ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

 

༡༽ འཐུང་ཆུའི་དཀའ་ངལ་གྱི་འཇིགས་སྣང་།     

  འདས་པའི་ལོ་ཟླའི་ཁྲོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱི་གསར་གྱུར་བརྒྱུད་ལམ་ཁག་ཏུ་ཐོས་པའམ་བཀླགས་པ་གང་རུང་བརྒྱུད་འགྲོ་བ་མི་ནི་ཁམ་ཟས་མེད་པར་བདུན་ཕྲག་གསུམ་ལྷག་རིང་སྲོག་འཚོ་ཐུབ་ཀྱང་ཆུ་མེད་ན་རིང་ན་བདུན་གཅིག་དང་། སྤྱི་སྙོམ་གྱི་ཆ་ནས་ཉིན་བཞི་ལྷག་ལས་འཚོ་མི་ཐུབ་པའི་སྡོམ་ཚིག་ཐོག་མར་གོ་ཐོས་བྱུང་། ད་ཆ་དེའི་སྐོར་ཤེས་བྱ་མང་ཙམ་རྒྱུས་ལོན་བྱས་པར་མིའི་ལུས་ཕུང་ནི་བརྒྱ་ཆ་དྲུག་ཅུ་ཆུས་གྲུབ་པའི་སྐོར་དེང་དུས་ཀྱི་ཚན་རིག་པས་དཔྱད་འབྲས་ཡིན་པར་ཤེས་བྱུང་།[1] དེ་བཞིན་དུ་མིའི་སྙིང་དང་མཁལ་མ་སོགས་ཀྱི་བྱེད་ལས་བྱེད་པར་ཁྲག་གི་རྒྱུ་བ་ལ་ངེས་པར་བརྟེན་དགོས་པ་དང་། གལ་ཏེ་ལུས་ལ་དགོས་ངེས་ཀྱི་ཆུ་མེད་ཚེ་ཁྲག་སོགས་ཀྱི་རྒྱུ་བ་ཡང་རྒྱུན་ལྡན་གྱི་བྱེད་ལས་ལྟར་བྱེད་མི་ཐུབ་པར་སྙིང་སོགས་ཀྱི་བྱེད་ལས་ཀྱང་འགགས་ནས་ལུས་ཕུང་ལ་དཀང་ངལ་འཕྲད་དེ་(dehydration) ལུས་ཕུང་ལ་དགོས་ངེས་ཀྱི་ཆུས་མ་འདང་བའི་ན་ཚ་འབྱུང་ངེས་ཡིན།  གལ་ཏེ་མིའི་ལུས་ཕུང་བརྒྱ་ཆ་དྲུག་ཆུ་ཆུས་གྲུབ་ཡོད་པ་དང་ཉིན་རེ་ལ་ལུས་ཕུང་ལས་བརླན་གཤེར་བརྒྱ་ཆ་བཅུ་ཙམ་ཆབ་གསང་སོགས་བརྒྱུད་ནས་ཟད་བཞིན་ཡོད་པ་དང་། དེའི་ཚབ་ཏུ་ལུས་ཕུང་ལ་དགོས་ངེས་ཀྱི་ཆུ་མཁོ་སྤྲོད་མ་བྱེད་པ་དང་མ་འཐུང་ན་ཐོག་མར་གོང་གི་ནད་དེ་ཕོག་ངེས་དང་ཉིན་བཞིའི་རྗེས་ཚེ་སྲོག་ཀྱང་ཤོར་ངེས་ཡིན། ཡིན་ན་ཡང་དེང་ང་ཚོའི་སྤྱི་ཚོགས་ནང་ཚན་རིག་གི་ལག་རྩལ་གྱིས་འཐུང་ཆུའི་ཆ་རྐྱེན་སྟབས་བདེ་བཟོ་བའི་རྐྱེན་གྱིས་འཐུང་ཆུའི་གལ་ཆེན་རང་བཞིན་དང་། དེའི་འབྱུང་ཁུངས་དང་འཛམ་གླིང་གི་འཐུང་ཆུའི་དཀའ་ངལ་ཇི་ཙམ་ཡོད་མེད་དོ་སྣང་བྱེད་ཀྱི་མེད།

            འོ་ན་ང་ཚོའི་ལུས་ཕུང་ལ་དགོས་ངེས་ཀྱི་འཐུང་ཆུ་འཛམ་གླིང་འདིའི་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ་ཞེ་ན། བརླན་གཤེར་བའི་ཆུ་ཡོད་ཚད་ང་ཚོའི་ལུས་ཕུང་ལ་དགོས་ངེས་ཀྱི་ཆུ་ཡིན་པའི་ངེས་པ་མེད་ཅིང་། ང་ཚོའི་ལུས་ཕུང་གིས་འཇུ་ཐུབ་པ་དང་མཁོ་བའི་ཆུ་ལ་འཐུང་ཆུ་ཞེས་ཟེར། ང་ཚོ་འཛམ་གླིང་འདི་བརྒྱ་ཆ་བདུན་ཅུ་དོན་ལྔ་ཞི་བདེའི་རྒྱ་མཚོ་དང་ཧིན་རྡུའི་རྒྱ་མཚོ་སོགས་ཀྱིས་གྲུབ་ཡོད་ཀྱང་། དེ་དག་ནི་བ་ཚྭ་དང་འདྲེས་པའི་ཆུ་ཡིན་པས་ང་ཚོ་འགྲོ་བ་མིས་འཐུང་ཆུར་བེད་སྤྱོད་མི་རུང་བ་ཀུན་གྱིས་མྱོང་བས་གྲུབ་པ་ལྟར་དང་། དེ་འཕྲོས་ཀྱི་བརྒྱ་ཆ་ཉེར་ལྔ་ནས་བརྒྱ་ཆ་ཉེར་གཉིས་ཡས་མས་ནི་ས་རྡོ་སོགས་ཀྱིས་གྲུབ་པ་དང་། ལྷག་འཕྲོས་ཀྱི་བརྒྱ་ཆ་གསུམ་ཡས་མས་ཙམ་ཞིག་འཐུང་ཆུས་ཟིན་ཡོད་ཀྱང་དེ་ལས་གཅིག་ཙམ་མ་གཏོགས་འགྲོ་བ་མི་ཡིས་བཀོད་སྤྱོད་དམ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ལ་[2]ལྷག་འཕྲོས་ཀྱི་བརྒྱ་ཆ་གཉིས་ནི་མི་མེད་ལུང་སྟོང་ཁག་ཏུ་བཞུར་བཞིན་ཡོད། དེ་ལྟ་བུའི་བརྒྱ་ཆ་གཅིག་ཙམ་གྱི་འཐུང་ཆུ་ཡང་ལོ་རེ་དང་ཟླ་རེ་ནས་རྒྱས་པ་ལས་བྲི་བ་དང་། བྲི་བ་ལས་སྐམ་པའི་བརྒྱུད་རིམ་ལསའཛམ་གླིང་འདིའི་མི་འབོར་བརྒྱ་ཆ་དྲུག་ཅུ་ལྷག་ལོ་ལྟར་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་[3]པ་འབྲེལ་ཡོད་ཀྱི་སྙན་ཐོ་ཁག་གི་ནང་གསལ། དེ་བཞིན་འཛམ་གླིང་སྲུང་སྐྱོབ་ཚོགས་པས་ (World Preservation Foundation) གོ་ལ་ཧྲིལ་པོའི་རྒྱལ་ཁབ་སོ་སོའི་འཐུང་ཆུའི་འབྱུང་ཁུངས་རྒྱུག་ཆུ་དང་གཙང་པོའི་སུམ་ཆ་གཅིག་སྐམ་འགོ་བཙུགས་པ་དང་དེས་མི་ཐེར་འབུམ་གསུམ་ལ་དོ་ཕོག་ཐེབས་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད།[4]        དེ་ཡང་ཞིབ་པར་བརྗོད་ན་དུས་རབས་ཉི་ཤུ་པའི་མག་ོསྟོད་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་སྲིད་པ་ཆགས་པ་ནས་གྲུབ་པའི་གངས་རི། མཚོ་དང་མཚེའུ། གཙང་བོ་དང་རྒྱུག་ཆུ་སོགས་གང་མང་ཞིག་རྒྱས་པ་ནས་བྲི་བ་དང་། བྲི་བ་ནས་སྐམ་པའི་དངོས་བྱུང་གནས་ཚུལ་རྣམས་སྤྱིར་སེམས་ཅན་ཞིག་གིས་ཤེས་ཚེ་རང་བཞིན་གྱིས་སྙིང་ཁམས་འཕར་ལྡིང་ཞིག་དང་སེམས་འཚབ་ཅིག་སྐྱེ་དགོས་པའི་གནས་སྟངས་སུ་གྱུར་ཡོད། དཔེར་ན་མཚོ་ལ་མཚོན་ན། དཀྱིལ་ཤར་རྒྱལ་ཁབ་ཨེ་རན་(Iran)གྱི་ཨུར་མཱ་མཚོ་ (Lake Urmia) ནི་འཛམ་གླིང་གི་མཚོ་ཆེན་གྱི་གྲས་ཤིག་དང་སྲིད་པ་ཆགས་པ་བཟུང་སྐམ་མ་མྱོང་ཡང་ཕྱི་ལོ་ ༡༩༨༤ ནས་སྐམ་འགོ་ཚུགས་ནས་ཕྱི་ལོ་ ༢༠༡༤ བར་མི་ལོ་སུམ་ཅུ་འགོར་རྗེས་སྲིད་པའི་མཚོ་ཆེན་འདིས་ཆེས་ཐ་མའི་སྡུག་སྐད་ཅིག་བརྒྱབས་ནས་ཡོངས་སུ་སྐམ་པ་དང་། མཚོ་ཆེན་དེ་ལ་བརྟེན་པའི་ཡུལ་ལུང་འདིའི་ཆེ་བ་གྲོང་སྡེ་དང་ཆུང་བ་ཁྱིམ་ཚང་ཡན་ཆད་ས་གནས་གཞན་དུ་སྤོར་དགོས་པའི་ཐབས་སྡུག་གི་གནས་ཚུལ་བྱུང་འདུག

