༄༅།།ལྷོ་ཤར་ཨེ་ཤ་ཡའི་འཇིགས་སྣང་གསོན་པོ།

རྩོམ་པ་བོ།
བློ་གྲོས་ཆོས་བཟང་།


ག༽ བོད་ཀྱི་ཆུ་ཆེན་གྱི་འབག་བཙོག་དང་། མི་མང་དུང་ཕྱུར་གྱི་ངུ་འབོད།

ང་ཚོའི་ཡབ་མེས་རྣམས་ཀྱི་ཁ་དཔེར། ཆུ་མགོ་བསྙོགས་ན་དྭངས་ཐབས་མེད། ཅེས་པ་ལྟར་ཨེ་ཤ་ཡའི་ཆུ་བོ་ཀུན་གྱི་འབྱུང་ཁུངས་བོད་མཐོ་སྒང་གི་ཆུ་ཆེན་ཁག་དང་། གངས་རི། མཚོ་དང་མཚེའུ་སོགས་ཡིན་པ་ནི་གོང་དུ་འཁོད་པའི་ཡིག་ཆ་རྣམས་ཀྱི་བདེན་དཔང་བྱས་ཡོད་ལ། བོད་ཀྱི་ཁོར་ཡུག་ལ་དོ་ཕོག་དང་གཏོར་སྐྱོན། འབག་བཙོག་ཇི་ཙམ་སོང་བའི་ཚོད་ཀྱིས་བོད་ཀྱི་ཆུ་ཆེན་ཁག་བཞུར་ཡུལ་གྱི་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་ཀྱི་མི་མང་དུང་ཕྱུར་མང་པོར་དཀའ་ངལ་བཟློག་མེད་ཅིག་འཕྲད་ངེས་ཡིན་པ་ནི་ཆོས་ཉིད་ཡིན་ལ། ལྷག་པར་དུ་དེང་གི་ཉམས་ཞིབ་པ་དང་ཚན་རིག་པ་མང་པོའི་སྙན་ཐོ་ 30  31 ནང་གསལ་བ་ལྟར་རེད།

