༄༅།།སྐྱེ་ཁམས་ཁོར་ཡུག་རིག་པ་དང་། མིའི་ཀུན་སྤྱོད། ནང་པའི་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ།

རྩོམ་པ་བོ།
གོང་དཀར་ངག་རྣམ།


༢ བཟོ་ལས་གསར་བརྗེ་དང་།  སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས།

བཟོ་ལས་གསར་བརྗེ་འདི་ཇི་ལྟར་དར་ཚུལ་འདིར་ནུབ་ཕྱོགས་པའི་འཕེལ་འགྱུར་རིག་པའི་ཐོག་ནས་འཁྱུག་ཙམ་བལྟས་ན། དེ་ཡང་སྐུ་ཞབས་ཌར་ཝིན་[Charles Darwin ] གྱི་འཕེལ་གྱུར་རིག་པའི་གཞི་རྩ་ནི་ཁོར་ཡུག་དང་དེའི་ནང་གི་སྐྱེ་ལྡན་གཉིས་ཀྱི་དབར་གསོན་ཤུགས་ལྡན་པའི་འབྲེལ་བ་དམ་གཟབ་ཅིག་གནས་ཡོད་པ་དེ་ཡིན། དེ་འདྲའི་འབྲེལ་བ་དེ་ནི་ཕྱོགས་གཅིག་གི་འབྲེལ་བ་མིན་པར་གཉིས་ཀས་ཕན་ཚུན་ཕན་གནོད་འདྲེན་གྱི་ཡོད་པ་ཞིག་ཡིན། སྐྱེ་ལྡན་གྱི་དངོས་པོ་གང་ཞིག་ཁོར་ཡུག་བསྟུན་འཕྲོད་ཇི་ཙམ་ཟབ་པ་དེ་ལ་རང་གི་རིགས་རྒྱུན་འཕེལ་རྒྱས་འགྲོ་བའི་ལམ་ལྷོང་ཆེ་བ་དང་། ཁོར་ཡུག་གིས་ཀྱང་སྐྱེ་ལྡན་དེ་ཉིད་ལ་གདམ་གསེས་བྱེད་པ་དེ་ལ་རང་བྱུང་འདེམས་སྒྲུག་(Natural selection)ཅེས་ཟེར། འདི་ནི་མིས་ཆེད་དུ་སྒྲུབ་རྒྱུའི་བྱ་སྤྱོད་ཀྱི་རིམ་པ་ཞིག་མིན་པར་རང་བྱུང་ཁམས་ཀྱི་ཆེས་ཐོག་མའི་གནས་བབ་ཁྲོད་རྒྱ་ཆེ་ཆུང་མི་འདྲ་བའི་སྣོད་བཅུད་ཕན་ཚུན་དབར་གྱི་འབྲེལ་བ་ཞིག་ཡིན།

ཡང་འདེམས་སྒྲུག་གཞན་ཞིག་ཡོད་པ་དེ་ནི་མིས་བཟོས་འདེམས་སྒྲུབ་(Artificial selection)ཅེས་པ་དེ་རེད། དཔེར་ན། བོད་མི་ཚོས་དུས་རབས་མང་པོའི་རིང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཁྱོན་ལ་ས་ཞིང་འདེབས་ལས་ཀྱི་ནམ་དུས་སྐབས་སྐྱེད་འཚར་ལེགས་ཤིང་རོ་བཅུད་བཟང་ཤོས་ཀྱི་འབྲུའི་རིགས་ཆེད་དུ་འདེམས་སྒྲུག་བྱེད་པ་ལྟ་བུར་འདོད་ཀྱི་འདུག གང་ལྟར་སྐྱེ་ལྡན་ཉེ་རིགས་རྣམས་རང་རང་གི་ཁོར་ཡུག་དང་བསྟུན་ནས་འགྱུར་བ་འགྲོ་གིན་ཡོད་པ་དང་། མིས་གཙོས་པའི་སྐྱེ་ལྡན་དང་ཁོར་ཡུག་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པ་དང་། འདེམས་སྒྲུག་གི་ངོ་བོར་གཅིགས་མཚུངས་སུ་གནས་པ་ནི་འཕེལ་འགྱུར་རིག་པས་བཤད་པའི་བདེན་དོན་གལ་ཆེན་ཞིག་ཏུ་བསམ།

