ཁོར་ཡུག་དང་ན་ཚ་གླེང་བའི་གཏམ།

༢༠༢༠ལོར་ཨང་གཉིས་པ་ཐོབ་པའི་རྩོམ་ཡིག

བྱ་སྨྱོན་པ།
བྱ་སྨྱོན་པ།
སྔོན་གླེང་།

སྤྱིར་ཁོར་ཡུག་ནི་འགྲོ་བ་མིའི་འཚོ་གནས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ཁོར་ཡུག་གཙང་བཙོག་ལ་བརྟེན་ནས་སྤྱི་ཚོགས་གོང་འཕེལ་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཁོར་ཡུག་གི་ལོངས་སྤྱོད་ནི་ཁ་ཐུག་གི་དགོས་མཁོ་ཙམ་མ་ཡིན་པར་མ་འོངས་པར་བསམ་བློ་གཏོང་རྒྱུ་གལ་ཆེ། ཉེ་ཆར་འཛམ་གླིང་གི་ཕྱོགས་གང་སར་མི་ལ་ནད་ཡམས་དང་ཆག་སྒོ། མུ་གེ་སོགས་བསྟུན་མར་ཡོང་གིན་ཡོད་པ་ནི་ཁོར་ཡུག་ལ་བརྩི་འཇོག་དང་སྲུང་སྐྱོབ་མ་བྱས་པའི་མཇུག་འབྲས་རེད། དེང་གི་དུས་འདིར་འཛམ་གླིང་སྟེང་ཚན་རྩལ་དང་དཔལ་འབྱོར་རིག་གནས་སོགས་དར་ཁྱབ་ལ་བརྟེན་ནས་གོང་འཕེལ་གྱི་ཚ་རླབས་འཕྱུར་གྱིན་ཡོད། དེ་བཞིན་ཁོར་ཡུག་འཛུགས་སྐྲུན་དང་བཅོས་བསྒྱུར། སྲུང་སྐྱོབ་ཀྱི་རྩ་ཁྲིམས་མང་པོ་ཞིག་ཀྱང་དྲིལ་བསྒྲགས་བྱེད་བཞིན་ཡོད་པས། ང་ཚོས་ཀྱང་རང་བདག་རང་གཅེས་ཀྱི་དཔེ་ལྟར། ཁོར་ཡུག་གི་ཤེས་བྱ་དང་ལས་དོན་གང་མང་སྒྲུབ་པར་འབད་བརྩོན་བྱེད་དགོས་པ་ཡིན།      

གཅིག བོད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཤུགས་རྐྱེན་གླེང་བ།

བོད་ཀྱི་ཁོར་ཡུག་ནི་རི་མཐོ་ཞིང་ས་གཙང་བ། མཁའ་དབུགས་བསིལ་བ་ཞེས་བོད་ཙམ་མ་ཡིན་པར་འཛམ་གླིང་མི་མང་གིས་བཤད་ཀྱིན་ཡོད་ལ། བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ནང་དུའང་བོད་ཀྱི་རང་བྱུང་ཁོར་ཡུག་ནི་མཛེས་ཤིང་ལྟ་ན་སྡུག་པ་སྟེ།  གངས་རི་དང་རྩྭ་ཐང༌། ནགས་ཚལ། མཚོ་དང་མཚེའུ། གཙང་བོ་བཅས་དགེ་བཅུ་འཛོམས་པའི་ཡུལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དྲང་མོར་ཞུ་ན། འཇིག་རྟེན་གྱི་ནོར་མཆོག་ཏུ་གྱུར་ཡོད། སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ཡང་དག་ཅིག་འབྱུང་དགོས་ན། རང་བྱུང་ཁོར་ཡུག་ལ་རག་ལས་ཤིང་གཙོ་བོ་རི་ཆུ་ནགས་གསུམ་དང་སྐྱེ་དངོས་སྲོག་ཆགས་སྲུང་སྐྱོབ་ལ་བརྟེན་ནས་འཛམ་གླིང་སྟེང་འཕེལ་རྒྱས་ཀྱི་ཆ་མང་པོ་ཞིག་ལྷུན་གྱིས་འགྲུབ་ཡོང་གིན་ཡོད། ཡིན་ནའང་གནས་སྐབས་ཀྱི་གོང་འཕེལ་དང་བདེ་སྐྱིད་དེས་འཛམ་གླིང་སྟེང་འཇིག་ཉེན་མང་པོ་ཞིག་བསྐྱལ་ཡོང་གིན་ཡོད། ང་ཚོས་འདས་པའི་ལོ་རྒྱུས་ནང་འཐུས་ཤོར་དང་ཉམས་རྨས་དུ་ཕྱིན་པ་མང་པོ་ཞིག་མཐོང་ཡོད་མོད། འོན་ཀྱང་རང་བྱུང་ཁོར་ཡུག་གི་ཉམས་རྒུད་ལ་བསམ་བློ་གཏོང་མཁན་མང་པོ་མེད། དེར་ཐམས་ཅད་མཁྱེན་པས། རང་བྱུང་གཏེར་མཛོད་དང་ཤིང་ནགས་སོགས་ཀྱིས་ཐོན་སྐྱེད་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་བརྒྱ་ཆ་ལྔ་ནས་བཅུ་འཕར་ཡོད། ད་ཆ་ང་ཚོའི་མི་ཐོག་འདིར་ལྷག་པའི་རྐྱེན་ངན་དང་མ་འོངས་པའི་མི་རབས་རྗེས་མ་ཚོའི་དཀའ་ངལ་དང་གྱོང་རྒུད་ལ་བསམ་བློ་བཏང་ན་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན། ཞེས་གསུངས་ཡོད།