            དེ་བཞིན་དུ་ཡོ་རོབ་ཀྱི་བྷི་ལི་ཝེའི་(Bolivia) རྒྱལ་ཁབ་ཀྱི་མཚོ་ཆེན་གཉིས་པ་པཱ་པོ་(Lake Poope)ནི་དེ་སྔོན་ས་གནས་འདིའི་ཕ་མེས་དང་ཡང་མེས་རྣམས་ཀྱི་ཉ་འཛིན་དང་འཐུང་ཆུ་ཡི་འཚོ་རྟེན་གཙོ་བོ་དེ་ཡིན་ཡང་། ད་ཆ་ཡོངས་རྫོགས་སྐམ་ནས་བྱེ་ཐང་དུ་གྱུར་ཏེ་ཡུལ་མིའི་སྐྱེས་པ་རྣམས་ས་གནས་གཞན་དུ་འཚོ་རྟེན་བཙལ་དུ་སོང་ནས་ཁྱིམ་དུ་རྒན་འཁོགས་དང་བྱིས་པ་མ་གཏོགས་ལྷག་མེད་པའི་ཐབས་སྡུག་གི་གནས་ཚུལ་ཡང་བྱུང་འདུག

            དེ་བཞིན་འཛམ་གླིང་རང་བྱུང་ཁམས་ཀྱི་དྲ་བ་(Mother Nature Network) ཞེས་པའི་སྙན་ཐོ་ལྟར་ན་ད་ལྟ་འཛམ་གླིང་ནང་གི་གཙང་པོ་དང་མཚོ་ཆེན་གྲགས་ཅན་གང་མང་ཞིག་བྲི་བའི་འགོ་བཙུགས་ནས་རིང་མིན་སྐམ་པའི་འཇིགས་སྣང་མངོན་དུ་འགྱུར་ངེས་ཡིན་པའི་གསལ་བཤད་བྱས་འདུག[5] དེ་དག་ནི་

  1. Bone Dry
  2. Lake Poopo
  3. Colorado River
  4. Aral Sea
  5. Lake Badwater
  6. Lake Chad
  7. Owens lake
  8. lake Powell
  9. Lake Mead བཅས་རེད།

            དེ་བཞིན་དུ་བོད་ཀྱི་མཚོ་ལ་མཚོན་ནའང་། བོད་ཀྱི་མཚོ་ཆེ་ཤོས་མཚོ་སྔོན་པོ་ནི་གཡས་གཡོན་གྱི་རི་ལུང་མང་པོ་ནས་རྒྱུག་པའི་ཆུ་ཕྲན་དང་གཙང་པོ་127 ལས་གྲུབ་པ་ཡིན་ཡང་། སྤྱི་ལོ་2009ལོར་མཚོ་སྔོན་པོའི་ཞིབ་འཇུག་པ་ The Administration of Qinghai Lake དང་ Institute of Geography of the China གཉིས་ཀྱི་སྙན་ཐོའི་ནང་མཚོ་སྔོན་པོའི་འབྱུང་ཁུངས་ཀྱི་ཆུ་ཕྲན་དང་གཙང་པོ་57 བྲི་ནས་སྐམ་ཚར་སྐོར་དང་ད་དུང་ལོ་རེར་སྨི་ཆ་ 10 (centimeter)  བྲི་སྐོར་ཡང་གསལ་བར་མ་ཟད།[6] [7]ཝི་ཀཱི་ཕི་ཌི་ཡ་(Wikipedia) སྙན་ཐོའི་ནང་འཛམ་གླིང་གི་མཚོ་དང་གཙང་པོ་སུམ་ཅུ་ཐམ་པ་སྐམ་ལ་ཉེ་བའི་ནང་མཚོ་སྔོན་པོའང་བགྲངས་འདུག[8]

            དེ་བཞིན་དུ་བོད་ཀྱི་གཙང་པོ་ཁག་ལ་མཚོན་ནའང་(WWF)ཚོགས་པའི་སྙན་ཐོའི་ནང་འཛམ་གླིང་གི་ཆུ་ཆེན་ཁག་བཅུ་སྐམ་ཉེན་ཡོད་པ་དང་།  དེའི་ནང་ནས་ལྔ་ནི་བོད་མཐོ་སྒང་ནས་བཞུར་བའི་གཙང་པོ་སྟེ་ ༡ རྒྱལ་མོ་རྔུལ་ཆུ། ༢ རྨ་བྱ་ཁ་འབབ། ༣ རྟ་མཆོག་ཁ་འབབ། ༤ འབྲི་ཆུ། ༥ རྫ་ཆུ་བཅས་ཡིན་པ་དང་།[9] གཙང་པོ་དེ་དག་ཐམས་ཅད་འཐུང་ཆུ་དང་ཞིང་ལས་སོགས་ལ་བེད་སྤྱོད་ཧ་ཅང་ཆེ་བའི་ཆུ་ཆེན་དག་ཡིན་པ་དང་བོད་ཀྱི་མཚོ་ཆེན་བཞི། ཁ་འབབ་བཞི་དང་གཙང་པོ་བཞི་བཅས་ལོ་རེ་ནས་ཆེ་ཆུང་ལ་མ་ལྟོས་པར་བྲི་བཞིན་ཡོད་འདུག

