༄༅།།སྐྱེ་ཁམས་ཁོར་ཡུག་རིག་པ་དང་། མིའི་རིགས་ཀྱི་ཀུན་སྤྱོད། ནང་པའི་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ།


རྩོམ་པ་བོ།
གོང་དཀར་ངག་རྣམ།

༣ ནང་བསྟན་མཚན་ཉིད་རིག་པའི་རྟེན་འབྱུང་གི་རིག་པས་སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས་ལ་ཞབས་འདེགས་ཇི་ལྟར་ཞུ་ཐབས་རགས་ཙམ་གླེང་བ།

གོང་དུ་བཤད་པ་ལྟར་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་སྤྱི་དང་བྱེ་བྲག་གི་ནང་རྟེན་འབྱུང་གི་ལྟ་ཚུལ་དེས་གོ་ས་ངེས་ཅན་ཞིག་བཟུང་ཡོད་པ་གསལ་པོ་རེད། འོན་ཏེ། འདིར་ནང་པས་ཕྱིའི་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་། དེ་ཉིད་ལོངས་སྤྱོད་པ་པོ་མིའི་རང་བཞིན་ལ་ཇི་ལྟར་ལྟ་ཚུལ་ཤེས་རྒྱུ་དེ་གལ་ཆེ། གང་ཡིན་ཟེར་ན། མིའི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་སོགས་ཀྱིས་མིའི་སྒོ་གསུམ་གྱི་ཀུན་སྤྱོད་ལ་དབང་སྒྱུར་བྱེད་བཞིན་ཡོད་པས། ཤར་ནུབ་ཀྱི་སྤྱི་ཚོགས་གཉིས་ཀའི་ཁྲོད་ཁོར་ཡུག་གི་གནད་དོན་འདི་ལའང་རིག་གཞུང་གི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་བརྗོད་ག་ལ་དགོས། 

དེ་ཡང་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ཏུ། ས་སོགས་འབྱུང་བ་ཆེན་པོ་དང་།། ནམ་མཁའ་བཞིན་དུ་རྟག་པར་ཡང་།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། ཅེས་ས་སོགས་འབྱུང་བ་ཆེན་པོ་དག་ནི་མིས་གཙོས་པའི་སྲོག་ཆགས་ཁྲིམ་མ་འབུམ་གྱི་འཚོ་གནས་ཐུག་ཡོད་པའི་བསམ་བློའི་འདུ་ཤེས་རླབས་པོ་ཆེའི་འོག་ནས་སྨོན་ལམ་དེ་ལྟར་མཛད་ཚུལ་འདི་ལ་བལྟས་པ་ཙམ་གྱིས་ནང་པའི་གཞུང་ལུགས་ནས་ས་སོགས་འབྱུང་བ་ཆེན་པོ་དག་ནི་སྐྱེ་འགྲོའི་མིག་གི་མཛེས་སྡུག་གི་ལོངས་སྤྱོད་དུ་གྱུར་པ་ཙམ་མིན་པར་འདི་དག་ནི་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་ཉེ་བར་འཚོ་བའི་གཞིར་འཛིན་པ་སྟེ་རང་བྱུང་ཁམས་ལ་འཛིན་པའི་ལྟ་ཚུལ་ཞིག་གསལ་ལྷམ་མེར་མངོན་བཞིན་འདུག    བྱམས་པ་མགོན་པས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། ཞེས་གསུངས་པ་འདིས་ནང་བསྟན་མཚན་ཉིད་རིག་པས་མིའི་རིགས་ཀྱི་གཞི་རྩའི་རང་བཞིན་ལ་ལྟ་སྟངས་ཇི་ལྟར་ཡོད་པ་དེ་གསལ་པོ་རེད། 

མིས་གཙོས་པའི་འགྲོ་བ་ཀུན་ལ་ལྷན་སྐྱེས་སམ་རང་ཆས་ནས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པར་འདོད་ཀྱིན་ཡོད། གཞུང་ཚིག་འདི་གཉིས་ཀྱི་ཐོག་ནས་ནང་པའི་གཞུང་ནས་རང་བྱུང་ཁོར་ཡུག་དང་དེ་ལོངས་སྤྱོད་པ་པོ་གང་ཟག་གི་གཞི་རྩའི་རང་བཞིན་ལ་ལྟ་སྟངས་ཇི་ལྟར་ཡོད་པ་གསལ་པོ་མཚོན་ཡོད་སྙམ།  མིའི་རང་ཆས་སུ་གྲུབ་པའི་ཡོན་ཏན་ལ་བརྩི་མཐོང་དང་གཞི་རྩའི་རང་བཞིན་དེ་ཞི་འཇམ་དུ་ལྟ་བའི་ཚུལ་ཞིག་ཡོད་པའི་རྐྱེན་གྱིས་རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་དག་ཀྱང་ཚད་གཞི་ངེས་ཅན་ཞིག་ཏུ་སྤྱོད་དགོས་པ་དང་། དེ་ལྟར་མ་བྱུང་ན་འབྱུང་བ་འཁྲུག་ཅིང་དེའི་རྐྱེན་གྱིས་མིའི་ཚེ་སྲོག་ལ་དུས་མིན་འཆི་རྐྱེན་དང་། རང་བྱུང་གི་གནོད་འཚེ་ཡོང་གིན་ཡོད་པའི་ལྟ་ཚུལ་གཏིང་གཟབ་ཅིག་ཡོད།