ད་ལྟ་མི་རྣམས་ཀྱིས་མིས་བཟོས་འདེམས་སྒྲུག་ལ་བརྟེན་ནས་འཚོ་གནས་ཀྱི་རྒྱུན་སྐྱོང་བའི་བརྒྱུད་རིམ་ནང་རང་བྱུང་ཚན་རིག་དང་། མཚན་ཉིད་རིག་པ། ཚན་རིག འཕྲུལ་ཆས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁོར་ཡུག་གི་སྟེང་དུ་ཉེན་ཚབས་ཆེ་བའི་ཤུགས་རྐྱེན་དུ་མ་ཞིག་སྤྲོད་པ་དང་། ཉེན་ཚབས་དེ་དག་ནི་ཆེས་མྱུར་བར་བརྟེན་འཕེལ་འགྱུར་གྱི་ནུས་པས་འདིའི་རྗེས་ཟིན་གྱི་མེད་ལ། གོ་ལའི་རླུང་ཁམས་ཆེན་མོས་ཀྱང་འདི་དང་བསྟུན་འཕྲོད་བྱེད་ཐུབ་ཀྱི་མེད་པའི་མཇུག་འབྲས་སུ་གནམ་གཤིས་ཀྱི་འགྱུར་བ་དང་། འཁྱམས་རོམ་བཞུ་བ། མཚོ་འགྲམ་གྱི་ཆུ་ལོག རྩི་ཤིང་དང་སྲོག་ཆགས་རྩ་གཏོར་འགྲོ་བ་སོགས་འབྱུང་བཞིན་ཡོད།

སྤྱིར་ཁོར་ཡུག་རིག་པ་ཞེས་པ་འདི་ནི་ནུབ་ཕྱོགས་པའི་ལྟ་ཚུལ་ལས་བྱུང་བ་དེ་ཡང་གནའ་བོའི་གྷི་རིག་[Greek]ལས་བྱུང་བའི་ཐ་སྙད་ཅིག་ཡིན་པ་སྟེ། དབྱིན་སྐད་དུ་ Ecology ཟེར་བའི་ Ecos ཞེས་པ་ཁང་པ་དང་། logy ཞེས་པ་ནི་རིག་པའམ་རྣམ་གཞག་ཅེས་པའི་དོན་ལ་འཇུག ས་གཤིས་རིག་པ་བ་རྣམས་ཀྱིས་བཟོ་ལས་གསར་བརྗེའི་རླུང་འཚུབ་ཁྲོད་ནས་བྱུང་བའི་མིའི་བྱ་སྤྱོད་ལས་མིའི་འཚོ་བའི་རྟེན་གཞིར་གྱུར་པའི་གོ་ལའི་སྣོད་བཅུད་ལ་གནོད་འཚེ་འཕོག་ཚུལ་ཐོག་མར་ངོས་འཛིན་ཐུབ་ཡོད། མིའི་བྱ་སྤྱོད་ཀྱིས་གོ་ལའི་གནམ་གཤིས་དང་ཁོར་ཡུག་ལ་ཚད་མཐོའི་ཤུགས་རྐྱེན་ཐེབས་པའི་དེ་འདྲའི་ཛ་དྲག་གི་དུས་བབ་དེ་ལ་ཁོང་ཚོས་ཐ་སྙད་འདི་(Anthropocene)སྤྱོད་བཞིན་ཡོད།
དུས་རབས་བཅོ་བརྒྱད་པའི་ནང་ཆེས་ཐོག་མར་དབྱིན་ཇིའི་ཡུལ་ནས་དར་བའི་བཟོ་ལས་གསར་བརྗེ་ལ་བརྟེན་ནས་ད་ལྟ་འཕྲད་བཞིན་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་དང་། གནམ་གཤིས་ཀྱི་འགྱུར་ལྡོག གོ་ལའི་དྲོད་ཚད་ཀྱི་འཕར་ཚད་སོགས་ཀྱི་དཀའ་ངལ་རྣམས་བྱུང་བ་གསལ་པོ་རེད།