 འོ་ན་གཙང་པོ་དང་རྒྱུག་ཆུ། གངས་རི་དང་མཚོ་སོགས་རྒྱུ་མེད་རྐྱེན་མེད་ལས་སྐམ་པ་ཡིན་ནམ་ཞེ་ན།

༢༽ འཛམ་གླིང་འདིའི་འཐུང་ཆུ་སྐམ་པའི་རྒྱུ་རྐྱེན།  

འཛམ་གླིང་གི་ལོ་རྒྱུས་དང་དེང་རབས་ཚན་རིག་པ་དག་གིས་བཏོན་པའི་ཞིབ་འཇུག་གི་སྙན་ཐོ་ཁག་ལས་དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་སྲིད་པའི་གངས་རི་དང་མཚོ་སོགས་གཙོ་བོ་དག་སྐམ་འགོ་བཟུང་ཡོད་པར་བརྗོད་བཞིན་ཡོད།[10]

            འོ་ན་དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་སྲིད་པའི་གངས་རི་དང་མཚོ་ཆེན་སོགས་སྐམ་པའི་འགོ་མ་བཟུང་ལ། དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་སྐམ་དགོས་པའི་རྒྱུ་མཚན་མཐར་ཐུག་ཅི་ཞིག་ལ་ཐུག་ཡོད་ཅེ་ན།

            དེའི་རྒྱུ་མཚན་མཐར་ཐུག་གཅིག་ནི། དཔེར་ན། ཆུ་ཕོར་གང་ཉི་དྲོད་ཧ་ཅང་རྒྱས་པའི་དཀྱིལ་དུ་ཆུ་ཚོད་ཁ་ཤས་ལ་བཞག་ན་ཐག་ནས་མེད་པར་གྱུར་པ་ཀུན་གྱིས་ཤེས་གསལ་ལྟར། དཔེ་དེ་བཞིན་འཇིག་རྟེན་འདིའི་གཙང་པོ་དང་མཚོ་སོགས་རྒྱས་པ་ནས་བྲི་བ་དང་། བྲི་བ་ནས་སྐམ་པའི་རྒྱུ་མཚན་གཅིག་ནི་ཉི་མའི་ཚ་དྲོད་དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་བཟུང་དུས་རབས་སྔ་མ་རྣམས་ལ་ལྡབ་འགྱུར་གྱིས་རྒྱས་འགོ་ཚུགས་པ་དང་། དེར་བརྟེན་སྲིད་པའི་གངས་རི་ཁག་བཞུར་ཚད་ཀྱང་རྒྱུན་གཏན་ལས་མྱུར་བ་དང་གཙང་ཆུ་སོགས་ཀྱང་སྐམ་པའི་མྱུར་ཚད་ཧ་ཅང་མགྱོགས་སུ་སོང་བ་དང་། དེང་སང་སྲིད་པའི་གངས་རི་དང་གཙང་ཆུ་རྣམས་བསྐལ་བའི་མེ་དཀྱིལ་དུ་ལྷག་པའི་དུས་རབས་ལྟ་བུ་རེད།

            ལོ་ངོ་སྟོང་ཕྲག་བརྒལ་བའི་ཡར་སྔོན་དུ་རང་བྱུང་ཁམས་ལ་རང་བཞིན་གྱིས་འགྱུར་བ་ཆེན་པོ་དང་ཆགས་འཇིགས། ཚ་དྲོད་རྒྱས་པ་སོགས་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། དུས་རབས་འདིར་གོ་ལ་ཧྲིལ་པོ་ཡོངས་ལ་ཚ་དྲོད་ཧ་ཅང་རྒྱས་པ་བཞིན་བྱུང་མྱོང་མེད་པའི་རྒྱུ་མཚན་མཐར་ཐུག་ནི། འགྲོ་བ་མི་ཞེས་པ་འདི་ཧམ་སེམས་དང་འདོད་དབང་གི་གཡོག་ཏུ་ཚུད་དེ་རང་ཉིད་འཚོ་ཐབས་ཀྱི་མཐུན་རྐྱེན་དང་དགོས་མཁོའི་དཔལ་འབྱོར་ལས་བརྒལ་བར་འདོད་པའི་རྔམ་སེམས་ཀྱི་དབང་དུ་སོང་སྟེ།  རང་ཉིད་འཚོ་བའི་རིང་ཙམ་མ་ཟད་ཤི་བའི་རྗེས་ལའང་ཟད་མཐའ་མེད་པའི་རྒྱུ་ནོར་གྱི་བང་མཛོད་རི་ལྟར་བརྩིགས་འདོད་ནས། དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་བཟོ་ལས་ཀྱི་གསར་བརྗེ་ཤུགས་ཆེ་ལངས་རྗེས་བཟོ་ལས་རྒྱ་བསྐྱེད་ཤུགས་ཆེར་དར་སྤེལ་བཏང་སྟེ་ལོ་ངོ་སྟོང་ཕྲག་རིང་ཕ་མེས་ཡང་མེས་ཀྱིས་བདག་སྲུང་བྱེད་པའི་འགྲོ་བ་སེམས་ཅན་དང་རྩི་ཤིང་ནགས་ཚལ་སོགས་ཀྱི་གཞི་རྟེན་ས་གཞི་རིན་པོ་ཆེར་སྔོག་འདོན་གྱིས་གསེར། ཟངས། ལྕགས་སོགས་ལོ་ངོ་བརྒྱ་ཕྲག་རིང་བསྔོགས་པས་ས་གཞིའི་བཅུད་ཤོར་བ་གཅིག ལོ་ངོ་བརྒྱ་ཕྲག་གཅིག་ཙམ་རིང་བཟོ་གྲྭ་འདྲ་མིན་ལས་དུག་རླངས་ཉིན་རེར་ཚད་ལས་བརྒལ་བ་བཏོན་པ་དང་། ཆ་སྙོམ་འཛམ་གླིང་ནང་སྐར་ཆ་རེའི་ནང་དུག་རླངས་(Carbon Dioxide) རྒྱ་མ་ 2.4 ཙམ་བཟོ་བཞིན་ཡོད་པ་དང་།[11] དེ་བཞིན་སྣུམ་འཁོར། [རླངས་འཁོར་] བཟོ་གྲྭ་དང་གནམ་གྲུ་སོགས་ཡོད་དོ་ཅོག་ལས་ཐོན་པའི་དུག་རླངས་ཆ་སྙོམ་ལོ་གཅིག་ལ་ཏོན་[ton]ཐེར་འབུམ་39.8ཡིན་ཞིང་།[12] དེ་ཡང་ཉིན་རེ་དང་ལོ་རེ་ནས་བཟོ་གྲྭ་སོགས་ཀྱི་གྲངས་ཚད་འཕར་བཞིན་ཡོད་པས་དེའི་མཇུག་འབྲས་ཅི་ཞིག་འབྱུང་མིན་ཤེས་གསལ་རེད།