ད་ལྟ་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་རང་བྱུང་ཁམས་ཀྱི་དོན་རྐྱེན་རྣམས་ནི་ནང་མིའི་འདོད་རྔམ་དང་བག་མེད་ལོངས་སྤྱོད་ཀྱི་བསམ་པས་བསྒྲུབས་པའི་ལྟ་ཚུལ་ཞིག་ཡོང་བ་འདི་ནི་ཉེ་རབས་ཀྱི་ཚན་རིག་ཞིབ་འཇུག་ལས་བྱུང་མ་ཐག་པ་ཞིག་ཡིན་པ་ལས། ནུབ་ཕྱོགས་པའི་སྲོལ་རྒྱུན་རིག་གཞུང་ནང་གི་འདུ་ཤེས་ཤིག་མིན་སྙམ། དེ་ཡང་འདིའི་སྐོར་༸གོང་ས་མཆོག་གིས་ “ཚང་མས་མཁྱེན་གསལ་ལྟར། སའི་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དང་། དེ་ནི་ཚན་རིག་པ་མང་པོས་ཕལ་ཆེ་མིའི་བྱ་སྤྱོད་ཀྱི་རྐྱེན་ལས་བྱུང་བར་བཤད་ཡོད།” ཅེས་གསུངས།
ནང་པའི་སྲོལ་རྒྱུན་རིག་གཞུང་ན་མིའི་གཞི་རྩའི་རང་བཞིན་ནི་རང་ཤེད་ཅན་དང་དྲག་རྩུབ་ཏུ་འདོད་མཁན་དེ་འདྲ་གཏན་ནས་བྱུང་མེད་པར་བརྗོད་ཆོག་ཀྱང་། ནུབ་ཕྱོགས་པའི་ནང་དུ་དེ་ལྟར་སྨྲ་མཁན་དང་ལྟ་ཚུལ་དེ་དག་གིས་ནུབ་ཕྱོགས་པའི་མི་ཚེ་དང་འཚོ་བའི་ལྟ་གྲུབ་ལ་ཤུགས་རྐྱེན་ཡང་ངེས་ཅན་ཞིག་ཐེབས་ཡོད་ཚོད་རེད། དཔེར་ན། ནུབ་ཕྱོགས་པའི་རིག་གཞུང་ནང་དུས་རབས་བཅུ་བདུན་པ་ཙམ་ནས་བཟུང་མཚན་ཉིད་རིག་པ་བ་སྐུ་ཞབས་ཐོ་མད་སེ་ཧོབ་སེ་(Thomas Hobbes)ལྟ་བུས་མི་རྣམས་གཞི་རྩའི་ཐོག་ནས་རང་འདོད་ཁོ་ན་བསམ་མཁན་དང་། སྤྱོད་ཚུལ་ངན་པ་ལྡན་པ་ཞིག་ཡིན་པས་ཁོང་ཚོ་ནི་དབང་ཤུགས་གཅིག་ཏུ་འོག་ཏུ་སྟངས་འཛིན་བྱས་ན་ལེགས་པའི་ཚུལ་ལས་བརྩམས་པའི་ལྟ་ཚུལ་གྱི་ཤུགས་རྐྱེན་ཞིག་ཐེབས་ཡོད། 