བོད་ནང་དུ་གཞོན་སྐྱེས་སྐོར་ཞིག་གིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས། ཡུལ་སྲོལ་སོགས་ཀྱི་འཇིག་ཉེན་ཞིག་བཤད་ཀྱིན་ཡོད་མོད། འོན་ཀྱང་དེ་ལས་ཀྱང་ཚབས་ཆེ་བའི་འཇིག་ཉེན་ཞིག་ཡོང་ཡོད་པ་ནི་རང་བྱུང་ཁོར་ཡུག་རེད། དེའི་རྐྱེན་གྱིས་ང་ཚོས་རང་བྱུང་ཁམས་ཀྱི་བསླབ་བྱ་དང་དུ་ལེན་དགོས་ལ། ཐ་ན་རྩྭ་རྐང་གཅིག་གི་རིན་ཐང་དང་དེ་སྐྱེ་བའི་གོ་རིམ་ལའང་བསམ་གཞིགས་ནན་མོ་བྱེད་དགོས། དཔེར་ན། ས་རྐོ་རྡོ་སློག༼གཏེར་ཁ༽དང་ཤིང་ནགས་གཅོད་འབྲེག རྡུལ་ཕྲན་སྙིགས་རོ། རི་སྐྱེས་སྲོག་ཆགས་གསོད་བཟུང་དང་རྩྭ་རྩི་ཤིང་ལ་གནོད་འཚེ་གཏོང་པ་སོགས་ཀྱིས་སའི་བཅུད་ཤོར་ཞིང་འབྱུང་བ་དང་གནམ་གཤིས་འཁྲིགས་ཏེ་ཐན་པ་དང་རླུང་འཚུབ། ས་ཡོམ། ཆུ་ལོག་བཅས་ལོ་རེ་བཞིན་འབྱུང་གིན་ཡོད། མ་གཞི་རང་བྱུང་གནོད་འཚེའི་འབྱུང་རྐྱེན་ནི་ཁོར་ཡུག་ལ་སྦགས་བཙོག་དང་གཏོར་བཅོམ་བྱས་པ་ལས་བྱུང་བ་ཡིན་ཡང་། མང་པོ་ཞིག་གིས་དེ་ལ་དོ་སྣང་བྱེད་ཀྱིན་མེད།

          རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་དེ། ནང་ཆོས་ནང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཞེས་སྣོད་བཅུད་གཉིས་ནི་གཅིག་ལ་གཅིག་བརྟེན་གྱིས་གྲུབ་པར་གསུངས་བ་བཞིན། འགྲོ་བ་མི་གཙོས་སེམས་ཅན་ཡོད་དོ་ཅོག་ཁོར་ཡུག་གི་ལོངས་སྤྱོད་ལ་བརྟེན་ནས་འཛམ་གླིང་སྟེང་འཚོ་གནས་ཐུབ་པ་རེད། ཐམས་ཅད་མཁྱེན་པས་ཀྱང་ལྗོན་ཤིང་དང་སྐྱེས་དངོས་རིགས་ཀྱིས་འཇིག་རྟེན་གྱི་མཁའ་དབུགས་གཙང་བར་བྱེད་ཅིང༌། དེས་སྐྱེ་བོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་ཀྱིས་འབྱུང་ཁམས་ཆ་སྙོམས་པ་དང་མིའི་ཚེ་རིང་བའམ་ཚེ་སྲིང་བར་བྱེད་ཅེས་གསུངས་ཡོད། དེས་ན་འདིར་བོད་ཀྱི་རང་བྱུང་ཁོར་ཡུག་གི་གྲུབ་ཆ་གལ་ཆེ་བ་གསུམ་དཔེ་མཚོན་ཙམ་དུ་དྲངས་ན།