འོ་ན་བོད་ཀྱི་ཁོར་ཡུག་དང་ཆུ་ཆེན་ཁག་ལ་འབག་བཙོག་བཟོ་མཁན་ལྟེ་བ་གང་ཡིན་དང་། དེའི་མཇུག་འབྲས་སུ་ཅི་ཞིག་བྱུང་ཞེ་ན། སྤྱིར་ན་སྤྱི་ལོ་ ༡༩༥༠ ཡར་སྔོན་དུ་བོད་མཐོ་སྒང་གི་ཁོར་ཡུག་དང་། གངས་རི། ཆུ་ཆེན་ཁག་འབག་བཙོག་གི་རྒྱུར་གྱུར་བའི་གཏེར་ཁ་སྔོག་འདོན་དང་། ཆུ་རགས། ཆུ་ཆེན་ཁག་གི་ཁ་ཕྱོགས་བསྒྱུར་བ་སོགས་ཀྱི་ལས་དོན་གང་ཡང་གཉེར་མེད་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་ལགས། བོད་མི་རིགས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རྒྱ་མཚོའི་རོ་བཅུད་མྱང་བའི་རྐྱེན་ལས་རང་བྱུང་ཁམས་ལ་བརྩི་མཐོང་དང་། གལ་ཆེན་གྱི་འདུ་ཤེས་འཛིན་མཁན་གྱི་མི་རིགས་ཤིག་ཡིན་ཞིང་། ས་རྐོ་རྡོ་སློག་གི་ལས་ནི་རང་བྱུང་ཁམས་གཏོར་སྐྱོན་གྱི་རྒྱུར་ངོས་འཛིན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། 
སྤྱི་ལོ་ ༡༩༥༠ ནས་རྒྱ་དམར་གྱིས་རང་བྱུང་ཁམས་ཀྱིས་ཕྱུག་པའི་མཐོ་སྒང་བོད་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོ་བཙུགས་པ་32  དང་མཐོ་སྒང་གི་ཁོར་ཡུག་ལ་ཉམས་རྒུད་ཀྱི་འགོ་ཡང་ཚུགས་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་བོད་ནང་གཏེར་ཁ་སྔོག་འདོན་ཚད་ལས་བརྒལ་བ་དང་། ཆུ་རགས་ཚོད་མེད། ཆུ་ཆེན་ཁག་གི་བཞུར་ཡུལ་གྱི་ཁ་ཕྱོགས་བསྒྱུར་པ། ཁོར་ཡུག་འབག་བཙོག་ལ་སོགས་པའི་རྐྱེན་གྱིས་བོད་ཀྱི་ཆུ་ཆེན་ཁག་སྐམ་འགོ་ཚུགས་པ་དང་། ཆུ་ཆེན་གྱི་ཞེང་ཚད་ཇེ་ཆུང་སོགས་སུ་ཕྱིན་ཡོད། WWF ཚོགས་པའི་སྙན་ཐོའི་ནང་འཛམ་གླིང་གི་ཆུ་ཆེན་ཁག་བཅུ་སྐམ་ཉེན་ཡོད་པ་དང་།33  དེའི་ནང་ནས་ལྔ་ནི་བོད་མཐོ་སྒང་ནས་བཞུར་བའི་ཆུ་བོ་སྟེ་ ༡ རྒྱལ་མོ་རྔུལ་ཆུ། ༢ རྨ་བྱ་ཁ་འབབ། ༣ རྟ་མཆོག་ཁ་འབབ། ༤ འབྲི་ཆུ། ༥ རྫ་ཆུ་བཅས་ཡིན་པ་རེད།34  ཆུ་ཆེན་དེ་དག་སྐམ་པའི་ཉེན་ཁ་འཕྲད་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཁག་དྲུག་ཙམ་སྙན་ཐོ་དེའི་ནང་གསལ་ཡོད་པ་ནི། ༡ ཆུ་རགས་དང་འཛུགས་བསྐྲུན། (Dams andi nfrastructure) ༢ ཆུ་ཚོད་མེད་འབོར་འདྲེན། (Excessive water extraction) ༣ གནམ་གཤིས་འགྱུར་ལྡོག (Climate Change) ༤ སྲོག་ཆགས་ནང་ཕན་ཚུན་བཙན་འཛུལ། (Invasive species) ༥ ཉ་ཚོད་མེད་འཛིན་བཟུང་། (Over fishing) ༦ ཁོར་ཡུག་འབག་བཙོག (Pollution) བཅས་35  བགྲངས་ཡོད་ཅིང་། བོད་ནང་དུ་རྒྱ་ནག་གིས་རྒྱུ་རྐྱེན་དེ་དག་ལས་ཇི་ཙམ་ཞིག་ལག་བསྟར་བྱེད་མིན་ནི་ཤེས་གསལ་རེད། དཔེར་ན།  ་༢༠༠༦ ལོར་རྒྱ་ནག་ཤིང་ཧྭ་གསར་ཁང་གི་གསར་འགྱུར་ལྟར། འབྲི་ཆུའི་བརྒྱ་ཆ་ ༦༦ ཙམ་འཐུང་ཆུ་མི་རུང་བར་གྱུར་པ་དང་། ཆུ་བཙོག་གི་རིགས་ཏུན་ (Ton) ཐེར་འབུམ་བཞི་ཙམ་གཙང་པོའི་དེའི་ནང་དུ་བཞུར་བཞིན་ཡོད་པ་དང་། དེ་ལས་བརྒྱ་ཆ་༧༣% བཟོ་གྲྭ་ཁག་ལས་ཐོན་པའི་ཆུ་སྙིགས་ཡིན་ཞེས་སྤེལ་ཡོད་ཅིང་36 ། 