དེ་ཡང་ཅུང་ཞིབ་ཏུ་བཤད་ན། བཟོ་ལས་གསར་བརྗེ་འགོ་བརྩམས་པ་ནས་བཟུང་ད་བར་རྡོ་སོལ་དང་རླངས་རྫས་ཞིག་གྱུར་བུད་རྫས་ཕོན་ཆེ་བསྲེགས་པ་དང་། ཉེ་བའི་དུས་སུ་ཆར་ཞོད་ཆེ་སའི་ཤིང་སྣ་མང་པོ་གཅོད་འབྲེག་གི་ལས་དོན་དེ་དག་གིས་གོ་ལའི་རླུང་ཁམས་ཆེན་མོའི་སྟེང་ཉེན་ཚབས་ཆེ་བའི་ཤུགས་རྐྱེན་ཐེབས་པ། དེ་ལ་བརྟེན་ནས་གོ་ལའི་སྤྱི་ཡོངས་ཀྱི་དྲོད་ཚད་ཆེ་རུ་སོང་བ་སོགས་ཡིན། འོ་ན། མི་རྣམས་ཀྱིས་བསྐལ་པ་ཡ་ཐོག་དང་རྡོ་ཆས་ཀྱི་དུས་རབས་ཀྱི་འཚོ་བ་ཁོ་ན་བསྐྱལ་ནས་མ་བསྡད་པ་དེས་ལན་པ་རེད་དམ་ཞེ་ན། དེ་ཡང་ག་ལ་ཡིན་ཏེ།  མིའི་རང་གི་དགོས་མཁོར་གཞིགས་པའི་བསམ་བློར་བརྟེན་ནས་རང་བྱུང་ཁམས་ཆེན་པོ་འདི་དག་ལོངས་སུ་སྤྱོད་ཆོག་པ་སྟེ། འདི་ནི་རང་བྱུང་ཁམས་དང་མིའི་དབར་ཆོས་ཉིད་ཀྱི་སྟོབས་ལས་གྲུབ་པའི་སྣང་ཚུལ་ཞིག་ཡིན། འདིའི་ཐད་༸གོང་ས་མཆོག་གིས་འདི་ལྟར་གསུངས་འདུག “བྱ་དངོས་གང་ཞིག་ཡིན་ཡང་དེ་ལ་ཚད་གཞི་ངེས་ཅན་ཞིག་ཡོད་ཅིང་། ཚད་ལས་བརྒལ་བའི་འཛད་སྤྱོད་བྱེད་པ་དང་། རྒྱུ་དངོས་ཁོ་ནའི་ཐོག་ཏུ་མི་ཚེ་བློས་གཏོང་བ་དེ་ཡག་པོ་མིན།

ཡང་འདོད་ཆུང་ཆོག་ཤེས་ཧ་ཅང་ཆེ་དྲགས་ནའང་མི་འགྲིག  སྤྱིར་བཏང་འདོད་ཆུང་ཆོག་ཤེས་བྱ་རྒྱུ་འདི་མིའི་མི་ཚེའི་ནང་ཁེ་ཕན་ཕུལ་དུ་བྱུང་བ་ཞིག་ཡིན་ན་ཡང་། ཧ་ཅང་འདོད་ཆུང་ཆོག་ཤེས་བྱས་དྲགས་ན་རང་ཉིད་ཀྱི་སྐེ་ལ་ཐག་པ་བསྐོན་ནས་ལྕེབས་པ་ལྟར་ཡིན་ན། ངའི་བསམ་པར། ང་ཚོ་བོད་མི་ཚོས་སྔོན་ཆད་མཐའ་གཅིག་ཏུ་འདོད་ཆུང་ཆོག་ཤེས་བྱས་དྲགས་པའི་རྐྱེན་གྱིས་རང་ཉིད་ཀྱི་ཕ་ཡུལ་གཞན་ལག་ཏུ་ཤོར་བ་རེད། ད་ཆ་ང་ཚོས་རང་བྱུང་སྣོད་བཅུད་ཐོག་དེ་འདྲའི་ཚད་ལས་བརྒལ་བའི་འདོད་ཆུང་ཆོག་ཤེས་བྱེད་མི་རུང་།” ཞེས་སོགས་གསུངས་འདུག

