ལྗང་མདོག་གི་སངས་རྒྱས་ཀརྨ་པ་གླེང་བ།

རྩོམ་པ་པོ་དེད་དཔོན།

རྩོམ་ཡིག་གི་ཁ་བྱང་ལ་གསལ་བཤད་དང་འབྲེལ་ཏེ་གླེང་བསླང་བ།

ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ལྗང་མདོག་གི་སངས་རྒྱས་སམ་ཁོར་སྲུང་སངས་རྒྱས་ཞེས་པའི་མཚན་དེ་འདྲ་ཞིག་ཞུ་དོན་ནི། སྙན་ངག་རབ་བཏགས་ཀྱི་རྒྱན་ལྟ་བུའི་སྒོ་ནས་མཚན་དེ་འདྲ་ཞིག་བཏགས་པ་མིན་ཞིང་། ཚད་ལས་བརྒལ་བའི་བསྟོད་པ་དེ་བས་ཀྱང་མིན། དེ་ནི་བོད་ཀྱི་གཏམ་དཔེར། [ 1 ] “བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད།”  ཅེས་པ་ལྟར་ཨ་རིའི་པཱི་རན་སི་ཏྲོན་གཙུག་ལག་སློབ་གཉེར་ཁང་(Princeton University)གི་ཆོས་ཕྱོགས་ཀྱི་མི་ཚེ་དང་ལྷ་ཁང་གི་གཙོ་འཛིན་གྱི་ལས་རོགས་ཟུར་པ་དང་།  གཞོན་སྐྱེས་ཆོས་ལུགས་བསྟི་གནས་ཁང་(Interfaith Youth Core)གི་མང་ཚོགས་བདེ་དོན་དང་གསར་གཏོད་ཚན་པའི་ལམ་སྟོན་པ་རྒན་པ། རྩོམ་པ་པོ་དང་རྩོམ་སྒྲིག་པ་པཱོལ་བྷ་རན་ཌ་ཡེས་རོ་ཤན་བྷུ་ཤཱུ་(Paul Brandeis Raushenbush) ཞེས་པས་བྲིས་པའི་[ 2 ] ཀརྨ་པ། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་དེ་རེད་དམ། ཞེས་པའི་རྩོམ་ཡིག་ནང་དུ། “ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཤུགས་ཆེན་ཡོད་པ་དེ་ལས་ལྷག་པ་ཞིག་གཞན་གང་གིས་ཀྱང་ཕལ་ཆེར་ཁོང་གི་ཁྱད་ཆོས་དེ་གསལ་པོ་སྟོན་ཐུབ་མེད། ནེའུ་ཡོག་ཏུ་བོད་མི་སྟོང་ཕྲག་གཉིས་ལྷག་འཛོམས་པ་དེར་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལས་འཕྲོས་ཏེ་གསུང་བཤད་གནང་སྐབས་དེར་ཡོད་ཀྱི་མི་ཐམས་ཅད་ཧོན་འཐོར་དགོས་པ་བྱུང་ཡོད་ཅིང་། འགའ་ཤས་ཀྱིས་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་སངས་རྒྱས་[Green Buddha]ཞེས་མཚན་འདོགས་ཀྱང་བྱས་ཡོད། ༢༠༠༩ ལོར་རྒྱལ་དབང་ཀརྨ་པས་བཀའ་བརྒྱུད་པའི་གྲྭ་བཙུན་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ཐད་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་བྱས་ཤིང་། དེའི་གྲུབ་འབྲས་སུ་གྲྭ་བཙུན་གྱི་དགོན་སྡེ་བཞི་བཅུ་ལྷག་གིས་ཤིང་སྣ་འདེབས་འཛུགས། རི་དྭགས་སྲུང་སྐྱོབ། འཐུང་ཆུ་བསྲི་ཚགས། ཆུད་ཟོས་དོ་དམ། བསྐྱར་གསོའི་ཐོན་ཁུངས་རང་བཞིན་གྱི་དངོས་རྫས་རྣམས་བེད་སྤྱོད་གཏོང་བ་སོགས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཏན་འབེབས་བྱུང་ཡོད།” ཅེས་བྲིས་ཡོད། དེ་ལྟར་སྔོན་ཐོན་རྒྱལ་ཁབ་ནང་དུ་གནས་སྡོད་བྱེད་པའི་མང་ཚོགས་རང་བཞིན་གྱིས་ངོས་འཛིན་གནང་ཕྱོགས་དང་། ཕྱི་གླིང་བའི་མཁས་དབང་དེ་ཡིས་ཆེ་བསྟོད་འབུལ་ཚུལ་གང་ལ་བསམ་ནའང་ཀརྨ་པ་མཆོག་ལ་མཚན་དེ་འདྲ་ཞིག་ཞུས་ནའང་མ་འགྲིག་པ་མི་འདུག་སྙམ།

ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་དབུ་བཞུགས།

(རྩོམ་ཁུངས་ཟུར་མཆན)
[ 1 ]གཏམ་དཔེ་སྣ་ཚོགས། སྡེ་དགེ་དྲ་བ། སྤེལ་དུས། ༢༠༡༣། ༡ །༢༣  
[2 ] Rev. Paul Brandeis Raushenbush The Karmapa: Tibetan Buddhism’s Next Great Leader?  Huffington Post ཧུ་ཕྷིང་ཏྲོན་གསར་ཤོག་ཏུ་ ༢༠༡༡། ༧ ། ༣༠ ཉིན་བཀོད། རྩིས་ཆེ་ལེགས་མཐོང་གིས་དབྱིན་ཡིག་ལས་བསྒྱུར། ཀརྨ་པ། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་དེ་རེད་དམ། (འབྲས་ལྗོངས་རུམ་བཏེག་དགོན་ ) KARMA SHRI NAINDA INSTITUTE  ཀུན་དགའི་སྐྱེད་ཚལ་དུས་དེབ། འདོན་ཐེངས་ ༦ པ། པར་དུས། ༢༠༡༢ ཤོག་གྲངས་ ༢༥ ནས་ ༢༧ བར།

ཁོར་སྲུང་སངས་རྒྱས་ཀརྨ་པའི་ངོ་སྤྲོད་ཟུར་ཙམ་བརྗོད་པ།

གཏེར་སྒར་དགོན་དུ་འཚོགས་པའི་ཁོར་ཡུག་ཚོགས་ཆེན་སྐབས་༨་པའི་སྟེང་གསུངས་བཤང་གནང་བཞིན་པ།

གཏེར་སྒར་དགོན་དུ་འཚོགས་པའི་ཁོར་ཡུག་ཚོགས་ཆེན་སྐབས་༨་པའི་སྟེང་གསུངས་བཤང་གནང་བཞིན་པ། པར་ཁུངས་ kagyuoffice.org

རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཟེངས་རྟགས་འདྲ་མིན་ཐོབ་མཁན་བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱིས་བྲིས་པའི་[ 1 ] རྒྱལ་བ་ཀརྨ་པ་བོད་ནང་བཞུགས་དུས་ཀྱི་གཏམ་རྒྱུད། ཅེས་པ་རུ་གསལ་བ་ལྟར་ན། ཁོང་“སྤྱི་ལོ་ ༡༩༨༥ ལོར་བོད་ཤར་ཕྱོགས་ཀྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་ཤིང་། དེའི་རྗེས་སུ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་གོང་མའི་ཞལ་ཆེམས་བཞིན་འཚོལ་རྙེད་གནང་ཡོད་ལ། སྤྱི་ལོ་ ༡༩༩༢ ལོར་ལྷ་སའི་ཉེ་འཁྲིས་ཀྱི་མཚུར་ཕུ་དགོན་པར་ཁྲི་འདོན་མཛད་སྒོ་རྒྱ་ཆེན་གནང་ཡོད།” ཅེས་བྲིས་ཡོད། ༡༩༩༩ ལོའི་ཟླ་ ༡༢ ཚེས་ ༢༨ ཉིན་གདན་ས་མཚུར་ཕུ་ནས་ཞབས་བཏེགས་ཏེ། ཉིན་བརྒྱད་དང་མཚན་བརྒྱད་དེ་སྤྱི་ལེ་ཆིག་སྟོང་དྲུག་བརྒྱ་ལྷག་གི་འགྲུལ་བཞུད་རིང་མོའི་རི་ལུང་བརྒལ་ནས་རིམ་བཞིན་བལ་ཡུལ་བརྒྱུད་མཐར་བདེ་བླག་ངང་རྒྱ་གར་དྷ་རམ་ས་ལ་རུ་ ༢༠༠༠ ལོའི་ཟླ་ ༡ ཚེས་ ༥ ཉིན་ཕེབས་འབྱོར་བྱུང་སྟེ། འཕགས་མཆོག་ཕྱག་ན་པད་མོ་འཇིག་རྟེན་མི་ཡི་གཟུགས་སུ་བྱོན་པ་གང་དང་མཇལ་འཛོམས་བྱུང་ནས་མགོན་པོ་གང་གིས་དགྱེས་ཚོར་ཆེན་པོས་གསུང་གླེང་དང་ཆེ་མཐོང་དཔག་མེད་གནང་བ་དང་།  བོད་གཞུང་དམངས་གཉིས་ནས་ཆེ་མཐོང་དང་གུས་བཀུར་བླ་ན་མེད་པ་ཞུས། [ 2 ] བྷི་བྷི་སིས་ BBC གཙོས་པའི་སྙན་གྲགས་ཆེ་བའི་འཛམ་གླིང་གསར་ལམ་ཆེ་ཁག་ནས་ཀརྨ་པའི་རྣམ་ཐར་ཁྱབ་བསྒྲགས་བྱེད་པ་སོགས་ཀརྨ་པའི་མཚན་སྙན་གླིང་བཞིར་ཁྱབ་པར་གྱུར། དེ་ལྟར་སྙན་གྲགས་ཆེ་བའི་ཁོར་སྲུང་བ་ཁོང་ལ་སྐྱེས་དངོས་སྲོག་ཆགས་ལ་བརྩེ་སེམས་ཆུང་ནས་ཡོད་པ་མངོན་ཏེ། ཁོང་ཆུང་དུས་ཀྱི་དངོས་བྲིས་གློག་བརྙན་ཞིག་ཏུ་ཡབ་ཀྱིས་རྣམ་ཐར་ངོ་སྤྲོད་གནང་བ་ལས། འབྲོག་པ་ཁག་གིས་སེམས་ཅན་ནོར་ལུག་བཤས་ལ་ཕབ་སྐབས་བྱིས་པ་གཞན་དག་གིས་རྩེད་མོ་ལ་རོལ་ཡང་། དམ་པ་ཁོང་ནི་རྒྱའི་ཤན་པས་སེམས་ཅན་གསོད་སྐབས་སེམས་ཅན་གསོད་པ་མི་མཐོང་སར་ཁོང་སྐུང་དགོས་པ་ལས་མཐོང་ན་བཤུམ་ནས་ས་ལ་འགྲིལ་བ་སོགས་མཛད་དེ་མ་བཅོས་ཤུགས་འབྱུང་གི་བྱམས་སྙིང་རྗེ་མངའ་ཚུལ་བཤད་ཡོད། དེ་བཞིན་སྤྱི་ལོ་༢༠༡༥ ཟླ་ ༣ པའི་ཚེས་ ༢༦ ཉིན་ཨ་རིའི་གཙུག་ལག་སློབ་ཆེན་ ཧཱ་ཝར་ཌི་ ( Harvard ) ནང་དུ་རྒྱལ་བ་ཀརྨ་པ་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་ ( དུས་རབས་ཉེར་གཅིག་པའི་འཇིག་རྟེན་གྱི་འཚོ་གནས་ཀྱི་འགན་ཁུར་)ཞེས་པའི་བརྗོད་གཞི་ཐད་བཀའ་སློབ་གནང་སྐབས་ཀྱང་། འབྲོག་པ་རྣམས་ཀྱིས་སེམས་ཅན་གསོད་དུས། [ 3 ]  “སེམས་ལ་མི་བཟོད་པའི་ཚོར་བ་ཤུགས་དྲག་པོ་ཞིག་འབྱུང་ལ་སྙིང་རྗེ་ཞེས་བརྗོད་ན་མི་འགྲིག་གམ། སྙིང་རྗེ་ཞེས་པ་རྒྱུན་གཏན་ནང་པས་འཆད་བཞིན་པའི་སྙིང་རྗེ་མཚན་ཉིད་དུ་མ་ལྡན་པའི་སྙིང་རྗེ་ཡིན་མིན་ཆ་མ་རྟོགས། ཡིན་ཡང་སེམས་ནས་བཅོས་མ་མ་ཡིན་པ་མི་བཟོད་པའི་སྙིང་བརྩེ་བ་རང་བཞིན་གྱིས་འབྱུང་བཞིན་མཆིས།” ཞེས་ཡབ་ཀྱིས་ངོ་སྤྲོད་གནང་བ་བཞིན་གསུངས་ཡོད། ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་འདུན་ ༢༠༠༥ ལོར་དགུང་ལོ་ཉི་ཤུ་བཞེས་སྐབས་ནས་འཁྲུངས་ཡོད་པ་མངོན་ཏེ། ལོ་དེར་ [ 4 ] ཨེ་མ་འཛམ་གླིང་། ཞེས་པའི་སྙན་ཚིག་བྲིས་མཛད་དེ། ས་སྒང་འདི་ཉིད་“ང་ཚོའི་ཕ་ཁྱིམ་ཞིག་སྟེ། ང་ཚོས་ནམ་ཡང་གཅེས་ཤིང་ཕངས།” ཞེས་ཁོར་ཡུག་སྲུང་སྐྱོབ་ལ་ཐུགས་འདུན་ཡོད་པ་བསྟན་ཡོད། ༢༠༡༠ ། ༡༠ ། ༨ བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐེངས་གཉིས་པའི་སྐབས་གསུངས་པའི་བཀའ་སློབ་ལས། [ 5 ]  “གལ་སྲིད་ང་རང་ཉིད་ལ་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ནུས་པ་ཞིག་ཡོད་ན། ང་རང་གི་གཟུགས་ཕུང་རྣམ་ཤེས་དང་བཅས་པ་འདི་འཛམ་གླིང་སའི་གོ་ལ་འདི་ཉིད་སྲུང་བར་བྱེད་པའི་བླ་བྲེ་ལྟ་བུ་ཞིག་ཏུ་བསྒྱུར་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་དུས་རྒྱུན་དུ་ཡོང་བསྡད་ཡོད།” ཅེས་ཟླུམ་གཟུགས་གོ་ལ་འདི་ཉིད་ལ་ཀུན་ཁྱབ་ཀྱི་ཐུགས་ཁུར་ཇི་ལྟར་གནང་ཚུལ་གསལ་པོར་གསུངས་ཡོད།