རྒྱ་ནག་ནི་འཛམ་གླིང་ནང་གི་ཟ་འབྲས་ཀྱི་ཐོན་ཁུངས་ཆེ་ཤོས་བཅུའི་ནང་ནས་ཨང་དང་པོར་ཆགས་ཡོད་ཅིང་། རྒྱ་ནག་རྒྱལ་ནང་གི་འབྲས་ཀྱི་ཐོན་ཁུངས་བརྒྱ་ཆ་ ༧༠% ཙམ་འབྲི་ཆུའི་བཞུར་རྒྱུད་ལ་བརྟེན་ནས་འབྱུང་བཞིན་ཡོད་ཅིང་37 ། གལ་ཏེ་འབྲི་ཆུ་ལ་དོ་ཕོག་ཤུགས་ཆེ་སོང་ཚེ་རང་བཞིན་གྱིས་རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ལ་ཟ་འབྲུའི་དཀའ་ངལ་འཕྲད་ངེས་རེད། དེ་བཞིན་དུ་ཉེ་བའི་ཆར་རྒྱ་ནག་གཞུང་འབྲེལ་གྱི་ཚན་རིག་པ་ཞིག་གིས་ཡར་ཀླུང་གཙང་པོའི་ཁ་ཕྱོགས་བསྒྱུར་ནས་རྒྱ་ནག་ནང་ཁུལ་དུ་འདྲེན་ཐུབ་ཚེ་ལེགས་ཚུལ་གྱི་བསམ་འཆར་ཞིག་བཏོན་ཡོད་ཅིང་།  གལ་ཏེ་དངོས་གནས་རྒྱ་ནག་གིས་ཧམ་སེམས་ཀྱིས་ཡར་ཀླུང་གཙང་པོའི་ཁ་ཕྱོགས་བསྒྱུར་ནས་རྒྱ་ནག་ཏུ་དྲངས་ཚེ། གཙང་པོ་དེ་ཉིད་བཞུར་ཡུལ་གྱི་རྒྱ་གར་དང་བྷང་ལ་ཌེ་ཤིའི་ཞིང་པ་ས་ཡ་མང་པོར་དཀའ་ངལ་འཕྲད་དེ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དཀའ་ངལ་ཞིག་ཏུ་འགྱུར་ངེས་ཡིན་ཏེ། རྒྱ་གར་ནི་འཛམ་གླིང་ནང་ནས་འབྲས་ཀྱི་ཐོན་ཁུངས་ཆེ་ཤོས་གཉིས་པ་དང་།38  བྷང་ལ་ཌེ་ཤི་ཨང་བཞི་པ་39  ཆགས་ཡོད་ཅིང་། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ལ་འབྲས་མཁོ་སྤྲོད་བྱེད་མཁན་གཙོ་བོ་ཁག་ནི་ཨེ་ཤ་ཡའི་རྒྱལ་ཁབ་དེ་དག་ཆགས་ཡོད་པའི་ཞིབ་ཕྲའི་གནས་ཚུལ་དྲ་རྒྱ་40  འདིའི་ནང་གསལ་ཡོད་པ་ལྟར་རེད།  དེ་བཞིན་དྲ་རྒྱ་དེའི་ནང་དུ་འཛམ་གླིང་ནང་ནས་འབྲས་ཀྱི་ཐོན་ཁུངས་ཆེ་ཤོས་བཅུའི་ནང་ནས་དྲུག་ནི་བོད་ཀྱི་ཆུ་ཆེན་ཁག་ལ་བརྟེན་པའི་རྒྱལ་ཁབ་དག་ཡིན་པ་གསལ། 