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་མཚམས་ནས་དེང་རབས་དངོས་ཁམས་རིག་པ་དང་། ཀླད་ཁམས་རིག་པ་སོགས་ཀྱི་ཚན་རིག་པ་མང་པོས་ནང་པའི་རྟེན་འབྱུང་གི་ལྟ་བར་ཐོག་མར་བློ་ཁ་ཕྱོགས་ཏེ། ད་ཆ་ནི་ཁོང་ཚོའི་ཞིབ་འཇུག་གི་ར་བའི་ནང་ལ་ནང་པའི་གཞུང་ནས་གསུངས་པའི་རྟེན་འབྱུང་གི་ལྟ་བར་གོ་བབ་ངེས་ཅན་ཞིག་ཐོབ་ཡོད་པ་ཁོང་ཚོ་རང་ཉིད་ཀྱི་ཁྲོད་ནས་ཁ་གྲག་གིན་ཡོད་པ་ཡོངས་གྲགས་སུ་གྱུར་པ་ལྟ་བུ་རེད། འོན་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་པ་དང་ཞིབ་འཇུག་པས་ནང་པའི་རྟེན་འབྱུང་གི་ལྟ་ཚུལ་ལ་དོ་སྣང་བསླེབས་པ་འདི་ནི་མིག་སྔའི་གནས་ཚུལ་ཞིག་ཏུ་མངོན། འོན་ཏེ། ད་ཆ་ནི་སྐྱེ་ཁམས་ཁོར་ཡུག་རིག་པའི་ཚན་རིག་གི་ཞིབ་འཇུག་ནང་དུའང་གཅིག་ལ་གཅིག་རྟེན་གྱི་ལྟ་ཚུལ་ལམ་ཡང་ན་རྒྱུ་འབྲས་རྟེན་འབྱུང་གི་ལྟ་ཚུལ་ཐོག་ནས་བློ་སྐྱེད་དང་གོ་བ་གསར་པ་འཚོལ་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་འདུག དཔེར་ན། ༢༠༡༡ ལོའི་སེམས་དང་སྲོག་གི་བགྲོ་གླེང་དེ་བཞིན་(སྐྱེ་ཁམས་དང་། ཀུན་སྤྱོད། རྟེན་འབྱུང་། (Ecology, Ethics, Interdependence) བཅས་ཀྱི་བརྗོད་གཞིའི་ཐོག་ཏུ་འགོ་ཚུགས་པ་ལྟ་བུ་རེད།

འདིས་ག་རེ་མཚོན་ནམ་ཞེ་ན། ནང་པའི་གཞུང་ནས་གསུངས་པའི་རྟེན་འབྱུང་གི་ལྟ་ཚུལ་འདི་ནི་མཚན་ཉིད་རིག་པ་དང་། ཚན་རིག་གཅིག་པུའི་ཐོག་ཏུ་མིན་པར་ཁོར་ཡུག་རིག་པ་དང་དཔལ་འབྱོར་རིག་པའི་ཐོག་ཏུ་སྦྱར་རྒྱུ་ཡོད་པའི་དངོས་ར་འཕྲོད་ཡོད་པ་དེ་རེད། སྤྱིར་མི་རྣམས་ཀྱིས་སྣོད་བཅུད་རྟེན་འབྲེལ་ཐོག་ནས་ཁོར་ཡུག་གཅེས་སྲུང་གི་གོ་རྟོགས་དང་ལག་ལེན་གསར་པ་འདི་རིགས་དེང་རབས་ཀྱི་ཞིབ་འཇུག་གི་སྣང་ཚུལ་གསར་པ་ཞིག་ཏུ་མངོན་པ་ལྟ་བུ་འདུག་ཀྱང་། ནང་པའི་སྲོལ་རྒྱུན་གྱི་རིག་གཞུང་སྤྱི་དང་ལྷག་པར་ནང་པའི་མཚན་ཉིད་རིག་པ་ནི་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བའི་གཞི་ལས་བསླངས་པའི་རིག་པའི་གཞུང་ལུགས་ཤིག་ཆགས་ཡོད། 

ང་ཚོས་ད་ལྟ་སྐྱེ་ཁམས་ཁོར་ཡུག་གི་ཛ་དྲག་གི་རང་བཞིན་གླེང་དུས་ཡར་ཐོན་ཅན་དུ་གྲགས་པའི་རྒྱལ་ཁབ་དེ་ཚོའི་བྱེད་སྟངས་ལ་གཙོ་བོ་ལྟ་དགོས། གང་ཡིན་ཟེར་ན།   ལུང་པ་འདི་དག་གི་ཐོན་སྐྱེད་དངོས་ཟོག་དང་རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་དབར་རྒྱུ་དང་འབྲས་བུའི་རྣམ་དབྱེ་ཤིན་ཏུ་གསལ་པོ་ཡོད་པ་དང་། ཆོས་ཉིད་ཀྱི་རིགས་པས་དཔྱད་ན་ད་ཆ་འཛམ་གླིང་འདི་བརྡ་འཕྲིན་དང་འཕྲུལ་ཆས་ཀྱི་དུས་རབས་སུ་འཕོས་ཟིན་པས་རང་བྱུང་ཁམས་དང་ཐད་ཀར་ཕན་གནོད་འབྲེལ་བའི་བཟོ་ལས་ཐོན་སྐྱེད་སོགས་ཤུགས་རྐྱེན་ཐུན་མོང་གིས་མྱོང་དགོས་ཀྱིན་ཡོད།  དེར་བརྟེན། ཁོང་ཚོའི་བྱས་ཉེས་ལས་ད་ཆ་སའི་གོ་ལ་སྤྱི་དང་ལྷག་པར་དངོས་པོ་ཡར་རྒྱས་ཤུགས་ཆེན་ཕྱིན་མེད་པའི་ལུང་པ་དག་ལ་རང་བྱུང་གི་གནོད་འཚེ་འཇིགས་སུ་རུང་བ་འདི་དག་གི་ཉེན་ཁ་འཕྲད་བཞིན་ཡོད།