          ཀ༽བོད་ཀྱི་རང་བྱུང་ཁོར་ཡུག་ནང་གངས་རི་ནི་ཆུ་བོའི་མགོ་ཁུངས་དང་དྭངས་གཙང་ལྷད་མེད་ཀྱི་འོད་ཀྱི་ཕུང་བོ་ཞིག་དང་མཚུངས་བས། གངས་རི་ནི་བོད་ཀྱི་དཔལ་འབྱོར་ཐད་ལ་མེད་དུ་མི་རུང་བ་དང༌། ཨེ་ཤ་ཡའི་དཔལ་འབྱོར་གྱི་ཐོན་ཁོངས་གཙོ་བོ་ཞིག་ཡིན་ལ། བོད་ཀྱི་སྲོལ་རྒྱུན་ཁྲོད་དུའང་གངས་རི་ནི་ཡུལ་ལྷ་དང་གཞི་བདག་གང་རུང་གི་བསྟི་གནས་སུ་འབོད་ལ་བརྩི་འཇོག་དང་མཆོད་པར་བྱས་དེ་མི་ལོ་སྟོང་ཕྲག་བརྒྱུད་ཤིང༌། གངས་རི་ནི་ཉི་དུག་སེལ་བྱེད་གཅིག་པུ་དེ་ཡིན་པས་མི་དང་སྲོག་ཆགས་གསོན་གནས་ཀྱི་སྲོག་རྩ་དང་། གངས་རི་ནི་བོད་ཀྱི་ཁོར་ཡུག་གི་ནང་བཅུད་ལྟ་བུ་ཡིན་པས་བོད་ཙམ་མིན་པར་འཛམ་གླིང་སྟེང་མེད་ཐབས་མེད་པ་ཞིག་ཆགས་ཡོད།

ཁ༽དེ་བཞིན་རྩྭ་ཐང་ནི་འབྲོག་ལས་གཙོ་བོ་གྱུར་བའི་འཚོ་བའི་རྨང་གཞི་དང༌། རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་ནི་འབྲོག་པའི་འཚོ་རྟེན་ཡིན་པས། རྩྭ་ཐང་གིས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལ་གོང་འཕེལ་གྱི་ཆ་བསྐྲུན་ཡོད་པ་དང༌། བོད་འདི་འཛམ་གླིང་སྟེང་འཚོ་གནས་ཡོད་པའི་མི་རིགས་གཞན་དང་འདྲ་བར་ད་ལྟ་བར་དུ་གསོན་ཤུགས་རྒྱས་པའང་རྩྭ་ཐང་གི་བཀའ་དྲིན་ཉག་ཅིག་ཡིན། རྩྭ་ཐང་གིས་བོད་ཀྱི་འཚོ་བའི་ཁ་དོག་བསྐྲུན་པ་མ་ཟད། འཛམ་གླིང་གི་གནམ་གཤིས་ཏེ། དཔེར་ན། རླན་བཤེར་དང་དྲོད་གྲང༌། ཆར་ཆུ་སོགས་ལ་ཚོད་འཛིན་བྱེད་པས་སྤྱི་ཚོགས་གོང་འཕེལ་སོགས་ལ་ཤུགས་རྐྱེན་སྤྲོད་ཀྱིན་ཡོད།