            བཟོ་གྲྭ་དང་རྡོ་སོལ་སོགས་ལས་བྱུང་བའི་དུག་རླངས་ནི་(Carbon Dioxide)འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་ལ་འགྱུར་ལྡོག་ཆེ་ཤོས་གཏོང་མཁན་དེ་ཡིན་ལ།[13] དུག་རླངས་དེ་དག་གིས་རང་བྱུང་གིས་གྲུབ་པའི་ཉི་ཟེར་འགོག་པའི་བར་མཁའ་དབྱིངས་བླ་བྲེ་(ozone layer) སྲབ་ཏུ་བཏང་བ་དང་། དེའི་རྐྱེན་གྱིས་ཉི་ཟེར་གྱི་དྲོད་སྔར་ལས་རྒྱས་ཤིང་འཇིག་རྟེན་འདིའི་སྐྱེ་དངོས་ཀུན་དང་། ལྷག་པར་གཙང་པོ་དང་མཚོ་སོགས་ལ་ཐད་ཀར་ཕོག་ཚད་ཆེ་བ་དང་སྐམ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་འདུག མུ་མཐུད་ཡར་རྒྱས་ཟེར་བའི་དར་ཆ་དཀར་པོ་འཕྱར་ནས་དུག་རླངས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་པའི་བཟོ་གྲྭ་དང་སྣུམ་འཁོར་སོགས་ཚོད་འཛིན་མ་བྱས་ཚེ། ནམ་ཞིག་ང་ཚོས་སྟངས་འཛིན་བྱེད་མི་ཐུབ་པའི་དུག་རླངས་ཀྱིས་འཇིག་རྟེན་འདིའི་འཐུང་ཆུའི་འབྱུང་ཁུངས་གཙོ་བོར་གྱུར་པའི་སྲིད་པའི་གངས་རི་དང་གཙང་པོ་རྣམས་ཚད་ལས་བརྒལ་བའི་འབག་བཙོག་ཏུ་བཏང་བར་མ་ཟད་ཁོར་ཡུག་ཡོངས་རྫོགས་བརླག་ངེས་ཡིན།

            དེ་བཞིན་དུ་ཕུགས་རྒྱང་རིང་པོའི་བསམ་ཤེས་མེད་པར་འཕྲལ་དུ་ཤོག་དངུལ་གྱི་གྲངས་ཀ་ཙམ་གྱི་ཆེད་གཙང་ཆུ་དང་རྒྱུག་ཆུ་སོགས་སུ་གད་སྙིགས་དང་བཙོག་ཆུ་སོགས་ཚད་ལས་བརྒལ་བ་གཡུག་པའི་མཇུག་འབྲས་ད་ཆ་གཙང་པོ་དང་རྒྱུག་ཆུ་གང་མང་ཞིག་འཐུང་ཆུར་མི་རུང་བའི་ཚད་གཞི་ཧ་ཅང་མཐོན་པོར་སླེབས་ཡོད།  དཔེར་ན།  སྤྱི་ལོ་ ༢༠༠༦ ལོར་རྒྱ་ནག་ཤིང་ཧ་གསར་ཁང་གི་གསར་འགྱུར་ལྟར་ན། འབྲི་ཆུའི་བརྒྱ་ཆ་ ༦༦ ཙམ་འཐུང་ཆུ་མི་རུང་བར་གྱུར་པ་དང་། ཆུ་བཙོག་གི་རིགས་ཏོན་ (ton)ཐེར་འབུམ་བཞི་ཙམ་གཙང་པོའི་དེའི་ནང་དུ་བཞུར་བཞིན་ཡོད་པ་དང་། དེ་ལས་བརྒྱ་ཆ་ ༧༣%བཟོ་གྲྭ་ཁག་ལས་ཐོན་པའི་ཆུ་སྙིགས་ཡིན་ཞེས་སྤེལ་ཡོད།[14] [15]

            དེ་བཞིན་དུ་WWF ཚོགས་པའི་སྙན་ཐོའི་ནང་གཙང་པོ་དང་རྒྱུག་ཆུ་ཁག་སྐམ་པའི་རྒྱུ་རྐྱེན་གཙོ་བོ་ཁག་དྲུག་དྲངས་ཡོད་དེ།

  1. ཆུ་རགས་དང་འཛུགས་བསྐྲུན།
  2. ཆུ་ཚོད་མེད་འབོར་འདྲེན།
  3. གནམ་གཤིས་འགྱུར་ལྡོག
  4. སྲོག་ཆགས་ནང་ཕན་ཚུན་བཙན་འཛུལ།
  5. ཉ་ཚོད་མེད་འཛིན་བཟུང་།
  6. ཁོར་ཡུག་འབག་བཙོག་བཅས་རེད།[16]

རང་ཉིད་ཀྱི་ཁོར་ཡུག་ལས་ཅུང་རྒྱང་ཐག་རིང་བདང་གནས་སྐབས་རིང་དངོས་སུ་ཕན་གནོད་མ་འབྲེལ་བའི་གཙང་ཆུ་དང་རྒྱུག་ཆུའི་རིགས་ལ་འབག་བཙོག་ཤོར་བར་སྣང་མེད་དང་དོ་ཁུར་མ་བྱས་པ་ནི་ཕུགས་རྒྱང་གི་འདུ་ཤེས་མེད་པ་དང་། འཐུང་ཆུའི་གལ་ཆེན་རང་བཞིན་ལ་གོ་རྟོགས་མེད་པར་ཟད་པས་དེའི་མཇུག་འབྲས་ནི་རང་ཉིད་ཀྱི་སྐེ་ལ་མི་མངོན་པའི་ཐག་པ་བསྐོན་པ་དང་གཅིག་མཚུངས་ཡིན། འཇིག་རྟེན་འདིའི་འཐུང་ཆུ་ནི་ཉིན་རེ་དང་ཞག་རེ་ནས་སྐམ་པ་ལ་ཕྱོགས་བཞིན་ཡོད་པ་དང་ཉིན་ཞིག་རང་ཉིད་ཀྱི་མགོ་ཐོག་ལ་སླེབས་ངེས་ཡིན།

            ཁོར་ཡུག་ཞིབ་འཇུག་པ་ཞིག་གིས། གོ་ལ་ཧྲིལ་པོའི་ཚ་དྲོད་རྒྱས་པ་ནི་རང་བྱུང་ཁམས་ལ་འགྲོ་བ་མིའི་བསམ་མེད་ཀྱི་འདུ་ཤེས་ལས་བྱུང་བ་ཡིན་ཞེས་པའི་སྡོམ་ཚིག་བཀོད་པ་ལྟར་ “The true cause of global warming is our thoughtless attitude to Nature” རྔམ་སེམས་དང་འདོད་དབང་གི་གཞན་དབང་དུ་ཚུད་ནས་དགོས་མཁོའི་དཔལ་འབྱོར་ལས་བརྒལ་བའི་རྒྱ་བསྐྱེད་རིང་ལུགས་པའི་བསམ་མེད་ཀྱི་འདུ་ཤེས་བྱུང་བས། གལ་ཏེ་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ། ཁ་ཡོད་ལག་ཡོད་ཀྱི་འཛམ་གླིང་གི་འཐུང་ཆུ་སྲུང་སྐྱོབ་བྱེད་འདོད་ཚེ། ད་གཟོད་སྔོན་ལ་འདོད་རྔམ་དང་རྒྱ་བསྐྱེད་རིང་ལུགས་པའི་བཟོ་གྲྭ་ཆེ་ཁག་དང་དུག་རླངས་ཚད་ལས་བརྒལ་བ་སྐྲུན་མཁན་གཏེ་བོ་རྣམས་མང་བ་ལས་ཉུང་དུ་དང་། ཉུང་བ་ལས་མེད་པར་བཟོ་བའི་ལས་འགུལ་སྤེལ་དགོས།