མིས་འདི་ལྟར་རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་ལ་བག་མེད་ལོངས་སྤྱོད་ཀྱི་ཐོག་ནས་གནོད་འཚེ་གཏོང་བའི་དམིགས་ཡུལ་ནི་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་ཡིན་ཁུལ་ཡང་།   སྟབས་མ་ལེགས་པ་ཞིག་ལ་ད་ལྟའི་འཛམ་གླིང་གི་དཔལ་འབྱོར་གནས་བབ་ནི་དབུལ་ཕྱུག་གི་སྟོང་ཆས་ཁེངས་ཤིང་དྲང་བདེན་དང་འཚེ་བ་མེད་པའི་ལྟ་གྲུབ་དང་རྦད་དེ་རྒྱབ་འགལ་དུ་སོང་ཡོད། བཟོ་ལས་ལ་རིམ་པ་ཁ་ཤས་ཡོད་པའི་ཁྲོད་ནས་རིམ་པ་གསུམ་པའི་བཟོ་ལས་ཐོན་སྐྱེད་(Tertiary industry)ཅེས་པ་འདིར་དཔེར་ན་ཨ་རི་དང་འཇར་མན་སོགས་ཀྱིས་མིའི་དངོས་ཡོད་ཀྱི་གཞི་རྩའི་དགོས་མཁོར་མ་བསམས་པར་རྣམ་གྲངས་དང་རྣམ་པ་འདྲ་མིན་གྱི་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་འཛམ་གླིང་ཐོག་དཔལ་འབྱོར་གྱི་ནུས་པ་སྔོན་ཐོན་གྱི་གྲས་ཆགས་ཐབས་བྱེད་པ་འདི་རེད། 


མི་རྣམས་ཀྱིས་འདི་ལྟར་ཆོག་ཤེས་ལས་བརྒལ་ཏེ་རིམ་པ་གསུམ་པའི་བཟོ་ལས་ཐོན་སྐྱེད་ལ་གཡམ་བརྒྱུགས་བྱེད་པ་འདི་ཁོ་ནས་སྐྱེ་ཁམས་ཁོར་ཡུག་བརྟན་གནས་རང་བཞིན་ལ་དོ་འཕོག་འགྲོ་གིན་ཡོད་པ་དང་། དེ་ཡང་ཆོས་ལུགས་བསླབ་བྱའི་སྙིང་པོ་ཆོག་ཤེས་ཞེས་པ་དེ་མེད་པས་ལན་པ་རེད། རང་རེའི་གཞུང་དུ་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ཀྱིས་ལམ་ཉམས་སུ་ལེན་པའི་ཚེ་ཇི་ལྟར་འཚོ་གནས་བྱེད་དགོས་རྒྱུ་ཇི་ལྟར་སྒྲུབ་དགོས་རྒྱུའི་ཚུལ་ཡང་། ངལ་དུབ་ཀྱི་མཐའ་དང་། འདོད་པ་བསོད་ཉམས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མར་གནས་དགོས་པ་དང་། ལམ་ཉམས་སུ་ལེན་པའི་ཚེ་ཡང་ནང་གི་ལྟ་བ་དེ་རྟག་མཐའ་དང་ཆད་མཐའ་གཉིས་ལས་བྲལ་དགོས་ཏེ།  ཇི་སྐད་དུ། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ།། སྒོམ་པ་རྣམ་དག་བྱིངས་རྨུགས་མུན་པ་སངས།། སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས།། ཞེས་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་རྟག་མཐའ་དང་ཆད་གཉིས་ཀ་ལས་གྲོལ་དགོས་པར་གསུངས་སོ།། ཆོག་ཤེས་ཀྱི་གོ་དོན་ནི་བག་མེད་ལོངས་སྤྱོད་དམ་རྒྱས་སྤྲོས་ཀྱི་རྣམ་པ་མེད་པའི་འཚོ་བའི་གནས་བབ་ཅིག་བརྗོད་བཞིན་ཡོད་པ་དེ་གསལ་པོ་རེད།