ག༽ཆུ་བོ་ནི་གངས་རི་ལས་བཞུར་ཡོང་གི་ཡོད་ལ་ང་ཚོའི་རྩྭ་ལམ་དུའང་བཞུར་འགྲོ་ཀྱིན་ཡོད། དཔེར་ན་ཁ་འབབ་རྣམ་བཞི། འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ། སྐྱིད་ཆུ། ནག་ཆུ་སོགས་གཅིག་ལས་གཅིག་གཙང་གིས་རྒྱ་གར་དང་རྒྱ་ནག བལ་ཡུལ། བྷང་ལ་དེ་ཤི། འབྲུག འབར་མ། ནང་སོག པ་ཀི་སི་ཐན། ཐའི་ལན་ཀྲི། བི་ཐི་ནམ་སོགས་རྒྱལ་ཁབ་ཆེ་ཆུང་མང་པོའི་ནང་བཞུར་གྱིན་ཡོད། ང་ཚོས་ཤེས་གསལ་ལྟར་ན་བོད་ཀྱི་ཆུ་བོ་དག་གིས་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ལྔ་བཅུ་ཙམ་ལ་སོ་ནམ་ཞིང་ལས་ཀྱི་རིགས་དང་མི་ཕྱུགས་ཀྱི་འཐུང་ཆུ། འཕྲོད་བསྟེན། ཆུ་གློག་བཟོ་གྲྭ། རྩི་ཤིང་དང་སྐྱེད་ཚལ་འདེབས་ལས་སོགས་ལ་དོན་དམ་ཆུའི་མཐུན་རྐྱེན་དང་མཁོ་གནས་སྐྲུན་གྱིན་ཡོད། དེས་ན་འཛམ་གླིང་གི་ཁྲག་རྩ་དང་འདྲ་བས་ང་ཚོ་ལ་མཁོ་བ་ནི་སྦགས་བཙོག་མེད་པར་དྭངས་གཙང་ཞིག་ཡིན་དགོས། དབུགས་ཐོག་སེམས་ཅན་ཚང་མར་ཆུ་ནི་མེད་མི་རུང་བའི་འཚོ་བའི་ཆ་རྐྱེན་དང་འགྲོ་བ་མིའི་སྤྱི་ཚོགས་དང་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་པ་སྨོས་མ་དགོས་སོ།

གཉིས། མི་དང་ཁོར་ཡུག་ན་ཚ་བཅས་ཀྱི་བར་འབྲེལ་བ་ཅི་ཞིག་ཡོད་དམ།

ང་ཚོས་ང་ཚོ་ཁོར་ཡུག་དང་ཁ་བྲལ་ཐབས་མེད་པར་བཤད་ཀྱིན་ཡོད་ལ། རང་བྱུང་ཁོར་ཡུག་ང་ཚོ་དང་ཁ་བྲལ་ཚེ། ང་ཚོའི་མིག་མདུན་དུ་མུན་ནག་ལྟ་བུ་ལས་མཛེས་སྡུག་དང་ཉམས་སྣང་ཅི་ཡང་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོས་རང་བྱུང་ཁོར་ཡུག་གི་དགེ་མཚན་ལ་སློབ་སྦྱོང་དང་དོ་སྣང་བྱེད་དགོས། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དུས་རིམ་ནས་གནས་ལུགས་མང་པོ་ཤེས་པར་འབད་བརྩོན་བྱེད་དགོས། ཁོར་ཡུག་ཉམས་ཞིབ་པ་མང་པོས་ཀྱང་བོད་ཀྱི་ཁོར་ཡུག་ནི་མ་འོངས་པར་འཛམ་གླིང་རང་བཞིན་ཅན་གྱི་གཅེས་ནོར་དང་ཞི་བའི་བསྟི་གནས་ཤིག་ཏུ་ཆགས་རྒྱུ་ཡིན་པ་གསུངས་ཡོད། ཡིན་ནའང་ད་ལྟའི་བོད་ཀྱི་རང་བྱུང་ཁོར་ཡུག་ནི་ཛ་དྲག་གི་ནད་པ་ཞིག་དང་འདྲ་བའི་གནས་སྟངས་འོག་ལྷག་ཡོད་ལ། ང་ཚོས་ཁོར་ཡུག་འཛུགས་སྐྲུན་དང་གཅེས་སྐྱོང་བྱེད་ཚུལ་ཡང་ཁ་ནས་བཤད་པ་ཙམ་གྱིས་འགྲིག་འགྲོ་བ་ཞིག་མིན་པའི་རྐྱེན་གྱིས་སྲུང་སྐྱོབ་ཐད་ལ་སྦྱོང་བརྡར་དང་ཉམས་ཞིབ། ལག་ལེན། རྐང་འཛིན་བཅས་ཀྱིས་སྒོ་ནས་ཁོར་ཡུག་གི་སྐོར་ལ་ཟབ་སྦྱོང་དང་།  ཁོར་ཡུག་ལ་བག་ཆགས་འཇོག་པར་འབད་བརྩོན་བྱས་ཏེ་རང་ཉིད་སྡོད་སའི་ཁོར་ཡུག་གི་གཙང་སྦྲ་ཚུན་ཆད་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང༌། ལས་དོན་བསྒྲུབ་མཁན་ལའང་དཔལ་འབྱོར་སོགས་ཀྱིས་རོགས་རམ་དང་དགོས་མཁོ་སྒྲུབ་དགོས།