   མདོར་ན་འཛམ་གླིང་གི་འཐུང་ཆུའི་ཆེད་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་བཟོ་ལས་ཀྱི་གསར་བརྗེ་ལངས་ཀྱང་དུས་རབས་ཉེར་གཅིག་པའི་མགོ་སྟོད་དུ་བཟོ་ལས་མེད་པར་བཟོ་བའི་གསར་བརྗེ་བྱེད་དགོས།

༣༽ ཆར་ཆུ་སོགས་གསོག་འཇོག་གིས་འཐུང་ཆུའི་མཛོད།    

གོ་ལ་ཧྲིལ་པོ་འདིའི་འཐུང་ཆུ་ཁག་ལ་འབག་བཙོག་ནི་ཉིན་རེ་ནས་ཉིན་རེར་ཇི་སྡུག་གིས་དཀའ་ངལ་འཕྲད་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། དེས་ན་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་གཉིས་ཏེ། གཅིག ད་ལྟ་འཇིག་རྟེན་འདིར་ཡོད་བཞིན་པའི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་གཙང་པོ་དང་རྒྱུག་ཆུ་སོགས་འབག་བཙོག་ལས་སྲུང་སྐྱོབ་ཀྱི་ཐབས་ཤེས་ལ་འབད་རྒྱུ་དང་། གཉིས། འཐུང་ཆུ་གསར་བཟོའི་ལས་རིགས་འདྲ་མིན་གསར་གཏོད་བྱེད་དགོས།

འཛམ་གླིང་གི་ཤར་ནུབ་ཀུན་ལ་ཆ་སྙོམ་གྱིས་སྐར་མ་རེའི་ནང་ཆར་པ་ཏོན་་(ton)ས་ཡ་907འབབ་བཞིན་ཡོད་པ་དང་།[17] དེ་ལ་དཔག་ན་ཉིན་རེ་དང་ལོ་རེར་ཆར་པ་ཇི་ཙམ་འབབ་མིན་ཤེས་ཐུབ་ལ། ལྷག་པར་དུ་ལོ་རེ་འཛམ་གླིང་ཤར་ནུབ་གང་སར་ཆར་ཞོད་ཀྱི་དུས་ཡུན་ཟླ་གཅིག་གཉིས་ལྷག་ཆ་སྙོམས་ཀྱིས་འབབ་ཀྱིན་ཡོད། དཔེར་ན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེའི་ནང་དུ་སྤྱི་ཟླ་ ༧ པ་ནས་ ༩ དཀྱིལ་ཙམ་བར་ཉིན་རེར་ཆར་ཆུ་ཏོན་ཐེར་འབུམ་ཁ་ཤས་འབབ་ཀྱི་ཡོད་ལ། ཆར་ཆུ་དེ་དག་ལས་ས་ཞིང་དང་རྩི་ཤིང་སོགས་ལ་དགོས་པའི་ལྷག་ལུས་ཀྱི་ཆར་ཆུ་རྣམས་ནི་གཙང་ཆུ་སོགས་དང་འདྲེས་ནས་མཐར་མཐའི་རྒྱ་མཚོའི་ནང་བབ་ནས་བེད་མེད་དམ་ཚྭ་ཆུའི་ངོ་བོར་གྱུར་བཞིན་ཡོད།   གལ་ཏེ་དེའི་ལྷག་འཕྲོས་ཀྱི་ཆར་ཆུ་རྣམས་རྒྱ་མཚོ་དང་མ་འདྲེས་པའི་གོང་ནས་གྲོང་དང་གྲོང་སྡེའི་ས་ཚིགས་སོ་སོའི་ནང་ཆུ་མཛོད་ཆེ་ཆུང་འདྲ་མིན་བཟོས་ནས་གསོག་འཇོག་བྱེད་ཐུབ་ཚེ་རྒྱལ་ཁབ་སོ་སོའི་ནང་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པའི་མི་མང་ས་ཡ་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་དཀའ་ངལ་སེལ་ཐུབ། དེར་མ་ཟད་ཆར་ཆུ་ནི་འཇིག་རྟེན་འདིའི་འཐུང་ཆུའི་ངོར་གྱུར་སླ་ཤོས་ཀྱི་བརླན་གཤེར་དང་འཐུང་ཆུའི་དཀའ་ངལ་སེལ་བའི་སྟབས་བདེ་ཤོས་དེ་རེད་སྙམ། འོན་ཀྱང་ཆར་ཆུ་རྣམས་གསོག་འཇོག་བྱས་ན་ཡུལ་ལུང་དེ་དང་དེའི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཡོད་མེད་སོགས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་གསོག་འཇོག་བྱ་དགོས་པ་ལས་གཞན་དུ་ན་མཇུག་འབྲས་བསམ་ཡུལ་ལས་འདས་པའང་འབྱུང་སྲིད།

            དེ་བཞིན་དུ་ནམ་དུས་བཞིའི་ནང་ཚན་དགུན་དུས་ནི་འཛམ་གླིང་གི་ཡུལ་ལུང་གང་སར་ཁ་བ་ཆེ་ཆུང་ལ་མ་ལྟོས་པར་འབབ་ཀྱི་ཡོད་ལ། དབྱར་དུས་སུ་གངས་རྣམས་བཞུར་ནས་གཙང་ཆུ་སོགས་དང་འདྲེས་ཏེ་མཐར་རྒྱ་མཚོའི་ནང་འབབ་ནས་བ་ཚྭ་ཅན་དུ་གྱུར་ནས་འཐུང་ཆུར་སྤྱོད་མི་རུང་བར་གྱུར། གལ་ཏེ་ཁ་བ་དེ་རྣམས་མ་བཞུར་སྔོན་ནས་གསོག་འཇོག་གི་ཐབས་ལམ་གསར་གཏོད་བྱེད་ཐུབ་ཚེ་ཕྱིས་དབྱར་དུས་སོགས་སུ་འཐུང་ཆུར་ངོར་གྱུར་ཐུབ། དེ་ནི་འཐུང་ཆུ་གསར་བཟོས་ཀྱི་ལས་རིགས་ལེགས་ཤོས་དང་སྟབས་བདེ་ཤོས་ཤིག་རེད་སྙམ། ཡིན་ན་ཡང་གངས་དང་ཆར་ཆུ་སོགས་ནི་འགྲོ་བ་མི་ཁོ་ནར་དབང་བ་དང་འགྲོ་བ་མི་ཁོ་ནར་བེད་སྤྱོད་ཡོད་པ་ཞིག་མ་ཡིན་པར་འགྲོ་བ་གཞན་དུད་འགྲོ་དང་རྩི་ཤིང་ནགས་ཚལ་སོགས་ལ་དགོས་མཁོ་ཆེ་བ་དང་བདག་དབང་ཡང་ཡོད་པའི་རྒྱུ་མཚན་གྱིས་དེ་དག་གསོག་འཇོག་བྱེད་སྐབས་ཚོད་འཛིན་རན་པོ་ཞིག་དང་དེ་དག་ལ་དོ་ཕོག་མ་ཐེབས་པ་ཞིག་ངེས་པར་བྱེད་དགོས། གཞན་དུ་ན་རྒྱུ་བ་མི་དང་མི་རྒྱུ་བ་ས་གཞི་ནགས་ཚལ་སོགས་གཉིས་ནི་ཕན་ཚུན་རྟེན་དང་བརྟེན་པའི་འབྲེལ་བ་དམ་ཟབ་ཡོད་པས་རྩི་ཤིང་ནགས་ཚལ་དང་རང་བྱུང་ཁམས་ལ་དོ་ཕོག་ཆེན་པོར་ཐེབས་ཚེ་འགྲོ་བ་མིའི་འཚོ་རྟེན་ལ་འགྱུར་བ་ཐེབས་ངེས་ཡིན་པའི་རྟེན་འབྲེལ་གྱི་རྣམ་གཞག་ཀྱང་བརྗེད་མི་རུང་། 