དེ་བཞིན་དུ་་ ༢༠༡༣ ལོར་བྱུང་བའི་དོན་རྐྱེན་ཞིག་སྟེ་ལྷ་ས་ནས་སྤྱི་ལེ་ ༧༠ ཡས་མས་སུ་ཆགས་པའི་གོང་དཀར་གྱི་རྒྱ་མོའི་ཡུལ་ལུང་གཅིག་པུར་མི་ལོ་ཉི་ཤུའི་ལྷག་རིང་།41  ཟངས་དང་། ལྕགས། གསེར་སོགས་ཀྱིས་མཚོན་པའི་གཏེར་ཁ་སྔོག་འདོན་ས་གནས་མི་འདྲ་བ་དྲུག་དང་། 42  རྒྱ་མའི་ལུང་པའི་ཆུ་བོ་ནི་ལྷ་སའི་སྐྱིད་ཆུའི་ནང་བཞུར་བཞིན་ཡོད་པ་དང་། སྐྱིད་ཆུ་ནི་ཡར་ཀླུང་གཙང་པོ་དང་ཟླ་བསྒྲིལ་གྱིས་རྒྱ་གར་གྱི་ནང་དུ་བཞུར་བཞིན་ཡོད་པས་རྒྱ་གར་དང་བྷང་ལ་ཌེ་ཤིའི་མི་འབོར་ས་ཡ་མང་པོ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ལ་བརྟེན་ཅིང་། གལ་ཏེ་གཙང་པོ་འདིའི་ནང་གཏེར་ཁ་སྔོག་འདོན་གྱི་སྙིགས་རོའི་དུག་ཆུ་ཤུགས་ཆེ་ཤོར་ན་དེའི་ངན་འབྲས་ནི་རྒྱ་གར་དང་བྷང་ལ་ཌེ་ཤིའི་མི་མང་ས་ཡ་མང་པོའི་འཚོ་གནས་ལ་དོ་ཕོག་དང་ལྷག་པར་ཞིང་ལས་ཐོན་སྐྱེད་ལ་དོ་ཕོག་བྱུང་ཚེ། དེ་ནི་ཡུལ་དེ་དག་གི་ཞིང་ལས་པ་གཅིག་པུར་འཕྲད་པའི་དཀའ་ངལ་ཞིག་ཏུ་འགྱུར་རྒྱུ་མིན་པར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དཀའ་ངལ་དུ་འགྱུར་ངེས་རེད། རྒྱུ་མཚན་ནི། གལ་ཏེ་ཞིང་ལས་ཀྱི་སྟོན་ཐོགས་ལེགས་པོ་མ་བྱུང་ཚེ། འཛམ་གླིང་གི་མི་འབོར་ལོ་རེ་ནས་ཇེ་མང་དང་། ཟ་འབྲུའི་འཐོན་སྐྱེད་ཇེ་ཉུང་དུ་ཕྱིན་པའི་རྐྱེན་གྱིས་རྒྱལ་སྤྱིའི་ནང་ཟ་འབྲུའི་འདང་མིན། རིན་གོང་ཇེ་ཆེར་དང་སྤུས་ཚད་ཇེ་ཞན་དུ་འགྲོ་བའི་དཀའ་ངལ་འབྱུང་ངེས་ཡིན་ཏེ། རྒྱལ་སྤྱིའི་ WWF ཚོགས་པས་བཏོན་པའི་སྙན་ཐོའི་ནང་དུ། ཆུ་ཆེན་ཁག་གི་གཞུང་རྒྱུད་ཀྱི་ཞིང་སར་འཕྲད་པའི་འཇིགས་པའམ་ཉེན་ཁ་ནི་ང་ཚོར་འཕྲད་པའི་འཇིགས་པའམ་ཉེན་ཁ་ཡིན།43 ( Fact: river basins are threatened and that threatened us) ཞེས་སྡོམ་ཚིག་འདི་ནི་ངེས་པར་མནོ་བསམ་གཏོང་དགོས་ངེས་ཞིག་ཡིན། མ་འོངས་པར་ཟ་འབྲུའི་དཀའ་ངལ་ལ་བརྟེན་པའི་འཛམ་གླིང་ནང་དམག་འཁྲུག་དང་རྩོད་རྙོག་ཆེན་པོ་ཞིག་འབྱུང་ངེས་དང་དེའི་གཞི་རྩ་ནི་བོད་ཀྱི་ཆུ་ཆེན་ཁག་ལ་འབག་བཙོག་གི་གནད་དོན་ལ་ཐུག་པས་རྒྱ་ནག་དཔོན་རིགས་རྣམས་ཀྱིས་ཕུགས་རྒྱང་རིང་པོའི་བསམ་ཤེས་མི་བྱེད་པར་གནས་སྐབས་ཤོག་དངུལ་གྱི་གྲངས་མང་ཉུང་ཙམ་གྱི་ཆེད་རང་གི་དབང་ཆ་ལོག་པར་བེད་སྤྱད་ནས་འདོད་རྔམས་ཀྱི་ཚྭ་ཆུ་འཐུངས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་བཟོ་གྲྭ་ཆེ་ཁག་ལ་བོད་ནང་དུ་གཏེར་ཁ་སྔོག་འདོན་དང་། ཆུ་རགས་ཚོད་མེད། ཆུ་ཆེན་ཁག་གི་བཞུར་ཡུལ་ལ་སྟངས་འཛིན་སོགས་རང་སྣང་གང་དྲན་གྱིས་བྱེད་དུ་བཅུག་ཚེ་དེའི་ཉེས་འབྲས་སུ་ཆབ་སྲིད་དང་ཨེ་ཤ་ཡའི་ཞིབ་འཇུག་པ་མང་པོས་མ་འོངས་པར་ཨེ་ཤ་ཡའི་ནང་ལ་ཆུའི་དམག་འཁྲུག་ཆེན་པོ་ཞིག་འབྱུང་ངེས་ཀྱི་སྔོན་དཔག་བྱེད་བཞིན་པ་ལྟར་འོང་ངེས་ཆེ་སྙམ། 