          ང་ཚོས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་ལོངས་སྤྱོད་ལ་བག་མེད་པར་གཏོར་བཅོམ་བཏང་ན་ག་ལ་འགྲིག རང་བྱུང་ཁོར་ཡུག་གིས་འགྲོ་བ་མི་ལ་ལུས་ཁམས་བདེ་ཐང་སོགས་ཀྱིས་མཚོན་པའི་བདེ་སྐྱིད་འབའ་ཞིག་སྟེར་གྱིན་ཡོད། ང་ཚོས་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་ན་ཁོར་ཡུག་གིས་ང་ཚོ་བུ་ཕྲུག་བཞིན་སྐྱོང་སྲིད་དམ། དེང་སང་ན་ཚའམ་ནད་ཡམས་འདྲ་མིན་དང་འཐུང་ཆུ་མ་འདང་བ། ད་དུང་གནམ་གཤིས་འགྱུར་ལྡོག་གིས་རྒྱ་མཚོ་དང་གཙང་བོ་སྐམ་བཞིན་ཡོད་ལ་ཚ་དྲོད་ཀྱང་ལོ་རེ་ནས་ལོ་རེར་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

          མི་མང་པོ་ཞིག་མེ་ཏོག་དང་སྐྱེས་དངོས་ལ་དགའ་པོ་ཡོད་པ་རེད། ཡིན་ནའང་མེ་ཏོག་གི་མཛེས་སྡུག་བསམ་པ་ཙམ་དང་འབྲས་ལྡན་ལྗོན་ཤིང་གི་ལོངས་སྤྱོད་ལ་དམིགས་པ་ཙམ་ལས་ཁོར་ཡུག་རང་ངོས་ཀྱི་ཕན་གནོད་ལ་བསམ་བློ་ཅི་ཡང་མི་གཏོང་། ཁོར་ཡུག་གི་མཛེས་སྡུག་དང་ཕན་འབྲས་ངོ་མ་ནི་རི་ཆུ་ནགས་གསུམ་དང་དེར་གནས་པའི་སྲོག་ཆགས་དང་རྩི་ཤིང་སོགས་གཅིག་ལ་གཅིག་བརྟེན་གྱིས་ཁོར་ཡུག་ལ་མཛེས་སྡུག་བསྐྲུན་གྱིན་ཡོད་པར་བརྟེན། གལ་སྲིད་ཁོར་ཡུག་དོ་མ་མཉམ་པའམ། ཁོར་ཡུག་སྐྱེ་དངོས་གང་རུང་ཞིག་ཉམས་ཆག་བྱུང་ཚེ། ང་ཚོ་ལའང་དེ་མཐུན་གྱིས་རྒོལ་ལན་ཟེར་ན་འདྲ། གང་ལྟར་བློ་ཡུལ་དུ་མི་ཤོང་བའི་ཆག་སྒོ་བྱུང་དང་འབྱུང་ བཞིན་པ་ནི་མིག་སྔར་གྱི་གནས་ཚུལ་ཚབས་ཆེན་ཏེ་ཏོག་དབྱིབས་ནད་དུག་(Covid-19)གིས་ར་སྤྲོད་བྱུང་ཡོད། དེ་ཡང་ཡོངས་གྲགས་ལྟར་ན་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟས་པ་ལས་བྱུང་བར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་སོགས་ནས་གཏན་འཁེལ་བྱུང་བ་རེད། ཐམས་ཅད་ཀྱི་རྩ་བ་མཐར་དེད་ན་ཁོར་ཡུག་ལ་ཐུག་འདུག་པའང་ཤེས་དགོས་པ་དང་། ཁོར་ཡུག་གི་བཅུད་དང་ནུས་པར་སྲུང་སྐྱོབ་བྱེད་པར་ཁོར་ཡུག་གི་དགེ་མཚན་དང་དེ་འབྲེལ་གྱི་ཤེས་བྱ་ལ་སློབ་སྦྱོང་དང་། གཞན་ལ་གོ་རྟོགས་སྤེལ་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད།