[ 1 ] འོད་ཟེར་གྱིས་རྒྱ་ཡིག་ཏུ་བརྩམས་པ། ལྕགས་མོ་འཚོས་བསྒྱུར། རྒྱལ་བ་ཀརྨ་པ་བོད་ནང་བཞུགས་དུས་ཀྱི་གཏམ་རྒྱུད། ཀུན་དགའི་སྐྱེད་ཚལ་དུས་དེབ། འདོན་ཐེངས་ ༦ པ། པར་དུས་ ༢༠༡༢ ཤོག་གྲངས་ ༩ པར་གསལ།
[ 2 ] BBC News : Tibetan Lama flees to India Friday, 7 January, 2000, 13:50 GMT  
[ 3 ] མཚུར་སྒར་བླ་བྲང་དཔལ་ ༸ རྒྱལ་དབང་ཀརྨ་པའི་སྤྱི་ལས་ཁང་གི་འཛིན་སྐྱོང་ཁོངས་གཏོགས་བོད་ཡིག་རྩོམ་སྒྲིག་སྡེ་ཚན་ནས་ཀརྨ་པའི་མཛད་འཕྲིན་འཁོད་པའི་བོད་ཡིག་དུས་དེབ། ལས་བྱང་། འདོན་ཐེངས་ ༡༡། པར་དུས་ ༢༠༡༥  ཤོག་གྲངས་ ༥༨
[ 4 ] ལས་བྱང་། འདོན་ཐེངས་དང་པོ། པར་དུས་ ༢༠༡༠  ཤོག་གྲངས་༡༩
[ 5 ] ལས་བྱང་། འདོན་ཐེངས་དང་པོ། ཤོག་གྲངས་༡༨

