གི་རེད་དེ། དེང་སང་གངས་གཏོང་གི་མི་འདུག དེ་བས་ཆུའི་དཀའ་ངལ་ཡོད་པ་རེད།” ཅེས་སོགས་འཐུང་ཆུ་དང་ཞིང་ཆུའི་སྐོར་གྱི་དཀའ་ངལ་མང་བོ་ཞིག་བཤད་བྱུང་། ལར་ཉེ་བའི་ལོ་འགའི་སྔོན་ནས་གནམ་གཤིས་འགྱུར་ལྡོག་གི་སྐོར་གྱི་དཀའ་ངལ་མང་བོ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་ཤིང་། ལྷག་པར་སྲིད་པའི་འཁྱགས་རོམ་དྲོད་ཀྱིས་བཞུས་འགྲོ་བའི་སྔོན་དང་ད་ལྟའི་བར་ཁྱད་བསྡུར་བའི་བརྙན་དང་པར་ཡང་མང་བོ་ཞིག་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དག་ལས་མཐོང་ཡང་། ད་རེས་ལྟར་གྱི་ཚོར་བ་མ་སླེབས།

        ལོ་ཤས་གོང་སྤི་ཏི་དང་ཁུ་ནུ་ཕྱོགས་ལ་འགྲོ་སྐལ་བྱུང་དུས་ཀྱང་ཡུལ་མི་ཚོའི་སེམས་ཁྲལ་གཅིག་ནི་དགུན་ཁར་ཁ་བ་ཡག་པོ་མི་འབབ་པ་དང་། ཆུའི་དཀའ་ངལ་ཡོད་པ་དེ་བཤད་ཡོང་དུས། སྤི་ཏིའི་ཆུ་མོ་ལྷུང་ལྷུང་དུ་འབབ་བཞིན་པའི་འགྲམ་ནས་ཆུའི་དཀའ་ངལ་ཇི་ལྟར་འཕྲད་པ་ཡིན་ནམ་སྙམ་པའི་དོགས་པ་རེ་ཡང་བྱུང་མོད། ཁོང་ཅག་གིས་”མགོ་ནག་སྐྱིད་སྡུག་གནམ་ལ་ཐུག་”ཅེས་པའི་དཔེ་བཞིན་སྔ་མོའི་ལུགས་སྲོལ་ལྟར་གནམ་ནས་ཁ་བ་འབབ་རྒྱུར་རེ་ཞིག་བསྒུགས་ནས་ཡོད་པ་ལས། སྤི་ཏི་ཆུ་བོ་ཡུར་བར་འདྲེན་ཐབས་སོགས་ལ་བསམ་བློ་གཏོང་གི་མེད་པ་འདྲ་སྙམ་པ་དེ་ཚོ་ཡང་དྲན་སོས་པས། ད་ནི་ཕལ་ཆེར་དུས་བཞིར་གངས་དང་འགྲོགས་པའི་མི་ཚོས་དེ་ལྟར་གསུངས་ན་དངོས་གནས་གནམ་གཤིས་འགྱུར་ལྡོག་ཟེར་བ་དེ་ར་འཕྲོད་ལ། སྤུར་རྒྱལ་གངས་རི་དང་། སྤུར་རྒྱལ་གངས་རི་དང་འདྲ་བའི་གངས་ཀྱི་རི་བོ་གཞན་དག་གིས་ཀྱང་སྲིད་པའི་ཕྱིང་ཞྭ་འཕུད་ཀྱིན་པའི་གནས་ཚུལ་འདི་ལ་གདུང་སེམས་མཉམ་བསྐྱེད་ལྟ་བུའི་བསམ་བློ་ཞིག་ཅིས་ཀྱང་འཁོར་འོང་།