དེ་བཞིན་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གང་ཡིན་ཡང་སྦགས་བཙོག་དང་སྣང་མེད་འོག་ནད་ན་ཚ་ཡོང་གིན་ཡོད། དཔེར་ན། ཉིན་རེའི་ཟ་འཐུང་དང་གྱོན་ཆོས་སོགས་ཐོན་སྐྱེད་མང་པོ་ཞིག་རྫས་འགྱུར་གྱིས་མ་ལྷད་པ་ཞིག་ཧ་ཅང་དཀོན་སྟབས་འཕྲོད་བསྟེན་གྱི་ཐོག་ནས་བཤད་ན་ན་ཚ་དང་ཁ་འབྲལ་ཐབས་མེད་པ་དེ་རེད། སྤྱི་ཚོགས་ཡར་རྒྱས་དེས་སྤྱི་ཚོགས་ཁོར་ཡུག་ལ་ཕོག་ཐུག་གཏོང་གིན་ཡོད། ལྷན་སྐྱེས་ཀྱི་ཐོན་ཁོངས་ཉུང་བ་དང་ཁྲ་ཁྲ་ཟང་ཟིང་དང་སྙིང་རྗེ་མོ་ལ་དགའ་བ་ལས་མདོག་མེད་པའི་རང་བཞིན་ལྷན་སྐྱེས་ཀྱི་ཐོན་དངོས་རིན་ཐང་ལ་དོ་སྣང་བྱེད་མཁན་མེད་པ་དང་། ད་དུང་ཡར་རྒྱས་ལ་རློམ་པའི་འཕྲུལ་ཆས་མང་པོ་ཞིག་གིས་ང་ཚོ་ནམ་ཡང་ཉེན་ཁའི་གནས་སུ་འདེད་ཀྱིན་ཡོད་ལ། དེས་ཁོར་ཡུག་ལ་སྦགས་བཙོག་ཚད་མཐོན་པོ་ཤོར་བས་ན་ཚ་ཡོང་བ་ཆོས་ཉིད་ལྟར་ཆགས་ཡོད།

འོ་ན་ཇི་ལྟར་བྱས་ན་ད་གཟོད་ན་ཚ་སོགས་སྔོན་འགོག་བྱེད་ཐུབ་བམ་ཟེར་ན། གདམ་ཀ་གཅིག་ལས་མེད། ཁོར་ཡུག་ལ་གཅེས་དགོས་པ་དེ་ཡིན། སྐད་ཆ་ཐད་ཀར་བཤད་ན། སའི་བཅུད་ཉམས་མི་འཇུག་པ་དང་། གངས་རིའི་མདངས་ཤོར་མི་འཇུག་པ། མཚོ་དང་མཚོའུ་མི་རྙོགས་པ། རི་སྐྱེས་སྲོག་ཆགས་སོགས་ལ་གནོད་འཚེ་མི་གཏོང་བའི་ལས་སྒོ་སྤེལ་བ། དེ་བཞིན་རྫས་འགྱུར་གྱི་ལྷད་པའི་ཐོན་དངོས་མང་པོ་ཞིག་ཁོར་ཡུག་གི་གད་སྙིགས་ཡིན་པ་ངེས་ཤེས་འདྲོངས་པ་དང་།  རང་བྱུང་ཐོན་དངོས་ཀྱི་སྤྱོད་སྒོ་ཤུགས་ཆེ་རུ་གཏོང་ཐུབ་ཚེ། ཁོར་ཡུག་བདེ་འཇགས་འབྱུང་ལ། ནད་ན་ཚ་ཡང་ཡོང་རྒྱུ་མ་རེད་བསམ།

ང་ཚོས་འདས་པའི་བསླབ་བྱ་དག་མིག་དཔེ་རུ་བཟུང་ནས། དེང་གི་གཏན་འབེབས་སྲིད་ཇུས་འོག་རང་དོན་ཁེ་གཉེར་དང་འགྲམ་བཞི། སྲོལ་རྒྱུན་དར་སྤེལ་སོགས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ལས་དོན་ཅུང་སྒྲུབ་ཐུབ་པར་བསམ་ནས་འདིར་དཔེ་མཚོན་དུ་དྲངས་ཡོད།

          ༡༽རང་དོན་ཁེ་གཉེར་ནི་གཞུང་གིས་ཆེད་མངགས་རི་སྟོང་ཐང་ཆེན་དུ་ཤིང་འབྲས་དང་རྩྭ་འདེབས་རྣམས་ལ་སུས་གསར་སྤེལ་བྱས་ན་དེས་གཉེར་སྐྱོང་བྱ་རྒྱུ་དང་དེ་ལ་ཁེ་ཕན་ཡོད་པ། རྒྱུད་འཛིན་བྱེད་ཆོག་པ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད། ང་ཚོས་གོ་སྐབས་དམ་འཛིན་གྱིས་རང་དང་ཉེ་བའི་ཁོར་ཡུག་སྔོ་ལྗང་ཅན་དུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁ་ཤས་ཀྱིས་ཁེ་བཟང་ཙམ་ལ་བསམ་བློ་བཏང་སྟེ་འབད་བརྩོན་བྱེད་པའང་ཡོད་ཀྱང༌། ང་ཚོ་ལ་མཚོན་ན་ཁོར་ཡུག་འཛུགས་སྐྲུན་གྱི་ཆ་མང་དུ་འགྲོ་བས་ང་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས།