༣  ཁོར་ཡུག་སྲུང་སྐྱོབ་ཐད་དུ་ཕྱག་ལས་གང་གནང་དང་གྲུབ་འབྲས་ཇི་བྱུང་སྐོར།

[ 1 ] ༢༠༠༧ ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་ལྔ་བའི་ལས་རིམ་ནང་དུ་༸རྒྱལ་དབང་ཀརྨ་པས་ཁོར་ཡུག་སྲུང་སྐྱོབ་དང་མང་ཚོགས་ཞབས་ཞུ་བཅས་ཀྱི་ལས་རིམ་བཅུག་སྟེ། བཀའ་བརྒྱུད་སྨོན་ལམ་ཐེངས་ ༢༥ པར་ཕེབས་པའི་དགོན་པ་སོ་སོས་ཤིང་སྡོང་ཆིག་སྟོང་རེ་འདེབས་འཛུགས་ཐུབ་པར་རེ་སྐུལ་གནང་བ་བཞིན་དགོན་པ་འགའ་རེས་ཤིང་སྡོང་ཉིས་སྟོང་ལ་ཉེ་བ་འདེབས་འཛུགས་གནང་ཡོད། གཞན་ཡང་ཆོས་ཚོགས་འདྲ་མིན་གཙོས་པའི་དད་ལྡན་རྗེས་འབྲང་པ་རྣམས་གནས་ཡུལ་རྒྱལ་ཁབ་གང་དུ་ཡོད་ནའང་ཁོར་ཡུག་སྲུང་སྐྱོབ་གང་ཐུབ་དགོས་པའི་སྐུལ་མ་གནང་སྟེ། ལག་ལེན་དངོས་ཀྱི་ཐོག་ནས་སེམས་ཅན་ཡོངས་ཀྱི་ཕན་བདེའི་གཞིར་འགྱུར་བའི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམ་སྟབས་སྤོ་བར་མཛད།  ༢༠༠༨ ལོར་བོད་དང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་དང་འབྲེལ་ཏེ་འཚོ་བ་རྒྱས་སྤྲོས་སྤོང་ཐབས་དང་།  ནགས་ཚལ་དང་རི་དྭགས་སྲུང་སྐྱོབ། འཐུང་ཆུ་བསྲི་ཚགས་དང་གད་སྙིགས་དོ་དམ། ཁོར་ཡུག་སྨན་སྣ་དང་ལུད་བཟོ་ཐབས་གཙོས་པའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལམ་སྟོན་གྱི་དེབ་ཅིག་སྐད་ཡིག་གསུམ་གྱི་ནང་ལ་རྩོམ་སྒྱུར་གནང་ནས་བཀའ་བརྒྱུད་པའི་ཆོས་ཚོགས་དང་དགོན་སྡེ་མང་ཚོགས་གཙོས་སློབ་ཚོགས་ཡོངས་ལ་འགྲེམ་སྤེལ་གནང་ཡོད།  ༢༠༠༩  ཟླ་ ༣ པའི་ནང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་དང་པོ་དེ་ཝཱ་རཱ་ཎ་སི་ལ་ཉིན་ལྔ་ལ་ཚོགས་ཤིང་། བོད་དང་ཧི་མ་ལ་ཡི་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་དང་སྲུང་སྐྱོབ་ཀྱི་ཐབས་ཇུས་སྐོར་ལ་གྲོས་བསྡུར་གནང་སྟེ། [ 2 ] ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཐབས་བརྒྱ་རྩ་བརྒྱད། ཅེས་པ་གཏན་འབེབས་གནང་ནས་སྐད་ཡིག་དུ་མའི་ནང་དུ་འགྲེམ་སྤེལ་གནང་།  [ 3 ] ༢༠༠༩ ཟླ་ ༡༠ ཚེས་༣ ནས་༨ བར་ཉིན་དྲུག་རིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་དང་། རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་དགོན་ཁག་རྣམས་དང་རྒྱ་གར་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྐུ་ཚབ་དང་། ཁོར་ཡུག་སྲུང་སྐྱོབ་ཆེད་མཁས་པ་བཅས་སྐུ་ཚབ་འཐུས་མི་བརྒྱ་ལ་ཉེ་བ་ཚོགས་ཞུགས་གནང་ཡོད།