        བཞུགས་སྒར་དྷ་རམ་ས་ལའི་མགྲོན་ཁང་མང་བོ་ཞིག་ཏུ་ཆུའི་དཀའ་ངལ་ཡོད་པ་རྒྱུན་ལྡན་ལྟ་བུ་ཡིན་ལ། གངས་ཅན་སྐྱིད་གཤོངས་ཀྱི་ཉེ་འཁོར་གྱི་གྲོགས་པོ་རེ་འགའི་སྡོད་ཤག་ཏུ་ཆུ་ཧ་ཅང་དཀོན་པ་ཡང་ལོ་འཆར་ཅན་ལྟ་བུ་ཡིན། ལྷག་པར་ད་ལོའི་ཕྱི་ཟླ་ ༦ པའི་ནང་<<བོད་ཀྱི་དུས་བབ་>>ཀྱིས་”ལོ་ངོ་དྲུག་ཅུའི་རྗེས་ཀྱི་དྷ་སའི་ཚ་རླབས་”[7] ཞེས་པའི་དྲ་བརྙན་གསར་འགྱུར་ཞིག་སྤེལ། དེར་ ༧ གོང་ས་མཆོག་གི་བཀའ་སློབ་དང་། གཞན་དྷ་སར་གནས་སྡོད་ཀྱི་མི་སྣ་སྐོར་ཞིག་ལ་བཅར་འདྲི་བྱས་འདུག ཁོང་ཚོ་ཚང་མས་སྔར་དྷ་སར་ཡང་ཁ་བ་མང་བོ་དང་མཐུག་པོ་འབབ་པ་དང་། ལོ་ངོ་དྲུག་ཅུའི་ནང་རིམ་བཞིན་ཁ་བ་འབབ་ཚད་ཇེ་ཉུང་དུ་སོང་སྟེ་ད་ལྟ་ཁ་བ་མི་འབབ་པ་དང་། བབས་ན་ཡང་ལམ་སེང་ཞུ་འགྲོ་བའི་སྲབ་སྲབ་ཅིག་ལས་མེད་པའི་གནས་ཚུལ་ལ་བདེན་དཔང་བྱེད་ཅིང་། ད་ལོ་ནི་ལོ་དྲུག་ཅུའི་རྗེས་ཀྱི་དྷ་སར་ཚ་རླབས་ཆེ་ཤོས་དེ་སླེབས་ཡོད་པར་གསལ་བཤད་བྱས་འདུག

         སྤྱིར་བཏང་གནམ་གཤིས་དྲོད་ཚད་འཕེལ་ནས་འཁྱགས་རོམ་ཞུ་བཞིན་པ་འདི་ནི་བོད་མཐོ་སྒང་གཅིག་པུ་མིན་པར་འཛམ་གླིང་ས་སྒང་སྤྱིའི་གནས་ཚུལ་ཚབས་ཆེན་ཞིག་ཆགས་འདུག་སྟེ། དཔེར་ན། འཛམ་གླིང་གི་གསར་འགྱུར་ཆེ་ཁག་ཨ་རིའི་སི་ཨན་ཨན་[8] སོགས་མང་བོའི་ནང་ཉེ་ཆར་ཐོན་པ་ལྟར་ན། འཛམ་གླིང་གི་གླིང་ཕྲན་ཆེ་ཤོས་གྷི་རེན་ལན་ཌིའི་(Greenland)འཁྱགས་རོམ་ཞུ་བཞིན་པའི་གནས་ཚུལ་བཀོད་ཡོད་ལ། ལྷག་པར་ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ནས་ ༡༧ བར་གྱི་ཉིན་གསུམ་ལ་ཉིན་རེར་འཁྱགས་པ་ཏུན་(Ton)དུང་ཕྱུར་ ༦༠ རེ་ཞུ་བཞིན་པ་བཀོད་པ་ལྟ་བུ་ཡིན།

        གང་ལྟར་ན་ནིང་སྟེ། སྤྱི་ལོ་ 2021ལོའི་ལོ་མཇུག་ཏུ་གྲོགས་པོ་ཞིག་གིས་ཁུ་ནུའི་གནས་སྒོ་ནས་བསྐུར་བའི་སྤུར་རྒྱལ་གངས་རིའི་པར་དང་བརྙན་སོགས་མཐོང་བས་རྐྱེན་བྱས་ནས་སྲིད་པའི་གངས་རྒན་འདི་ལ་སླར་ཡང་དོ་སྣང་བྱུང་ཞིང་། ད་ལོ་མང་ཡུལ་ལ་དྭགས་སོགས་སུ་ཉུལ་དུས་ས་གནས་ཡུལ་མི་ཚོའི་ཚོར་བས་ཟིན་པའི་སྐད་ཆ་སྟེ། སྤུར་རྒྱལ་གངས་རིའི་གཡས་གཡོན། རི་བོ་ཧི་མ་ལ་ཡའི་ཕར་ཚུར་ན་ཁ་བ་མི་འབབ་པ་དང་། ཆུ་དཀོན་པ་སོགས་ཀྱི་གཏམ་རྒྱུད་ཇེ་རིང་ནས་ཇེ་རིང་ལ་འགྲོ་བཞིན་ཡོད་པས་སྤུར་རྒྱལ་གངས་རི་ལ་ཆེད་དུ་རྒྱུས་ལོན་བྱ་རྒྱུ་མ་བྱུང་ཡང་གནས་སྟངས་འདིའི་འོག་ནས་བྱོལ་ཐབས་ག་ལ་ཡོད་སྙམ་སོང་།

སྤུར་རྒྱལ་གངས་རི་ལྟ་བུའི་གངས་རི་རྣམས་ཇི་ལྟར་སྲུང་སྐྱོབ་བྱས་སམ།

        ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གཤམ་ཕྱོགས་སེངྒེ་གཙང་བོའི་རྒྱུད་དུ་རླངས་འཁོར་ལས་སྤྱི་ལེ་ ༧༥ ཙམ་ཕྱིན་པའི་མཚམས་ན་སེངྒེ་གཙང་བོར་ལྕགས་ཟམ་ཞིག་ཡོད་ཅིང་། དེར་བརྒལ་ནས་སྲིབ་ངོས་ཀྱི་ལུང་ཆུང་ཞིག་གི་ནང་ཡར་སོང་ན་ཧིབ་ཏི་ཟེར་བའི་མི་ཚང་ལྔ་དྲུག་ཅན་གྱི་ཡུལ་ཆུང་ཞིག་ཡོད། (ད་ལྟ་ཁྱིམ་ཚང་རྣམས་ལུང་བའི་མདའ་རུ་སྤོས་འདུག) ལུང་ཆུང་ཡུལ་ཆུང་འདི་དེང་གི་ས་ཁྲ་སོགས་ལས་མི་རྙེད་ཀྱང་། དབེན་པ་ལ་དགྱེས་པའི་སྒོམ་ཆེན་ཚོ་དང་། ཟང་ཟིང་ལ་སུན་པའི་མགོ་སེར་ཚོར་གསལ་ཆ་ཡོད། ཡུལ་ཆུང་འདིའི་གོང་ཙམ་ན་ལྷ་ཐོ་ལྟ་བུ་ཞིག་དང་། ཆུ་རྫིང་བསྐྱིལ་བའི་རགས་ཆུང་ཞིག་ཀྱང་འདུག འདིའི་ཉེ་འཁོར་ན་སྲིད་པའི་སྡོང་རྒན་ཤིན་ཏུ་སྦོམ་ལ་རིང་བ་མི་ཉུང་བ་ཞིག་འདུག་ལ། འགའ་ཞིག་རྒས་ཏེ་སྐྱེས་སྟོབས་ཉམས་ནས་འགྱེལ་ཡོད་ཀྱང་རང་དགར་བཞག་འདུག དེ་བས་ངས་ཤིང་སྡོང་འདི་དག་བུད་ཤིང་སོགས་ལ་བེད་སྤྱོད་མི་བྱེད་པ་ཅི་ཡིན་ནམ་དྲིས་ཚེ། འདིར་མི་མ་ཡིན་གྱི་གནས་བདག་ཡོད་པས་བེད་སྤྱོད་མི་བྱེད། གལ་སྲིད་བེད་སྤྱོད་བྱས་ན་གནོད་སྲིད་པ་རེད་ཟེར།

        བོད་ཨ་མདོ་ལྷོ་རྒྱུད་ཀྱི་ང་རང་སྐྱེ་སའི་སྡེ་བར་ནོར་བདག་ཅེས་པའི་ལབ་རྩེ་ཞིག་ཡོད་ལ། དེའི་རྫ་ར་ནས་བུད་ཤིང་སུ་རུ་དང་། སྣ་མ། སྤོས་མ་སོགས་འཐུ་བ་དང་། གླ་བ་དང་དགོ་བ་སོགས་རི་དྭགས་གསོད་པ་གཏན་ནས་མི་ཆོག ཉིན་ཞིག་རྒྱ་མི་ཤིང་འཐུ་བ་འགའ་ཞིག་གིས་སྣ་མ་ཤིང་རྟ་གཉིས་ཙམ་བཏུས་པ་དང་། རི་དྭགས་གླ་བ་གཉིས་ཀྱང་བསད་ཡོད་པ་སྡེ་མིས་མཐོང་སྟེ་ཁོ་ཚོ་སྡེ་བའི་གཞུང་ཁང་ར་བར་ཁྲིད་ཡོང་ནས་སྣ་མ་ཤིང་རྟ་གཉིས་ཀ་མེར་བསྲེགས་པ་དང་། གླ་རོ་གཉི་ག་ཚུར་ཕྲོགས་ཏེ་གཞུང་ཁང་གི་ཀ་བའི་མགོར་བཏགས་ཡོད་པའི་རྣམ་པ་དེ་ད་ལྟ་ཡང་དྲན།

         ཡང་བོད་ཀྱི་ལོ་རྒྱུས་འདྲ་ཀློག་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་སེམས་ཅན་གཞན་གྱི་སྲོག་མི་གཅོད་པ་སོགས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་[9] བཙུགས་པ་དང་། སྡེ་སྲིད་ཕག་མོ་གྲུ་བ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རི་རྒྱ་ཀླུང་རྒྱ་[10] བསྡམས་ཏེ། རི་ལ་གནས་པའི་རི་དྭགས་དང་ཆུ་ལ་གནས་པའི་སེམས་ཅན་རིགས་རང་དགར་རྔོན་རྒྱག་མི་ཆོག་པའི་ཁྲིམས་བཞག དུས་ཕྱིས་བཀའ་ཤག་གིས་རི་ཀླུང་རྩ་ཚིག་[11] བསྒྲགས་ཏེ་སྐམ་གཤེར་ལ་གནས་པའི་སྲོག་ཆགས་ལ་གནོད་འཚེ་མི་ཡོང་བྱེད། ཡང་གསེར་སྐོང་རྡོ་རྗེ་འཆང་གི་རྣམ་ཐར་ལས། “འབྲུག་ཡུལ་དུ་ཕག་པ་ཙམ་མ་གཏོགས་སྲོག་གཅོད་མི་ཆོག་པའི་བཀའ་བཅད་མཛད་པ་ད་ལྟའང་ཁྲིམས་སུ་གནས།”[12] ཞེས་སོགས་འབྱུང་། འདི་ནི་ང་ཚོའི་ཕ་མེས་ཡང་མེས་ཚོས་རང་བྱུང་ཁམས་ལ་འཛིན་པའི་ལྟ་ཚུལ་རེད་ལ། ནང་བསྟན་ཤེས་རིག་གི་ཚེ་སྲོག་འདྲ་མཉམ་གྱི་རིན་ཐང་གི་ལྟ་བ་ཡང་རེད།

        ད་དུང་རི་ཆུ་ནགས་གསུམ་ལ་ལྷ་ཀླུ་གཉན་གསུམ་གྱི་མི་མ་ཡིན་གནས་པར་ངོས་བཟུང་ནས་ས་བརྐོ་རྡོ་སློག་ཚུན་ཆད་ལ་འཛེམ་ཟོན་བྱེད། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་རིང་གི་ལྟ་བ་འདི་དང་ལག་ལེན་འདིས་ད་བར་རང་བྱུང་གི་སྣོད་བཅུད་ཀྱི་བཀོད་པ་ཚང་མར་སྲུང་སྐྱོབ་བྱས་ཡོད། འདི་ལ་དེང་གི་སྐད་ཆས་བཤད་ན་ཁོར་ཡུག་སྲུང་སྐྱོབ་ཡིན་ཅིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་འདི་ད་བར་བོད་མཐོ་སྒང་གི་ཁོར་ཡུག་ལེགས་ཉར་ཐུབ་ཡོད་པའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ཆགས་ཡོད།

ང་ཚོའི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ལ་མི་འདང་ས་གང་ཞིག་ཡོད་དམ།

        ཡར་ཐོན་དང་སྔོན་ཐོན། འཛུགས་སྐྲུན་དང་དེང་རབས། མི་ཚང་མས་འབོད་སྒྲ་འདི་དག་ལ་ཉན་ཞིང་མི་ཚང་མ་འབོད་སྒྲ་འདི་དག་གི་རྗེས་སུ་རྒྱུག་གི་ཡོད། འདི་ནི་རྟེན་འབྲེལ་གྱི་འགྱུར་བ་མང་བོ་ཞིག་གི་བསྐྱེད་འབྲས་ཡིན་པས་སུས་ཀྱང་འགོག་ཏུ་མེད་པ་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་གོང་གི་འབོད་སྒྲ་འདི་ཚོ་ནི་བཟང་བོ་འདོར་ཞིང་ངན་པ་དང་དུ་ལེན་པའི་འབོད་སྒྲ་ཞིག་དང་། རང་བྱུང་གི་མཛེས་པ་བཅོམ་ནས་བཅོས་མའི་ཁ་དོག་ཉམས་སུ་མྱོང་བའི་ལམ་ལུགས་ཤིག་ཀྱང་ཡིན་སྲིད་པར་འདོད་མཁན་ཡོད་མོད། ཡིན་ནའང་ང་ཚོ་ཚང་མ་ལམ་ཁ་འདི་མ་གཏོགས་འགྲོ་ས་གཞན་གང་ཡང་མེད། དེ་བས་ལམ་ཁ་འདི་ལ་སྐྱོད་ཀྱིན་རང་ཉིད་དང་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ཚོའི་ཆེད་དུ། སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་དེ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་གཞན་ཞིག་དང་ལེན་བྱེད་དགོས་ཆགས་ཡོད།

        དེ་ནི་ཐོན་ཁུངས་གྲོན་ཆུང་བྱེད་རྒྱུ་དང་གད་སྙིགས་དང་ལྷག་པར་འགྱིག་རིགས་ཀྱི་གད་སྙིགས་ཉུང་དུ་གཏོང་རྒྱུ་དེ་ཚོ་རེད། དེང་སང་དཔལ་འབྱོར་འདུ་འགོད་སླད་བཟོ་གྲྭ་ཚོས་ཟས་གོས་སོགས་ཅ་དངོས་ཆང་ཆུང་རེ་ལའང་འགྱིག་གི་བླུག་སྣོད་ཆེ་ཐག་ཆོད་རེ་བཟོ་བཞིན་ཡོད་ལ། ཚོང་ར་ཁག་ཏུ་ཐ་ན་སྔོ་ཚལ་དང་གྲོ་འབྲས་ཚུན་ཆད་ལ་འགྱིག་སྣོད་དང་འགྱིག་ཁུག་བེད་སྤྱོད་བྱེད་ཀྱིན་ཡོད་པས་རི་ཆུ་ནགས་ཐམས་ཅད་ན་འགྱིག་ཤོག་དང་། འགྱིག་ཐུར། འགྱིག་སྣོད་སོགས་ཀྱི་གད་སྙིགས་མཐོང་རྒྱུ་ཡོད་པ་ཡིན། འགྱིག་གི་རྒྱུ་ཆ་ཅན་གྱི་ཅ་དངོས་གང་ཞིག་ཡིན་ཀྱང་ལོ་ངོ་མང་བོའི་རིང་རུལ་རྒྱུ་མེད་པས་འགྱིག་གི་གད་སྙིགས་གང་དུ་ཡོད་པ་དེས་རྩི་ཤིང་ནགས་ཚལ་གྱི་སྐྱེས་སྟོབས་ལ་གནོད་པ་དང་། བདག་མེད་སེམས་ཅན་ཚོའི་གྲོད་ཁོག་ཏུ་སོང་བས་ཤི་རྨས་འབྱུང་གི་ཡོད་པའི་པར་དང་བརྙན་མང་བོ་མཐོང་དུ་ཡོད། ཁོར་ཡུག་གི་གནས་སྟངས་དོ་མ་མཉམ་པའི་འགྱུར་བ་དེ་ལ་བརྟེན་ནས་གནམ་གཤིས་ཚ་དྲོད་རྒྱས་པ་དང་། དེས་སྲིད་པའི་འཁྱགས་རོམ་དག་ཀྱང་བཞུ་བཞིན་ཡོད་པས། ང་ཚོས་གངས་རི་ཚུད་པའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ན་ཅིས་ཀྱང་འགྱིག་གི་གད་སྙིགས་ལ་བདག་པོ་རྒྱག་དགོས་ལ། དེ་ནི་ཐ་ན་ཀ་ར་ཆུང་ཆུང་ཞིག་གི་ཤུན་པགས་ཡན་ཆད་ནས་ག་སར་མི་འདོར་བར་གད་སྙིགས་གསོག་སར་སྐྱེལ་ཐུབ་པ་དགོས་རྒྱུ་དེ་ཡིན།

        འགྱིག་རིགས་ཀྱི་གད་སྙིགས་རང་གར་དོར་ཏེ་ས་དང་ཆུ་ལ་ཐིམ་ན་ཧ་ལམ་ལོ་ངོ་བརྒྱ་ཕྲག་གི་རིང་མི་རུལ་བས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པར་ཁོར་ཡུག་ཆེད་ལས་པས་བཤད་ཅིང་། གལ་སྲིད་མེར་སྲེག་བཏང་ནའང་དེ་ཡི་དུ་བས་རླུང་ཁམས་སྦགས་བཙོག་བཟོ་བར་བཤད། ‘ལྷོ་སྣེ་གླིང་དུ་བབས་པའི་ཁ་བའི་ཁྲོད་འགྱིག་ཕྲ་རབ་མཐོང་བ་’ཞེས་པའི་གསར་འགྱུར་གྱི་ཁ་བྱང་འོག་ཏུ། “ཉེ་ཆར་འཁྱགས་རོམ་སྡེ་ཞེས་པའི་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་ཞིག་ན་བསྟན་དོན། ནེའུ་ཙི་ལན་ཁན་ཐེ་པོ་ལེ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ལྷོ་སྣེ་གླིང་གི་གསར་འབབ་ཁ་བའི་ཁྲོད་ཐེངས་དང་པོར་འགྱིག་ཕྲ་རབ་མཐོང་ཡོད་པ་རེད། ཞིབ་འཇུག་མི་སྣས་དེ་ནི་ཡིད་ཆེས་དཀའ་བ་ཞིག་ཡིན་པ་དང་། བབས་མ་ཐག་པའི་ལྷོ་སྣེའི་ཁ་བའི་ཁྲོད་ནས་འགྱིག་ཕྲ་རབ་རྙེད་པ་དེས་སྤོས་འགྱིག་གི་སྦགས་བཙོག་ཐེབས་ཚད་མངོན་ཡོད་པ་དང་། འཛམ་གླིང་གི་ཆེས་མཐའ་སྣེ་ས་ཁུལ་དུ་དེ་འདྲ་ཡིན་པ་རེད་ཅེས་བསྟན་ཡོད།”[13] ཅེས་གསལ། དེ་ལྟ་ནའང་འགྱིག་རིགས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་དག་གིས་ཉིན་རྒྱུན་བཞིན་སྔར་ལས་ཀྱང་འབོར་ཆེ་བའི་འགྱིག་རིགས་ཐོན་སྐྱེད་བྱེད་བཞིན་ཡོད། དེ་ནི་དུས་རབས་གསར་བའི་ནང་གི་མིའི་རིགས་ཀྱི་དགོས་མཁོ་ཡིན། དགོས་མཁོ་དེས་རང་ཉིད་ལ་ཕན་གནོད་གཉིས་ཀ་སྐྲུན་བཞིན་ཡོད་ལ། དེ་དང་མཉམ་དུ་གདམ་ག་ཞིག་ཀྱང་སྤྲོད་བཞིན་ཡོད། གདམ་ག་དེའི་ཆ་ཤས་ཤིག་ལ་ད་གཟོད་ཁོར་ཡུག་སྲུང་སྐྱོབ་ཟེར། དེ་ནི་ང་ཚོས་བྱེད་ཐུབ་པ་དེ་ཡིན།

མཇུག་བསྡུ་བ།

        དེ་ལྟར་ཡར་རྒྱས་དང་འཛུགས་སྐྲུན་གྱི་དུས་རབས་གསར་བ་འདིས་ཞིམ་མངར་བྲོ་གསུམ་གྱི་བཟའ་བཅའ་དང་། བདེ་འཇམ་དྲོད་གསུམ་གྱི་གྱོན་ཆས། འགྲོ་མགྱོགས་འདུག་བདེ་དང་། བརྡ་འཕྲིན་མྱུར་སྐྱེལ་གྱི་ཞབས་ཞུ་སོགས་ང་ཚོ་ལ་བྱིན་པའི་ལེགས་སྐྱེས་གྱ་ནོམ་པ་ཡིན་ནའང་། དེ་དང་མཉམ་དུ་རྫས་སྦྱོར་གྱི་ཟས་རིགས་དང་། ས་བརྐོ་རྡོ་སློག་ཤིང་བཅད་ཆུ་དཀྲུག་བྱས་པ་ལ་བརྟེན་ནས་ནད་རིགས་སྣ་ཚོགས་བསྐྱེད་པ་དང་། ས་འགུལ་བ། ཆུ་འཕྱུར་བ། མེ་ཤོར་བ། རླུང་འཚུབ་པ་སོགས་ང་ཚོའི་འཚོ་གནས་ལ་རྒོལ་བའི་དགྲ་བོ་མང་དུ་སྐྱེད་སྲིང་བྱས་ཡོད་པ་ཡང་ཁས་མི་ལེན་ཀ་མེད་ཡིན། དེ་ལྟ་ནའང་གདམ་ག་གཞན་མེད་པར་དུས་རབས་གསར་བའི་འགྱུར་བ་འདི་ང་ཚོ་སུས་ཀྱང་དང་ལེན་བྱེད་དགོས། དེར་བརྟེན་ང་ཚོས་དུས་རབས་གསར་བའི་འགྱུར་འགྲོས་དང་བསྟུན་ནས་སྔར་མེད་ཀྱི་འཚོ་བར་རོལ་པ་དང་མཉམ་དུ་སྔར་མེད་ཀྱི་འགན་འཁྲི་ཞིག་ཀྱང་འཁུར་དགོས་ལ། དེ་ནི་གོང་གསལ་ལྟར་ཁོར་ཡུག་སྲུང་སྐྱོབ་ཀྱིས་མཚོན་པའི་དུས་རབས་གསར་བའི་བླང་བྱ་འདི་དང་འདི་ལྟ་བུ་དག་ཡིན་པར་སྙམ་མོ།།