༤༽ བ་ཚྭ་ཆུ་ཅན་འཐུང་ཆུར་བཟོས་པའི་ལག་རྩལ།

            འཛམ་གླིང་འདི་སུམ་ཆ་གཉིས་བ་ཚྭ་ཅན་གྱི་རྒྱ་མཚོ་ཡིས་ཟིན་ཡོད་པར་མ་ཟད་མཚོ་ཆེན་གང་མང་ཞིག་ཀྱང་ཚྭ་ཆུ་ཡིན་མོད། རྒྱ་བོད་ཀྱི་གཞུང་ཆེན་ཁག་ལས་ནོར་བུ་ཀེ་ཏ་ཀའི་ཕན་ཡོན་ནམ་བྱེད་ལས་འཆད་སྐབས་གལ་ཏེ་ནོར་བུ་དེ་ཉིད་ཆུ་རྙོག་ཅིག་གི་ནང་བླུགས་ཚེ་རིམ་གྱིས་དྭངས་རྙོག་སེལ་ནས་ཆུ་རྙོག་དེ་ཉིད་དྭངས་པར་བྱེད་ནུས་པའི་བྱེད་ལས་ལྡན་པ་འགྲེལ་བརྗོད་སྔར་ནས་བྱེད་པ་ལྟར། དེང་སང་ཚན་རིག་པས་བཟོས་པའི་སྨན་རིལ་དཀར་པོ་(Purification and Disinfection Tablets ) ཞིག་ཆུ་རྙོག་འདམ་གང་ནང་བླུགས་ནས་སྐར་མ་སུམ་ཆའམ་ཆུ་ཚོད་ཁ་ཤས་འགོར་རྗེས་ཆུ་རྙོག་དེ་ཉིད་དྭངས་གསལ་དུ་གྱུར་ཏེ་འཐུང་རུང་གི་ཆུ་ཡི་ངོ་བོར་བཟོས་ཐུབ་པའི་ཚན་རིག་གི་ལག་རྩལ་དང་། དེ་བཞིན་དུ་སྣོད་ཅིག་གི་ནང་དུ་བྱེ་མ། རྡེའུ་དང་། རྩྭ་སོགས་རིམ་གྱིས་བླུགས་རྗེས་དེའི་ཐོག་ཏུ་ཆུ་རྙོག་བླུགས་ནས་དྭངས་གསལ་བྱེད་པའི་ཐབས་ལམ་སོགས་གསར་གཏོད་བྱས་ཡོད།

དེས་ན་ཚན་རིག་གི་ལག་རྩལ་གོང་འཕེལ་བཏང་ནས་རྒྱ་མཚོ་ཆེན་པོ་ཡིས་མཚོན་པའི་བ་ཚྭ་རིགས་ལས་ངང་པས་འོ་ཆུ་གཅིག་ཏུ་འདྲེས་པའི་བརླན་ཞིང་གཤེར་བ་ལས་འོ་མ་ལེན་པ་བཞིན། ༡ བ་ཚྭའི་ཆུ་རིགས་ལས་ཚྭ་ལེན་པའམ་ཕྱིར་འདོན་ཐུབ་པའི་འཕྲུལ་འཁོར་རམ་ལག་རྩལ་གསར་གཏོད། ༢ ཡང་ན་བ་ཚྭའི་ཆུ་ལས་བ་ཚྭ་གཙང་སེལ་བཟོ་ཐུབ་པའི་སྨན་རྫས་རིགས་གསར་གཏོད་དང་། ༣ ཡང་ན་མི་ཚོགས་དཀྱུས་མས་སྟབས་བདེའི་ངང་བེད་སྤྱོད་བྱེད་ཐུབ་པའི་ཆུ་འཚག་ཆེན་པོ་རིགས་གསར་གཏོད་ཀྱིས་རྒྱ་མཚོའི་ཆུ་ལས་ཚྭ་འཚག་ཐུབ་པའི་ཐོན་བསྐྱེད་གསར་བསྐྲུན་ཐུབ་ཚེ་ལོ་ལྟར་འཛམ་གླིང་འདིའི་མི་འབོར་བརྒྱ་ཆ་དྲུག་ཅུའི་ལྷག་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་[18]པའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས་ལམ་ལེགས་ཤོས་དང་། མཐའི་རྒྱ་མཚོ་ནི་ཟད་མཐའ་མེད་པས་ཕྱིན་ཆད་འཐུང་ཆུའི་དཀལ་ངལ་བསྐྱར་དུ་འཕྲད་མི་སྲིད།

༥༽ ཆུ་རྡུལ་ཕྲ་མོ་གསར་བཟོ་ཐུབ་བམ།  

འབྱུང་བ་བཞིའི་ནང་ནས་ཆུའི་འབྱུང་བ་ནི་འགྲོ་བ་ཡོད་དོ་ཅོག་གི་སྲོག་འཚོ་བར་མེད་དུ་མི་རུང་བའི་འཇིག་རྟེན་འདིར་རང་བྱུང་གིས་གྲུབ་པའི་དངོས་པོ་ཞིག་ཡིན། ཡིན་ན་ཡང་ཆུའི་འབྱུང་བ་ནི་རྒྱུ་མེད་དང་རྐྱེན་མེད་ལས་གྲུབ་པ་མ་ཡིན་པར་མཐུན་པའི་རྒྱུ་ལས་འབྱུང་བ་ཡིན་ལ། དེ་ཡང་ཆུའི་རྡུལ་ཕྲན་ས་ཡ་མང་པོ་འདུས་པ་ལས་ཆུ་གྲུབ་པ་དང་། ཆུའི་རྡུལ་ཕྲན་ཡང་ཆུའི་རྡུལ་ཕྲ་རབ་མང་པོ་འདུས་པ་ལས་གྲུབ་ཡོད་སྐོར་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གཉིས་ཀས་འགྲེལ་བརྗོད་བྱེད།