ཁོར་ཡུག་སྲུང་སྐྱོབ་ཀྱི་དེབ་ལ་གཟིགས་པ། པར་ཁུངས་ kagyuoffice.org

ཚོགས་འདུ་དེའི་ཐོག་ནང་ཆོས་དང་འབྲེལ་བའི་ནགས་ཚལ་འདེབས་འཛུགས་དང་། ཆུ་གསོག་འཇོག རི་དྭགས་སྲུང་སྐྱོབ། གད་སྙིགས་དོ་དམ། ཉི་འོད་ནུས་ཁུངས་བཅས་ཀྱི་སྐོར་ལ་ཉམས་མྱོང་སྤེལ་རེས་དང་སྦྱོང་བརྡར་ཚོད་ལྟ་གནང་བ་དང་། རྒྱལ་དབང་ཀརྨ་པ་དབུ་མཛད་དེ་རྒྱ་བལ་འབྲུག་ཁུལ་གཙོ་བོར་གྱུར་པའི་དགོན་སྡེ་དང་མང་ཚོགས་བཅས་ལས་གྲུབ་པའི་(རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ།) ཞེས་པ་གསར་འཛུགས་གནང་ཡོད།  [ 4 ] སྤྱི་ལོ་༢༠༠༩ ཟླ་༡༢ ཚེས་༣༠ ཉིན་རྡོར་གདན་གྷ་ཡ་གནམ་ཐང་དུ་ ༸རྒྱལ་དབང་ཀརྨ་པ་མཆོག་ནས་མྱ་ངན་མེད་ཀྱི་ལྗོན་པ་འདེབས་འཛུགས་བསྐྱངས་ཏེ། ཤིང་སྣ་འདེབས་འཛུགས་གནང་ཡུལ་རྡོ་བྱང་ཐོག་ཏུ་(སྤྲོས་མེད་དུ་གནས་ཏེ་ཁོར་ཡུག་སྲུང་སྐྱོབ་དགོས། རང་རེའི་འབྱུང་འགྱུར་དེ་ཉིད་ལ་བརྟེན་དགོས་པ་ཡིན་པས་སྙིང་རྗེའི་བསམ་པས་ཐབས་ཀྱིས་སྐྱོངས། ) ཞེས་ཁོང་གི་མཚན་དང་བཅས་རྡོ་བྱང་ཐོག་ཏུ་བཀོད་དེ་འགྲུལ་པ་ཀུན་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་སྩལ།  [ 5 ] སྤྱི་ལོ་༢༠༡༠ ཟླ་༡༢ ཚེས་༨ ཉིན་༸རྒྱལ་དབང་ཀརྨ་པས་རྡོར་གདན་མཆོད་རྟེན་ཉེ་འདབས་སུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ས་གནས་ཡུལ་མི་རྣམས་ཀྱི་སླད་དུ་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཕྱིར་ཆུ་དྭངས་སྙིགས་འབྱེད་པའི་ཆུ་མཛོད་ཀྱི་ཡོ་བྱད་གསར་འཛུགས་གནང་སྟེ། སྐྱེ་འགྲོ་རྣམས་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཐུབ་པའི་ཐུགས་སྨོན་རྡོ་བྱང་དུ་བཀོད།  [ 6 ] སྤྱི་ལོ་ ༢༠༡༡ ཟླ་༡༡ ནང་ལ་འཚོགས་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་ཚོགས་པས་གོ་སྒྲིག་འོག་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་སྐུ་མགྲོན་གཙོ་བོར་གདན་ཞུས་པ་བཞིན་ཕེབས་ཏེ། འགྲོ་བ་སྤྱིའི་འཕྲལ་ཡུན་བདེ་ཐབས་སུ་ལམ་སྟོན་བཀའ་སློབ་དོན་ཟབ་གནད་སྨིན་སྩལ། ཟླ་༡༡ ཚེས་༣༠ ཉིན་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོ་རུ་བོད་ཀྱི་ཆེ་དགུ་བླ་ཆེན་རྣམས་དང་ལྷན་དུ་ལྗོན་ཤིང་འདེབས་འཛུགས་གནང་སྟེ། ལྗང་མདོག་གི་ཁོར་ཡུག་བཞེངས་ རྒྱུར་དྲན་སྐུལ་གནང་། [7 ] ༢༠༡༢། ༡༢། ༢༡ བཀའ་བརྒྱུད་སྨོན་ལམ་ཐེངས་༣༠ བའི་སྐབས་སུ་ཆོས་ཞུ་བ་སྐྱ་སེར་ཁྲི་ལ་ཉེ་བ་ལ་གད་སྙིགས་འདོར་སྣོད་སོ་སོའི་ནང་ལ་འདོར་བ་མ་གཏོགས། གད་སྙིགས་གང་བྱུང་སྐྱུར་ན་མི་འགྲིག་པའི་ཚུལ་གྱི་བཀའ་སློབ་ནན་མོར་ཕེབས་པས། དེའི་ཤུགས་རྐྱེན་གྱིས་ཕྱོགས་མེད་ཀྱི་སློབ་ཚོགས་ཡོངས་ལ་གད་སྙིགས་གཙང་སེལ་དང་དོ་དམ་བྱེད་རྒྱུར་ནུས་པ་ངེས་ཅན་ཐོན་ཡོད། [ 