སྤྱི་ལོ་ 2022 ཟླ་ 8 ཚེས་ 13 ལ་བྲིས།


[1] <<གཏམ་རྒྱུད་གསེར་གྱི་ཐང་མ།>> གངས་ཅན་རིག་མཛོད། ༡༠ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོ། P.58 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990 ལོ།

[2] <<ཏ་པོ། དུས་རབས་བཅུ་པ་ནས་ཉི་ཤུ་པའི་བར་གྱི་སྔ་མོའི་རྒྱ་གར་དང་བོད་ཀྱི་ལྡེབས་རིས་དང་ཡི་གེ ནུབ་ཧི་མཱ་ལ་ཡའི་གནའ་བོའི་དགོན་གྲོང་ཞིག>> P.75 རྩོམ་པ་པོ། རཱ་ཧུ་ལ། ཏ་པོ་དགོན་གྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་ཞུས། 2013 ལོ།

[3] གོང་གསལ་དེབ། P.74 “ན་བོའམ་གནས་སྒོ། (Nako)” ཞེས་གསལ།

[4] གོང་གསལ་དེབ། P.63-4 “ཁུ་ནུའི་ཡུལ་རྣམས་གླང་ཆེན་ཁ་འབབ་བཞུར་ཡུལ་གྱི་ལུང་གཞུང་ནང་གཙང་པོ་འདིའི་གཡས་གཡོན་དང་གཙང་པོའི་གཡས་གཡོན་གྱི་ལུང་གཞུང་ཁག་གི་ནང་ཆགས་ཡོད།” ཅེས་དང་། “ཁུ་ནུ་སྤྱིའི་སའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་ ༦༤༠༡ ཡོད་པ་དང་། ཁུ་ནུའི་ཡུལ་དུ་བསྡོམས་པས་གྲོང་གསེབ་ ༢༢༨ ཡོད་ཟེར། ༢༠༠༢ དང་། ༢༠༠༣ ལོའི་ནང་དུ་ཁུ་ནུའི་སྤྱིའི་མི་གྲངས་ ༧༨༣༣༤ ཡིན་པ་དང་། ༢༠༠༡ ལོའི་ཧི་མཱ་ཅལ་གཞུང་གི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བཤིབ་[ཞིབ་]གཤེར་གྱི་བསྡོམས་གྲངས་ནང་གསལ་ལྟར་ན་ཁུ་ནུ་ལ་ནང་པའི་མི་གྲངས་ནི་གཅིག་ཁྲི་དགུ་སྟོང་བཞི་བརྒྱ་བཅུ་མེད་ལྔ་ ༡༩༤༠༥ ཡིན།” ཞེས་གསལ།

        འོན་ཀྱང་སྔ་སོར་ཡུལ་འདི་ལ་ངོས་འཛིན་འདྲ་མིན་མཆིས་ཏེ། བཙན་པོའི་འཛམ་གླིང་རྒྱས་བཤད་དུ། “དེའི་ཤར་མངའ་རིས་གུ་གེ་སོགས་དང་ཉེ་སར་ཁུ་ནུ་ཟེར་བའི་ཡུལ་དང་།” ཞེས་དང་། “ཉུང་ཏི་ཟེར་བའི་ཡུལ་དེ་གནས་ཉེར་བཞིའི་ནང་ཚན་ཀུ་ལི་[ལུ་]ཏར་ངོས་འཛིན་མཁན་མང་ཡང་། ཁུ་ནུ་གནས་ཀུ་ལི་[ལུ་]ཏར་ངོས་བཟུང་ན་རུང་ཚོད་འདུག” (<<འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།>> P.126-7 རྩོམ་པ་བོ། བཙན་པོ་སྐུ་ཕྲེང་བཞི་བ་བསྟན་འཛིན་འཕྲིན་ལས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009 ལོ།) ཅེས་གནས་ཉེར་བཞིའི་ཀུ་ལུ་ཏ་ཡིན་པར་ངོས་བཟུང་ན་རུང་ཚུལ་དང་། ཡང་མཁས་དབང་དགེ་ཆོས་ཀྱིས། “མིའམ་ཅི་ནི་ཀིནྣར་སྟེ་ཕྱིས་བོད་རྣམས་ལ་ཁུ་ནུ་ཞེས་བརྡ་ཆགས་པ་ཞིག་རྒྱ་གར་དང་མངའ་རིས་ཀྱི་མཚམས་སུ་མཆིས་ཤིང་།” (<<གཏམ་རྒྱུད་གསེར་གྱི་ཐང་མ།>> གངས་ཅན་རིག་མཛོད། ༡༠ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོ། P.160 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990 ལོ།) ཞེས་སོགས་མིའམ་ཅི་ཞེས་པའི་ཡུལ་དུ་བཤད་དོ།།