འོ་ན་ཆུ་རྡུལ་ཕྲ་རབ་དེ་དག་གང་ཞིག་ལས་གྲུབ་པ་དང་གསར་དུ་བཟོ་ཐུབ་བམ་ཞེ་ན།

            ནང་པའི་ཚན་རིག་གམ་གཞུང་ལུགས་ཁག་ལྟར་ན། མདོ་སེམས་དང་དབུ་མ་པ་བཅས་ཀྱིས་ཆུའི་རྡུལ་ཕྲ་རབ་ནི་རང་ཉིད་ལས་ཕྲ་བའི་རྡུལ་ཕྲ་རབ་དུ་མ་འདུས་པ་ལས་གྲུབ་པར་མི་འདོད་ཅིང་། རང་ཉིད་ཀྱི་རིགས་འདྲའི་རྒྱུན་སྔ་མ་ལས་བྱུང་བའི་རྡུལ་ཕྲ་རབ་ཅིག་ལས་བྱུང་བ་དང་། དེ་ལས་ཕྲ་བར་གྱུར་པའི་རྡུལ་ཕྲ་རབ་མི་འདོད། དེར་བརྟེན་ཆུའི་རྡུལ་ཕྲ་རབ་ཀྱི་རྒྱུན་ནི་ཐོག་མེད་ཡིན་པས་ནང་པའི་ཚན་རིག་པ་ལྟར་ན་སྔོན་མེད་གསར་དུ་བཟོ་ཐུབ་པར་ཁས་མི་ལེན་ལ། འོན་ཀྱང་འཇིག་རྟེན་ཁམས་ཀྱི་ས་རྡོ་བྲག་རི་སོགས་ཀྱི་དངོས་པོ་ཐམས་ཅད་ནང་ཆུའི་རྡུལ་ཕྲན་དང་ཆུའི་རྡུལ་ཕྲ་རབ་ཡོད་པ་ནང་པའི་མདོ་སྔགས་གཞུང་ལུགས་ཀུན་ལས་གསུངས་ཡོད་དེ། མཛོད་ལས། འདོད་ན་གཟུགས་སོགས་ལྟ་བ་དང་། །སྒྲ་མེད་ཕྲ་རབ་རྡུལ་ཕྲན་བརྒྱད། །ཅེས་གསུངས་པ་ལྟར། སའི་རྡུལ་ཕྲ་རབ་གཅིག་གྲུབ་པ་ན། དེ་དང་ལྷན་ཅིག་ཏུ་མེའི་རྡུལ་ཕྲ་རབ་གཅིག ཆུའི་རྡུལ་ཕྲ་རབ་གཅིག རླུང་གི་རྡུལ་ཕྲ་རབ་གཅིག གཟུགས་ཀྱི་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་གཅིག དྲིའི་རྡུལ་ཕྲ་རབ་གཅིག རོའི་རྡུལ་ཕྲ་རབ་གཅིག རེག་བྱའི་རྡུལ་ཕྲ་རབ་གཅིག་སྟེ་བརྒྱད་བྱུང་བ་དང༌། དེ་བཞིན་དུ་སའི་རྡུལ་ཕྲ་རབ་གཉིས་གྲུབ་པ་ལ་རྡུལ་ཕྲ་རབ་བརྒྱད་གཉིས་བཅུ་དྲུག་དང་ལྷན་ཅིག་ཏུ་གྲུབ་པས་ཁྱབ་པ་དང༌། ཆུའི་རྡུལ་ཕྲ་རབ་སོགས་ཀྱང་གཉིས་གཉིས་ལྷན་ཅིག་ཏུ་འབྱུང་ངོ༌། །ཞེས་རྡུལ་ཕྲ་རབ་ཡན་གར་བ་དང་རྡུལ་ཕྲ་རབ་ཆ་མེད་པ་གཅིག་པུར་གནས་པ་ནི་མི་འདོད་དེ། དཔེར་ན། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་(1617-1682) མཛད་པའི་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལས། འདོད་པར་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་ཅིག་ཅར་དུ་སྐྱེ་སྟེ། དེ་སྐྱེ་བའི་ཚེ་འབྱུང་བཞིའི་རྡུལ་དང་སྒྲ་མེད་དེ་སྒྲ་མ་གཏོགས་པའི་ཕྱི་དོན་བཞི་སྟེ་བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཞེས་ལྟ་བུ་རེད།

            དེས་ན་ནང་པའི་བྱེ་མདོ་སོགས་ཀྱི་ལུགས་ལྟར་ན་ས་རྡོ་རི་བྲག་སོགས་ཀྱི་ནང་དུ་ཆུའི་རྡུལ་ཕྲན་དང་ཆུའི་རྡུལ་ཕྲ་རབ་ཡོད་པས་དེ་དག་ས་རྡོ་རི་བྲག་ལས་ཕྱིར་འདོན་གྱིས་ཆུའི་རྡུལ་ཕྲན་ཐེར་འབུམ་མང་པོ་གསོག་འཇོག་གིས་འཐུང་ཆུ་གསར་བཟོའི་ཐབས་ལམ་ཞིག་མི་སྲིད་པ་མིན་པས་དེ་ལྟར་གསར་གཏོད་བྱེད་ཐུབ་ཚེ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པའི་མི་འབོར་ས་ཡ་མང་པོའི་ཚེ་སྲོག་སྐྱོབ་ཐུབ། དེ་ལྟར་བྱུང་བར་ཐོག་མར་ས་རྡོ་རི་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་རྡུལ་ཕྲན་རྣམས་ཕྱིར་འདོན་བྱེད་ཐུབ་པའི་དེང་དུས་ཀྱི་འཕྲུལ་ཆས་གསར་གཏོད་བྱེད་དགོས།

            དེང་དུས་ཚན་རིག་པས་འཐུང་ཆུ་ནི་H2Oཞེས་པའི་རྡུལ་ཕྲན་ས་ཡ་འདུས་པ་ལས་གྲུབ་པར་སྨྲ་བ་དང་། H2ཧཱེ་ཌོ་ཇན་གཉིས་ཞེས་པ་ནི་Hydrogen ཧཱེ་ཌོ་ཇན་གྱི་རྡུལ་གཉིས་དང་ (O) ཨོ་ཞེས་པ་ནི་ Oxygen ཨོཀ་སི་ཇན་ཞེས་པའི་རྡུལ་ལ་གོ་དགོས། ཧཱེ་ཌོ་ཇན་Hydrogen ཞེས་པའི་རྡུལ་ཕྲན་ནི་ཨེ་ལེཀ་ཏྲོན་ (Electron) དང༌། ཕོ་རྡུལ་དང་ (Proton)ཞེས་པའི་རྡུལ་ཕྲ་རབ་རེ་རེ་འདུས་པ་ལས་གྲུབ་པར་འདོད།  ཨོཀ་སི་ཇན་ (Oxygen)ཞེས་པའི་རྡུལ་ཕྲན་ནི་ཨེ་ལེཀ་ཏྲོན་བརྒྱད་ (Electron) དང༌། ཕོ་རྡུལ་བརྒྱད་དང་། ཎུ་ཀྲོན་(Neutron) བརྒྱད་ལས་འདུས་པར་གྲུབ་པར་འདོད། འོན་ཀྱང་ Oxygen དང་ Hydrogen ཞེས་པའི་རྡུལ་ཕྲན་དང་དེ་གཉིས་ཀྱིས་གྲུབ་གཞིའི་རྡུལ་ཕྲ་རབ་དེ་རྣམས་ད་ལྟའི་དུས་ཚན་རིག་པས་ལག་རྩལ་གྱིས་སྔོན་མེད་གསར་དུ་བཟོ་ཐུབ་པར་ཁས་ལེན་བྱེད་ཀྱི་མེད་ཀྱང་མ་འོངས་པར་ཚན་རིག་གི་ལག་རྩལ་གོང་མཐོར་ཕྱིན་པ་དང་ཆབས་ཅིག་གསར་བཟོ་བྱེད་ཐུབ་པའི་དུས་ཤིག་ཤར་ཚེ་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་ལེགས་ཤོས་སུ་གྱུར་ངེས་རེད་སྙམ།            དེས་ན་ནང་པའི་གཞུང་ལུགས་དང་དེང་རབས་ཚན་རིག་པ་གཉིས་ཀས་ཆུའི་གྲུབ་གཞི་མཐར་ཐུག་ཏུ་གྱུར་པའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་རྣམས་གསར་བཟོ་བྱེད་ཐུབ་པར་ཁས་མི་ལེན་ཡང་ཁོང་གཉིས་ཀྱིས་བྱེ་མའི་གསེབ་ནས་གསེར་འཚག་པའམ་ཕྱིར་འདོན་བྱེད་པའི་དཔེ་ལྟར་ས་རྡོ་རི་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་གྲུབ་གཞིའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་རྣམས་ཕྱིར་འདོན་གྱིས་འཐུང་ཆུ་བཟོ་ཐུབ་པའི་གསར་བརྗེའི་ལམ་བུ་ཞིག་རིང་མིན་གཏོད་ཐུབ་སྙམ། གལ་ཏེ་དེ་ལྟར་བྱུང་ཚེ་འཛམ་གླིང་འདིའི་སྐྱེ་འགྲོ་ཡོད་དོ་ཅོག་ལ་ད་སྔ་ཕུལ་མ་མྱོང་བའི་ལེགས་སྐྱེས་ཆེ་ཤོས་དང་། དེ་བཞིན་འགྲོ་བ་ཀུན་ལ་གཅིག་མཚུངས་ཀྱི་དགོས་མཁོ་ཆེ་ཤོས་ཤིག་ཏུ་གྱུར་པར་གདོན་མི་ཟའོ། །