དེ་འདྲ་བའི་དམག་འཁྲུག་དང་དཀའ་ངལ་མི་འོང་ཆེད་ད་ལྟ་ནས་བོད་ཀྱི་ཆུ་ཆེན་ཁག་བཞུར་ཡུལ་གྱི་ཡུལ་ལུང་སོ་སོའི་ཉམ་ཆུང་ཞིང་པ་རྣམས་མཉམ་རུབ་དང་། ཚོགས་སྡེ། རང་དབང་ཅན་གྱི་སྒྲིག་འཛུགས་ཁག་ནས་རྒྱལ་སྤྱིའི་སྟེང་དུ་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུའི་རྣ་ལམ་དུ་གོ་ཐུབ་ཅིང་སེམས་འགུལ་ཐེབས་ནུས་པའི་ཞི་བའི་ལས་འགུལ་འདྲ་མིན་དང་། བོད་ཀྱི་ཆུ་ཆེན་ཁག་ཨེ་ཤ་ཡའི་རྒྱལ་ཁབ་ལ་གལ་གནད་ཆེ་བའི་རང་བཞིན་རྣམས་ངོ་སྤྲོད། ཆུ་མེད་ན་འགྲོ་བ་མེད། ཅེས་པ་ལ་སོགས་པའི་བརྗོད་ཚིག་འདྲ་མིན་གྱི་འོག་ནས་ཞི་བའི་འདུ་འཛོམས་དང་ཞི་བའི་གོམ་བགྲོད་ཆེན་མོ་དང་འབྲེལ་ཨེ་ཤ་ཡ་འཆི་བཞིན་པའི་གདུང་བའི་ངུ་འབོད་ཆེན་པོའི་འབོད་སྒྲ་སྒྲོག་པའི་དུས་ཚིགས་ཞིག་མི་འགྱངས་བར་སྤེལ་དགོས་སོ། །

ང༽  ཁོར་ཡུག་སྲུང་སྐྱོབ་དང་། ང་ཚོའི་འགན་ལེན།


དཔྱད་གཞིའི་ལུང་ཁུངས།

30 Meltdown in Tibet. By Michael Buckley

31 www.idsa.in.Climate Change, Environmental Degradation.Tibet and Implication for south Asian  Security.P.K.    Gautam. January 29.2010

32 བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ནས་འགྲེམས་སྤེལ་བྱས། བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན། ཤོག་གྲངས། ༨༥

33  wwf .panda.org/river-risk/

34 wwf .panda.org/river-risk/

35 wwf .panda.org/river-risk/

36 www.china.org.cn/environment.December 13 2006

37 WWF China, ‘Meltling-glaciers-on-the –Tibetan-Plateau’

41 Mining and the new colonization of Tibet. By Stephanie Lay-Dominion Stories. December 10th 2010

42 Mining and the new colonization of Tibet. By Stephanie Lay-Dominion Stories. December 10th 2010

43 www.panda.org.