[5] གོང་གསལ་དེབ། P.77 “སྤུ་ཞེས་པའི་ཡུལ་དུ་སྔོན་ལྷ་བླ་མ་ཡེ་ཤེས་འོད་(༩༦༥ ནས་ ༡༠༣༥ ལོའི་སྔོན་རྗེས་།)དང་ལྷ་བཙུན་པ་བྱང་ཆུབ་འོད་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་བཅས་ཀྱི་དུས་སུ་བཞེངས་པའི་ལྷ་ཁང་གཅིག་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བཞེངས་པའི་རྡོ་རིང་གཅིག་བཅས་ཀྱང་ཡོད། རྡོ་རིང་གི་མདུན་ན་ལོ་རྒྱུས་ཀྱི་ཡི་གེ་འདི་ཡོད་པ་དང་། རྡོ་རིང་གི་རྒྱབ་ན་མཆོད་རྟེན་གཅིག་དང་ཅོ་[ཅོད་]པན་གྱོན་པའི་རྒྱ་གར་རྒྱལ་པོའི་ཆ་ལུགས་ཅན་གྱི་ལྷ་ཁ་ཤས་ཀྱི་བརྐོས་རིས་བཅས་ཡོད། རྡོ་རིང་འདི་ལ་བསྡོམས་པས་ཡིག་ཕྲེང་བཅུ་གཅིག་ཡོད་ཀྱང་བྱིངས་ལ་སྐྱོན་བྱུང་ནས་ངོས་མི་ཟིན། གང་གསལ་བ་ཁག་ནི། (1) ༄།། དཔལ་གྱི་ལྷ་བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ་” ཞེས་སོགས་སྤུ་ཡི་རྡོ་རིང་གི་ཡི་གེ་གང་གསལ་བ་རྣམས་ཀྱང་བཀོད་འདུག

[6] གོང་གསལ་དེབ། P.71

[7] <<བོད་ཀྱི་དུས་བབ།>> Tibet Times 2022/6/11

[8] CNN,  July 20 2022, The amount of ice that melted in Greenland between July 15 and 17 alone — 6 billion tons of water per day.

[9] <<དེབ་ཐེར་དམར་པོ།>> P. 35-6 “བོད་འབངས་ལ་དགེ་བ་བཅུའི་ཁྲིམས་བཅས། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས།” རྩོམ་པ་པོ། ཚལ་པ་ཀུན་དགའ་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་། 1981 ལོ།

[10] <<བོད་ཀྱི་སྲིད་དོན་རྒྱལ་རབས།>> གླེགས་བམ་དང་པོ།  P. 334 “རི་རྒྱ་ཀླུང་རྒྱ། ཆུ་ཆེན་ཁག་ལ་ཟམ་པ་དང་། ཀོ་གྲུ་གསར་འཛུགས།” རྩོམ་པ་པོ། ཞྭ་སྒབ་པ། Kalipong ཕྱི་ལོ་ 1976

[11] <<དུང་དཀར་ཚིག་མཛོད།>> སྨད་ཆ། P. 1895 “དེ་སྔ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལའི་བླ་མའི་དགུང་སྐག་འཁེལ་སྐབས་བཀའ་ཤག་ནས་རྫོང་གཞིས་ཁག་ལ་སྤྱང་ཀི་བྱི་བ་ཕུད་དེ་བྱིངས་སྐམ་གཤེར་ལ་གནས་པའི་སྲོག་ཆགས་ཆེ་ཕྲ་ཅི་ལ་ཡང་གནོད་འཚེ་མི་ཆོག་པའི་རྩ་ཚིག་སྤེལ་ནས་རི་རྒྱ་ཀླུང་རྒྱ་བསྡོམས་སྲོལ་ཡོད་པ་དེའི་རྩ་ཚིག་ལ་རི་ཀླུང་རྩ་ཚིག་ཅེས་ཟེེར།” རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 ལོ།

[12] <<གསུང་འབུམ་དང་རྣམ་ཐར་>>ཞེས་པའི་ནང་གི་དགའ་ལྡན་གསེར་སྐོང་རྡོ་རྗེ་འཆང་སྐུ་ཕྲེང་དང་བོ་རྗེ་བཙུན་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱི་རྣམ་ཐར། P.334 གསེར་སྐོང་བླ་བྲང་། 2010 ལོ།

[13] <<ཀྲུང་གོའི་བོད་ཀྱི་རླུང་འཕྲིན་དྲ་བ།>>ཞེས་པའི་སྟེང་གི་ 2022-06-14 ཉིན་གྱི་གསར་འགྱུར།