          ༢༽འགྲམ་བཞི་ནི། ཁང་འགྲམ། ཆུ་འགྲམ། ལམ་འགྲམ། གྲོང་ཚོའི་འགྲམ་བཅས་ལ་ཤིང་སྡོང་མང་དུ་འཛུགས་རྒྱུ་དེ་རེད། ང་ཚོ་མིའི་སྡོད་སའི་ཁོར་ཡུག་ཏུ་ཁང་པ་དང་ཆུ། ལམ་བཅས་ནི་མིའི་འཚོ་བའི་ནང་དུས་རྒྱུན་དང་འགྲོགས་ཡོད་སྟབས། རང་ཉིད་ཀྱི་ཁོར་ཡུག་ཚུན་ཆད་གཙང་མ་ཡོད་ན། ནད་ན་ཚ་མ་ཡོང་བར་འཕྲོད་བསྟེན་ཐོག་ཏན་ཏན་ཕན་ཐོགས་ཡོད་པས། རང་ཉིད་ཀྱི་ཁེ་ཕན་ཙམ་མིན་པའི་མདོ་དོན་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་འཚོ་བཅུད་དྭངས་མོ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།

          ༣༽བོད་ཀྱི་སྲོལ་རྒྱུན་ནང་དུ་གངས་རི་དང་ནགས་ཚལ། གཙང་བོ་སོགས་ལ༼ལྷ༽གནས་ཡོད་པའི་ངོས་འཛིན་འོག རི་མཐོན་པོའི་མགོ་ནས་དར་ལྕོག་འཛུགས་པ་དང་བསངས་གཏོང་བ། མཚོ་དང་གཙང་བོར་གཏེར་འཇོག་པ། ལྗོན་ཤིང་ལ་ལྷ་ཤིང་ཀླུ་ཤིང་ཞེས་མིང་བཏགས་ཏེ་ཁོར་ཡུག་ལ་སྦགས་བཙོག་དང་གཅོད་འབྲེག་ཆེར་མེད་པར་སྲུང་སྐྱོབ་ཀྱི་ལས་ལ་འཇུག་ཀྱིན་ཡོད། སྤྱིར་སྲོལ་རྒྱུན་ལ་དག་དང་མ་དག་གི་ཆ་མང་དུ་འདུས་ཀྱང་རང་བྱུང་ཁམས་ལ་བལྟ་སྟངས་དང་སྲུང་སྐྱོབ་བྱེད་སྟངས་དེས་ང་ཚོའི་ཁོར་ཡུག་ལ་ཕན་ཐོགས་བྱུང་ཡོད་པས་རྒྱུན་འཛིན་དང་དར་ཁྱབ་དུ་གཏོང་དགོས། ཐམས་ཅད་མཁྱེན་པས་ཀྱང་བོད་ཀྱི་ཁོར་ཡུག་གཙང་མར་གནས་ཐུབ་ཚེ་ཡུལ་ཁམས་མཛེས་སྡུག་གི་ཁེངས་ཏེ་ཕྱིའི་ལྗོངས་རྒྱུ་བ་དག་རྒྱུན་མི་ཆད་པར་ཡོང་ནས་ཤེས་རིག་དང་དཔལ་འབྱོར་སོགས་རང་བཞིན་གྱིས་འཕེལ་རྒྱས་ལ་འགྲོ་ཞེས་གསུངས་པ་བཞིན། ང་ཚོས་བོད་ཀྱི་ཁོར་ཡུག་གི་དགེ་མཚན་འཛམ་གླིང་སྟེང་ཁྱབ་ཐུབ་པར་འབད་དགོས་སོ།

          ༤༽གཞན་ཡང་རྩོམ་རིག་སྒྱུ་རྩལ་གྱི་ཐད་ནས་དེང་སང་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་སྐོར་ཞིག་གིས་གཞས་ཚིག་དང་སྙན་ངག གར་ཆུང༼གཏམ་བརྗོད༽སོགས་ལ་བརྟེན་ནས་ཁོར་ཡུག་གི་ཡོན་ཏན་དང་ཉམས་རྒུད་བཤད་ཀྱིན་འདུག དེ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམ་སྟབས་ཤིག་ལ་བརྩིས་ཆོག་པ་མ་ཟད། དགའ་བས་ཡི་རང་བྱེད་དགོས་ངེས་རེད།

བོད་མི་ཚང་མས་ཁོར་ཡུག་ལ་ཤ་ཚ་དང་བརྩི་འཇོག་རྒྱུན་སྲིང་བྱེད་རྒྱུ་གལ་ཆེ་བ་མ་ཟད། སྣོད་བཅུད་གཉིས་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཁོར་ཡུག་ཉམས་རྒུད་དུ་སོང་ན་ང་ཚོའང་ཉམས་རྒུད་དུ་འགྲོ་བ་ཡིན་པས། ཁོར་ཡུག་ཡག་པོ་དགོས་པ་ནི་ང་ཚོ་མི་ཐོག་འདི་དང་མི་ཐོག་རྗེས་མ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁོར་ཡུག་ལ་གཅེས་སྤྲས་མ་བྱས་ན་ནད་ན་ཚ་སོགས་ཁྱེར་ཡོང་བ་ཡིན་ལ། ཁོར་ཡུག་ལ་བརྟེན་མཁན་ང་ཚོ་འགྲོ་བ་མི་གཅིག་པོ་མིན་པའང་ཤེས་དགོས་པས། ཁོར་ཡུག་བཟང་ངན་གྱི་བདེ་སྡུག་གི་འཚོ་བ་ཞིག་ཐག་གཅོད་བྱས་ཡོད་པ་གཅིག་མཚུངས་ཡིན། དེར་བརྟེན། མིག་སྔར་ང་ཚོས་མཐོང་ཐོས་བྱུང་བའི་རང་བྱུང་གི་འཇིགས་པ་དེ་དག མདོར་དེད་ན་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་ངན་འབྲས་ཕྱིར་ང་ཚོར་འཁོར་བ་ལས་གཞན་བཤད་ས་ཅི་ཡང་མེད། ཁོར་ཡུག་གི་གལ་ཆེན་རང་བཞིན་ཤེས་དགོས་པ་དང་ཁོར་ཡུག་སྐོར་མང་ཙམ་ཤེས་ན་དོན་ལ་རང་ཉིད་སྲུང་སྐྱོབ་དང་འཚོ་གནས་ཀྱི་རིན་ཐང་སོགས་ངོས་ཟིན་པར་འགྱུར་རོ།

མཇུག་བསྡུས་པ།

རང་བྱུང་ཁོར་ཡུག་གིས་མི་ལ་རྫོགས་མཐའ་མེད་པའི་ལོངས་སྤྱོད་ཅིག་སྟེར་གྱིན་ཡོད། དེས་ན་ང་ཚོས་ཁོར་ཡུག་ལ་དོ་ཁུར་ཆེན་པོས་སྲུང་སྐྱོབ་དང་བདག་གཉེར་གཙང་སྦྲ་བཅས་བྱེད་དགོས། ཐམས་ཅད་མཁྱེན་པས་ཀྱང་ཁོར་ཡུག་ཤེས་བྱ་ནི་བདེ་སྙོམས་མི་ཚེ་སྐྱེལ་ཐབས་ཤིག་ཡིན་ཅེས་གསུངས་ཡོད། ང་ཚོ་ལ་མཁོ་བ་ནི་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་དང་ང་ཚོའི་ཕུགས་འདུན་ནི་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། མུ་མཐུད་ཁོར་ཡུག་གི་ཕྱོགས་ལ་ཐུགས་ཁུར་མང་དུ་གནང་རྒྱུ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་བོད་མི་རིགས་གཅིག་པུའི་བདེ་སྐྱིད་ཀྱི་ཁེ་ཕན་ཙམ་མིན་པར་རྒྱ་དཀར་ནག་ཐེ་བའི་འཛམ་གླིང་ཡོངས་ལ་ཕན་པའི་དོན་ཆེན་ཞིག་ཡིན་པས། ང་ཚོས་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་ཁོར་ཡུག་འདི་མགྱོགས་མྱུར་ངང་སྔར་ལས་མཛེས་སྡུག་དང་གཟི་མདངས་ཤིག་འཕྲོ་ཡོང་བར་སྨོན་འདུན་གྲངས་མེད་དང་བཅས།། །།                           

                    ཟླ་ཚེས་བཟང་བོར།༢༠༢༠་༨་༣༠