དཀའ་ངལ་གྱི་ཡོང་གཞི་གཙོ་བོ་ནི་མིས་རང་བྱུང་ཁམས་ལོངས་སུ་སྤྱོད་པའི་ཚེ་འདོད་རྔམ་ཤ་སྟག་གི་གཞན་དབང་དུ་སོང་སྟེ་བག་མེད་ཀྱི་འཚོ་བར་རོལ་དྲགས་པ་དེ་ཉིད་ཡིན། དེ་ཡང་ཁོར་ཡུག་གི་ཚན་རིག་པ་མང་པོས་འདོད་ཀྱིན་ཡོད། འདིའི་ཆེད་དུ་ད་བར་རྒྱལ་སྤྱིའི་ཁྱོན་དུ་རང་བྱུང་ཁམས་ཀྱི་ནུས་པ་ལ་བརྟེན་ནས་ཐོན་སྐྱེད་ཡར་རྒྱས་བརྒྱུད་རིམ་གཏོང་རྒྱུའི་མིའི་ཐལ་ཆེའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་རྒྱུའི་ཆེད་དུ་ཁོར་ཡུག་དང་འབྲེལ་བའི་ཚོགས་འདུ་མང་དག་ཅིག་ཚོགས་བཞིན་ཡོད། དཔེར་ན། ༡༩༨༦ ལོར་ཨེ་ཊ་ལིའི་ས་གནས་ཨེ་སི་སི་(ASSISI)ཞེས་པར་ཆོས་ལུགས་དང་ཁོར་ཡུག་ཐོག་ཚུགས་པའི་ཆོས་ལུགས་ཀྱི་མི་སྣའི་ལྷན་ཚོགས་དང་།  དེ་བཞིན་ཁོར་ཡུག་དང་འཕེལ་རྒྱས་ཐོག་གི་རྒྱལ་སྤྱིའི་ལྷན་ཚོགས། (United Nations Conference On Environment and Development) ཞེས་དང་།  མཁའ་རླུང་འཕོ་འགྱུར་ཐོག་གི་འཛམ་གླིང་ལྷན་ཚོགས། (World Conference Of Atmosphere Changes) ཟེར་བ་སོགས་རེད། ལོ་རབས་མང་པོའི་ནང་ཁོར་ཡུག་ཚན་རིག་པ་དང་། ལས་འགུལ་བ་ཚོས་སའི་གོ་ལའི་ཐོག་སྣོད་བཅུད་གཉིས་ཀར་འཕྲད་རྒྱུར་ངེས་པའི་ཉེན་ཁའི་རང་བཞིན་དག་མི་རྣམས་ལ་རྣམ་གྲངས་འདྲ་མིན་གྱི་ཐོག་ནས་བརྒྱུད་བསྒྲགས་བྱེད་པ་དང་ཆབས་ཅིག་ཉེན་ཁ་དེ་དག་ལས་ལྡོག་པའི་ཆེད་དུ་ཐབས་ཤེས་ཁག་ཅིག་བཏོན་ཡོད་པ་དེ་ལ་ཁོར་ཡུག་དང་འབྲེལ་བའི་ཀུན་སྤྱོད་(Environmental ethics)ཅེས་ཟེར།