8 ] ༢༠༡༣། ༥ ། ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ནཱ་ལནྡཱའི་ཤེས་ཡོན་ལྷན་ཚོགས་ཀྱི་དད་ལྡན་ལྔ་བརྒྱ་བརྒལ་བ་མཇལ་བཅར་ཡོང་སྐབས་སུ། འཛམ་གླིང་ཧྲིལ་པོ་འདི་འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་འཇིག་རྒྱུའི་ཉེན་ཁ་ཡོད་པས། རང་ཉིད་མི་ཡིན་པའི་འགན་ཁུར་གྱིས་བསམ་སྤྱོད་བཟང་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་བསྩལ་ཏེ། ཁོར་ཡུག་སྲུང་སྐྱོབ་ལ་རྒྱ་གར་ནང་པ་ཡོངས་ཀྱིས་འགན་ཁུར་དགོས་པའི་སྐུལ་མ་ཤུགས་ཆེར་གནང་ཡོད། [ 9 ] ༢༠༡༤། ༡། ༢༤ ཉིན་དུད་འགྲོའི་རིས་མེད་སྨན་བཅོས་སྡེ་ཚན་དབུ་འཛུགས་གནང་སྟེ། འབྲས་ལྗོངས་མངའ་སྡེ་གཞུང་གི་དུད་འགྲོའི་འཕྲོད་བསྟེན་ཚོགས་པ་དང་། ཧྥ་རན་སེའི་ (Brigitte Bardot Foundation) ཞེས་པའི་ཚོགས་པ་གཉིས་དང་ཟུང་འབྲེལ་ཐོག་ནས་མཉམ་ལས་གནང་བཞིན་ཡོད། དཔེར་ན། [ 10 ]  ༢༠༡༥ ལོའི་ཟླ་ ༡༢ ཚེས་༢༠ ནས་༣༠ བར་ཏེ་ཉིན་༡༠ ཡི་རིང་ལ་དུད་འགྲོ་སྟོང་ཕྲག་ལྷག་ལ་རིས་མེད་སྨན་བཅོས་གནང་ཡོད། དུད་འགྲོའི་སྨན་པ་དག་ཀྱང་རྒྱལ་ཁབ་འདྲ་མིན་གྱི་ཆེད་ལས་སྨན་པ་ཤ་སྟག་གདན་འདྲེན་ཞུ་བཞིན་ཡོད། མདོར་ན་༢༠༠༩ ནས་ད་ལྟའི་བར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ཐེངས་བརྒྱད་ཙམ་ཚོགས་ཡོད་པ་དང་། ལོ་རེ་བཞིན་ཚོགས་ཞུགས་པ་ཡར་རྒྱས་སོང་སྟེ། [ 11 ] རྒྱ་གར་འཛམ་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ WWF India ཚོགས་པ་དང་། ཨ་རིའི་འཛམ་གླིང་རི་སྐྱེས་སྲུང་སྐྱོབ་ WWF USA ཚོགས་པའི་ཆེད་ལས་མི་སྣ་གཙོས་པའི་ཁོར་ཡུག་ཚན་པའི་ཆེད་ལས་བ་དུ་མ་ཀརྨ་པས་དབུ་ཁྲིད་པའི་ཁོར་ཡུག་ཚོགས་འདུ་ལ་མཉམ་ཞུགས་གནང་བ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ ༥༥ ལྷག་མཉམ་རུབ་ཀྱིས་འཛམ་གླིང་ཁྱིམ་གཞིས་ལྟ་བུ་སའི་གོ་ལ་གཅེས་སྤྲས་ཀྱི་བྱ་འགུལ་གནང་ཞིང་། ཁོར་ཡུག་གཅེས་འཛིན་གྱི་འདུ་ཤེས་གོང་མཐོར་གཏོང་ཆེད་གསུང་རྩོམ་དང་བཀའ་སློབ་ཟབ་རྒྱས་གནང་། འགྲོ་བའི་བདེ་རིམ་ཇི་ལྟར་དགེ་བའི་སྐོར་གྱི་ལམ་སྟོན་ཏེ། སྙིང་རྗེའི་ནུས་པ། ཞེས་པའི་ཕྱག་དེབ་གསར་རྩོམ་གནང་བ་སོགས་ཀྱིས་འཛམ་གླིང་གི་ཁོར་ཡུག་ལས་འགུལ་བ་དང་དུད་འགྲོ་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་སྡེ་མང་པོས་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུས་ཡོད། [ 12 ] དེར་མ་ཟད་ཁོར་ཡུག་སྲུང་སྐྱོབ་དང་།

པར་ཁུངས་ KTD Mandala News

སྒྱུ་རