ཁོར་ཡུག་རྩོམ་རིག་གསལ་བརྡ།

ཁོར་སྲུང་བ།

རྩོམ་ཡིག་གི་བརྗོད་གཞི།

༢༠༢༡ ལོའི་ཁོར་ཡུག་གི་རྩོམ་རིག་འགྲན་སྡུར་གྱི་བརྗོད་གཞི་ནི་ཁོར་སྲུང་བ་ཡིན། ཁོར་སྲུང་བ་ཞེས་པའི་བརྗོད་གཞི་འདིའི་ནང་དུ། སྔོན་གྱི་ལོ་རྒྱུས་ནང་དུ་བྱུང་བའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མཁན་དང་། ཡང་ན། ད་ལྟའི་སྤྱི་ཚོགས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་སྤེལ་བཞིན་པའི་སྐྱེ་བོ་གང་རུང་ངོ་སྤྲོད་བྱ་རྒྱུ་དང་། ཁོང་ཚོས་ཁོར་ཡུག་གི་ཆེད་དུ་བསྒྲུབས་པའི་བྱས་རྗེས་གསལ་སྟོན་བྱེད་རྒྱུ་དེ་ཡིན།

ཁོར་སྲུང་བའི་ཁོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་པའི་བསམ་བློ་བ་དང་། ལས་འགུལ་བ། ཚན་རིག་པ། རྩོམ་པ་པོ། གཏམ་བཤད་པ། དྲིལ་བསྒྲགས་པ། ཚོང་པ་སོགས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་ལས་ཀ་བྱས་དང་བྱེད་བཞིན་པའི་འཛམ་གླིང་གི་སྐྱེ་བོ་སུ་ཡིན་ཀྱང་ཆོག

ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་དམིགས་ཡུལ་ནི་བོད་ཀྱི་སྤྱི་ཚོགས་སུ་ཁོར་ཡུག་སྐོར་གྱི་བགྲོ་གླེང་དང་གོ་རྟོགས་སྤེལ་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། བོད་རང་གི་སྐད་ཡིག་གི་ནང་དུ་ཁོར་ཡུག་དང་འབྲེལ་བའི་རྩོམ་གྱི་རྒྱུ་ཆ་མང་དུ་སྤེལ་རྒྱུ་དེ་ཡིན།

རྩོམ་རིག་འགྲན་སྡུར་གྱི་ཆ་རྐྱེན།

༡ ནང་དོན། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མི་སྣ་ངོ་སྤྲོད།
༢ རིང་ཐུང་དང་ཡི་གེའི་ཆེ་ཆུང་། ཧི་གཟུགས་ཆེ་ཆུང་ ༢༠ ཡིན་པའི་ཤོག་གྲངས་ལྔ་ལས་མ་བརྒལ་བ་ཞིག
༣ རྩོམ་གྱི་རིགས། ཁོར་སྲུང་བའི་མི་སྣ་ཞིག་དང་མི་སྣ་དེའི་བྱས་རྗེས་འབུར་དུ་ཐོན་པ། ཁུངས་ལུང་གི་ཟུར་མཆན་གསལ་བོར་ འགོད་དགོས།
༤ སྤུས་ཚད། བོད་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་པའི་རྩོམ་ཡིག་ཚད་ལྡན་ཡིན་དགོས།
༥ དབང་ཚད། ང་ཚོ་ལ་བསྐུར་ཚར་བའི་རྩོམ་ཡིག་རྣམས་དེབ་དང་དྲ་ཐོག་ཏུ་འགོད་པའི་དབང་ཚད་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པར་ཡོད།

དཔྱད་འདེམས།

དཔྱད་འདེམས་ཚོགས་ཆུང་གི་ཚོགས་མི་རེ་རེས་རྩོམ་ཡིག་རེར་༠-༡༠ བར་གྱི་སྐར་གྲངས་སྤྲད་དེ་ཆ་སྙོམས་ཀྱི་བརྒྱ་ཆ་མང་རིམ་བཞིན་འདེམས་རྒྱུ་ཡིན།

 

གསལ་བསྒྲགས།

སྤྱི་ཟླ་༡༠་ཚེས་༤ སྟེ་འཛམ་གླིང་སྲོག་ཆགས་ཀྱི་ཉིན་མོར་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན།

གཟེངས་རྟགས།

དཔྱད་རྩོམ་གྱི་ནང་དོན་དང་ཉམས་ཞིབ་ཀྱི་གནད་ལ་གདེང་འཇོག་བྱས་ཏེ། རིམ་པ་བཞིན་ཨང་དང་པོ་དང་། གཉིས་པ། གསུམ་པ་རྣམས་ལ། དམངས་སྒོར་ ¥2345 དང་། ¥1500  ¥800 དང་། བྱ་དགའི་དཔང་ཡིག་བཅས་འབུལ་རྒྱུ་ཡིན། རྩོམ་པ་པོ་ཕྱི་རྒྱལ་དུ་ཡོད་ན། གོང་གི་དམངས་སྒོར་གྱི་རིང་ཐང་གི་རྩོམ་ཡོན་རང་རང་གི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་ནང་དུ་འབུལ་རྒྱུ་ཡིན། གཞན་ཡང་ཕུལ་བྱུང་གི་རྩོམ་པ་པོ་དང་། ཚད་ལྡན་རྩོམ་ཡིག་རྣམས་ལ་གང་འཚམས་ཀྱི་རྩོམ་ཡོན་འབུལ་རྒྱུ་དང་། རྩོམ་ཡིག་རྣམས་དྲ་ཚིགས་སུ་འགོད་རྒྱུ་ཡིན།

 

རྩོམ་ཡོན་འབུལ་ལམ།

ཁུག་དམར།

བོད་ན་ཡོད་པའི་རྩོམ་པ་པོ་ཡིན་ན་ཁུག་དམར་ལེན་ཐུབ་པའི་སྐད་འཕྲིན་ཁ་བྱང་ཞིག་ངེས་པར་དུ་རྩོམ་ཡིག་དང་མཉམ་དུ་ང་ཚོར་སྐུར་རོགས། ཁ་བྱང་དེར་རྩོམ་ཡོན་བསྐུར་རྒྱུ་ཡིན།

ཕེ་ཕལ།


ཀྲུང་གོའི་ཕྱི་ན་ཡོད་པའི་རྩོམ་པ་པོ་ཡིན་ན་PayPal དང་ཡང་ན་Western Union བརྒྱུད་ནས་རྩོམ་ཡོན་བསྐུར་རྒྱུ་ཡིན། ཕེ་ཕཱལ་ཡོད་ན་ཕེ་ཕཱལ་གྱི་ཁ་བྱང་དང་། གཞུང་འབྲེལ་བེད་སྤྱོད་བྱེད་ཀྱིན་པའི་རང་གི་མིང་ཆ་ཚང་རྩོམ་ཡིག་དང་མཉམ་དུ་ང་ཚོར་བསྐུར་རོགས། མིང་དེ་ལ་བསྟུན་ནས་རྩོམ་ཡོན་བསྐུར་ཡོང་རྒྱུ་ཡིན།

ཟེ་ལེ།

ཨ་རི་ན་ཡོད་པའི་རྩོམ་པ་པོ་ཡིན་ན་Zelle བརྒྱུད་ནས་རྩོམ་ཡོན་བསྐུར་ཀྱང་ཆོག

སྐུར་ཡུལ།

རྩོམ་ཡིག་སྐུར་སའི་གློག་འཕྲིན་ཁ་བྱང་ནི་ info@tibetanecology.org ཡིན། བོད་ཕྱི་ནང་གང་ནས་ཡིན་ཀྱང་གློག་འཕྲིན་ཁ་བྱང་འདི་ལ་འབྲེལ་བ་གནང་རོགས། རྩོམ་ཡིག་རྣམས་སྤྱི་ཟླ་ ༩ ཚེས ༡ སྔོན་ལ་འབྱོར་དགོས་པས་དེ་དོན་དགོངས་འཇགས་འཚལ།

 

གསལ་བརྡ།

༢༠༢༡ ལོའི་ཁོར་ཡིག་རྩོམ་རིག་འགྲན་སྡུར་གྱི་གསལ་བསྒྲགས་ PDF ཡིག་ཆ་འདིར་ཡོད།