༡༩༧༠ ནང་གཞི་ནས་དར་སྤེལ་བྱུང་བའི་ཁོར་ཡུག་དང་འབྲེལ་བའི་ཀུན་སྤྱོད་འདིས་མི་རྣམས་ལ་ཁོར་ཡུག་ཉམས་ཆག་གི་གནད་དོན་འདི་ཤིན་ཏུ་ཛ་དྲག་ཡིན་པའི་ངོ་བོ་དང་རྣམ་པའི་ཐོག་ནས་དྲན་སྐུལ་གཏོང་གིན་ཡོད། དཔེར་ན། ང་ཚོས་མུ་མཐུད་དེ་མིའི་ལོངས་སྤྱོད་ཀྱི་ཆེད་དུ་ནགས་ཚལ་གཅོད་འབྲེག་བྱེད་དགོས་སམ། ཞེས་པ་ལ་སོགས་པའི་དྲི་བའི་ཐོག་ནས་མི་རྣམས་ཁོར་ཡུག་གི་གནད་དོན་ལ་དོ་སྣང་སླེབ་ཐབས་བྱེད་མུས་ཡིན། འོན་ཏེ། སེམས་གཙོ་དང་དངོས་གཙོའི་འགལ་ཟླའི་རྩོད་གླེང་དང་དངོས་གཙོའི་རིང་ལུགས་གཙོ་བོའི་དུས་སྐབས་ཤིག་གི་ནང་བཟོ་ལས་གསར་བརྗེར་ལམ་ལྷོང་བྱུང་བ་ཞིག་ཡིན་པས། ཉེ་བའི་ལོ་རབས་མང་པོའི་རིང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁོར་ཡུག་གཅེས་སྐྱོང་གི་ལས་གཞིར་དམིགས་པའི་ལྷན་ཚོགས་དང་བགྲོ་གླེང་མང་པོ་ཞིག་བྱུང་ཡོད་པ་དང་། གྲོས་འཆམ་དང་གྲོས་ཆོད་བཞག་པའི་རྩ་བའི་གནད་དོན་དག་ཀྱང་ཆོས་ལུགས་ཀྱི་ཤུགས་རྐྱེན་དང་མ་འབྲེལ་བའི་སྒོ་ནས་ཡོང་རྒྱུར་འབད་བརྩོན་བྱས་ཡོད།

ཆོས་ལུགས་ཀྱི་དད་མོས་ནི་དངོས་པོའི་དཔལ་ཡོན་གྱིས་བསླུས་ཟིན་པའི་དུས་རབས་འདིའི་ནང་དུའང་མི་མང་པོའི་བསམ་བློའི་ནང་ནས་གཡུག་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། རྒྱལ་ཁབ་དང་མི་རིགས་མང་པོའི་རིག་གནས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེ་ཤོས་ཤིག་འགྱུར་བཞིན་ཡོད་པའི་དངོས་ཡོད་ལ་བརྟེན་ནས། ད་ཆ་ཁོར་ཡུག་ཚན་རིག་པ་དང་ཁོར་ཡུག་ལས་འགུལ་བ་མང་པོས་ཆོས་ལུགས་ནས་གསུངས་པའི་ཆོག་ཤེས་ཀྱི་འདུ་ཤེས་དང་། ལྟ་ཚུལ་ཐོག་ནས་མི་མང་བྱིངས་ལ་ཁོར་ཡུག་གཅེས་སྐྱོང་གི་སློབ་གསོ་ཐེབས་རྒྱུའི་ལམ་ཞིག་ཡོད་པར་མཐོང་ནས་དེ་ལ་རེ་བ་གསར་པ་ཞིག་འཆང་བཞིན་ཡོད།