༦༽  འཐུང་ཆུ་ཚར་ན་་འཛམ་གླིང་ཧྲིལ་པོའི་སྲོག་འཕྲོག་ངེས་ཡིན།

        གོ་ལ་ཧྲིལ་པོ་འདིའི་མཚོ་དང་གཙང་པོ་དག་སྐམ་པའི་དཀའ་ངལ་སེལ་བའི་ཐབས་ལམ་དང་སྐམ་རྐྱེན་རྣམས་ཞིབ་འཇུག་གིས་འགོག་པའི་ཐབས་ཤེས་མ་བཙལ་ན། ཕྱོགས་གཅིག་ནས་ལོ་རེ་བཞིན་འཛམ་གླིང་གི་འཐུང་ཆུའི་དཀའ་ངལ་ཇེ་ཆེར་དང་། ཕྱོགས་གཞན་ནས་འཛམ་གླིང་འདིར་ལོ་རེ་ནས་མི་འབོར་ཇེ་མང་དང་། དེ་བཞིན་འཐུང་ཆུ་མཁོ་བའི་དུད་འགྲོའི་རིགས་ཀྱང་ཇེ་མང་ཡིན་པས་ཡུན་རིང་མི་འགོར་བར་འཇིག་རྟེན་འདིར་དེ་སྔོན་བྱུང་མྱོང་མེད་པའི་འཛམ་གླིང་ཧྲིལ་པོ་ཡོངས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཞིག་འོང་ངེས་ཡིན། འཛམ་གླིང་སྲུང་སྐྱོབ་ཚོགས་པས་(World Preservation)བཏོན་པའི་སྙན་ཐོའི་ནང་ཕྱི་ལོ་ ༢༠༢༥ ནང་ཚུད་འཛམ་གླིང་གི་མི་འབོར་སུམ་ཆ་གཉིས་ལ་འཐུང་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པའི་སྡོམ་ཚིག་བྱས་འདུག[19]  མདོར་ན་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་གཉིས་ཏེ། དགག་ཕྱོགས་ནས་སྲིད་པའི་གངས་རི་དང་གཙང་པོ་རྣམས་སྐམ་པའི་རྒྱུ་རྐྱེན་གཙོ་བོ་རྣམས་ཤེས་ཐོག་ཆུང་བ་སྐྱེས་བུ་སྒེར་ནས་བཟུང་ཆེ་བ་རྒྱལ་ཁབ་ཡན་ཆད་ཀྱིས་འགོག་ཐབས་ལ་འབད་རྒྱུ།  སྒྲུབ་ཕྱོགས་ནས་འཐུང་ཆུ་གསར་བཟོའི་ལས་གཞི་གསར་གཏོད་བྱེད་རྒྱུ་དེ་གཉིས་ཡིན། གལ་ཏེ་འཛམ་གླིང་དམག་འཁྲུག་གསུམ་པ་བྱུང་ཡང་ཉིན་བདུན་རིང་འཇིག་རྟེན་ཡོངས་འཆི་གསོན་གྱི་མཐར་སྐྱེལ་མི་ཐུབ་ཀྱང་གོ་ལ་ཧྲིལ་པོ་འདིར་འཐུང་ཆུ་དཀའ་ངལ་འཕྲད་ནས་ཉིན་བདུན་སོང་རྗེས་མི་འབོར་དུང་ཕྱུར་བདུན་ཅུས་གཙོས་འགྲོ་བ་མང་དག་ཅིག་ཕྱི་མའི་ལྔ་ལམ་དུ་འཕེན་ངེས་ཡིན་པས་འཐུང་ཆུའི་དཀའ་ངལ་བསམ་ཚེ་དམག་འཁྲུག་གི་འཇིགས་སྣང་ལས་ལྡབ་གྱུར་གྱི་ཆེ་བས་ད་ལྟ་ནས་ང་ཚོས་འཐུང་ཆུའི་གལ་ཆེན་གྱི་རང་བཞིན་དང་། གོ་ལ་ཧྲིལ་པོ་འདིར་འཐུང་ཆུ་ཇི་ཙམ་ཡོད་མེད། ལོ་བསྟར་ཉམས་རྒུད་ཇི་ཙམ་འགྲོ་བཞིན་ཡོད་མེད་དང་དེའི་རྒྱུ་རྐྱེན། འཐུང་ཆུ་གསར་བཟོའི་ཚན་རིག་ལག་རྩལ་གསར་གཏོད་གང་མགྱོགས་སྤེལ་དགོས། གལ་ཏེ་དེ་ལྟར་མ་བྱུང་ནའང་འཐུང་ཆུའི་སྲུང་སྐྱོབ་ཀྱི་ལས་གཞི་དང་བསམ་གཞིག་བྱེད་དགོས་པ་ནི་འཐུང་ཆུ་ལ་བརྟེན་པའི་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་འགྲོ་ཀུན་ལ་འབབ་པའི་ལས་འགན་ལྡོག་ཏུ་མེད་པ་དེ་ཡིན། 

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་ལ་དྭགས་ཆུ་མང་ཐང་དུ་བཞུར་བཞིན་པའི་སེངྒེ་གཙང་པོའི་འགྲམ་ནས་སྐྱོ་སྣང་དང་བཅས་༢༠༡༧ ལོའི་ཟླ་ ༨ ཚེས་ ༢༢ ཉིན་མཇུག་བསྡུས།

 

[1]                  www. independent.co.uk

[2]                  www.wwf.panda.org.freshwater

[3]                  www. independent.co.uk

[4]                  climatechangenews.com

[5]                  www.mnn.com

[6]                  claudearpi.blogspot.com/2009/12/rivers-flowing-in-kokonor-lake-drying.html

[7]                  chinatibet.people.com.cn

[8]                  www.http://en.m.wikipedia.org>wiki>list of drying lakes

[9]                  wwf.panda.org/10 rivers at risk/

[10]                www.wwf.panda.org.freshwater

[11]                http://www.cbsnews.com>new>carbon dioxidea

[12]                www.dailymail.co.uk

[13]                www.timeforchange.org>personal growth

[14]                https://phys.org › Earth › Environment

[15]                www.terradaily.com/reports/Pollution_turning_Chinas_Yangtze_river_cancerous.html

[16]                wwf.panda.org/10 rivers at risk/ 

[17]                www.independent.co.uk>Here comes ther rain again>

[18]          www. independent.co.uk

[19]          www.worldpreservationfoundatiion.org/watersecurity