དཔེར་ན། ༢༠༡༡ ལོའི་སེམས་དང་སྲོག་ཅེས་པའི་ཚོགས་འདུའི་ཐོག་Sallie McFague,Ph.D.ཞེས་པའི་ལྷ་ཆོས་རིག་པའི་བུད་མེད་དགེ་རྒན་ཆེན་མོ་བ་དེས་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་ཚུལ་དང་འདུ་ཤེས་ཐོག་ནས་ཁོར་ཡུག་གཅེས་སྲུང་ཇི་ལྟར་བྱེད་དགོས་ཚུལ་གྱི་ཞིབ་འཇུག་སྙན་ཐོའི་བགྲོ་གླེང་བྱས་པ་ལྟ་བུ་རེད།  ད་ལྟ་ང་ཚོས་འཇིག་རྟེན་གྱི་ཁོ་ར་ཁོར་ཡུག་དང་བཅས་པར་ཇི་ལྟར་ལྟ་བའི་ཚུལ་འདི་ནི་དེང་རབས་ཀྱི་ཚན་རིག་དང་། ཆོས་ལུགས་འདྲ་མིན་ལ་གཞི་བྱས་པ་ཞིག་ཆགས་ཡོད་པས་ཁོར་ཡུག་བརྟན་གནས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་ནའང་དེ་གཉིས་ལ་ཁ་ཕྱོགས་དགོས་རྒྱུ་གལ་ཆེན་པོ་རེད། ངས་འདིར་བཤད་རྒྱུའི་ཆོས་ལུགས་ཀྱི་འདུ་ཤེས་དང་ལྟ་ཚུལ་ནི་དད་མོས་དང་ཡིད་ཆེས་ཙམ་མིན་པར་དེ་དག་ནས་བཤད་པའི་ཆོག་ཤེས་ཀྱི་འདུ་ཤེས་ལྟ་བུར་ཟེར་བཞིན་ཡོད།

དཔེར་ན། ཡེ་ཤུའི་ལྷ་ཆོས་རིག་པའི་གཞུང་ནས་གསུངས་པའི་ཚོད་འཛིན་དང་། Limitation,  འདོད་ཆུང་། detachment ,བདག་ཞེན་སྤོང་བ། self-empting ལ་སོགས་པའི་ལྟ་ཚུལ་དག་ནི་ཁ་ཚ་དགོས་གཏུགས་སུ་མཐོང་། ད་ལྟའི་ཆར་སེམས་དང་སྲོག་ལྟ་བུའི་བགྲོ་གླེང་གི་ར་བ་མང་པོའི་ནང་དུ་ཁོར་ཡུག་དང་ཆོས་ལུགས་ཀྱི་སྐོར་ལ་དོན་སྙིང་ལྡན་པའི་བགྲོ་གླེང་མང་པོ་ཞིག་ཡོང་གིན་ཡོད་པ་འདི་དག་གི་ནང་ཆོས་ལུགས་ཀྱི་དད་མོས་ཙམ་ལ་ནི་གོ་བབ་གང་ཡང་མེད་པས་ཁོར་ཡུག་གི་གནད་དོན་འདི་ནི་ཆོས་ལུགས་དང་ཆབ་སྲིད་ཀྱི་རྒྱ་ལས་ཡོངས་སུ་བརྒལ་བ་ཞིག་ཏུ་རྟོགས་དགོས་རྒྱུ་ཤིན་ཏུ་གལ་ཆེ།

བྱས་ཙང་ཆོས་ལུགས་དང་ཚན་རིག་གཉིས་ཀས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ནུས་པར་ཞབས་འདེགས་ཞུ་བཞིན་ཡོད་པའི་རིན་ཐང་ངེས་གསལ་ཐོག་དེ་གཉིས་མཉམ་འབྲེལ་གྱིས་ཁོར་ཡུག་གི་བརྟན་གནས་གླེང་ན་དགེ་མཚན་འདུག ལྷག་པར་དུ་བཟོ་ལས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་ནི་ནང་ཆོས་ལུགས་ཀྱི་དད་མོས་ནི་ད་དུང་ཤུགས་ཆེར་ལྷག་ཡོད་པས་ཁོང་ཚོར་ཆོས་ལུགས་དང་ཚན་རིག་གཉིས་ཀའི་ལམ་ནས་ཁོར་ཡུག་གཅེས་སྲུང་གི་གོ་རྟོགས་སྐྲུན་རྒྱུ་གལ་ཆེ།

༣ ནང་བསྟན་མཚན་ཉིད་རིག་པའི་རྟེན་འབྱུང་གི་རིག་པས་སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས་ལ་
ཞབས་འདེགས་ཇི་ལྟར་ཞུ་ཐབས་རགས་ཙམ་གླེང་བ།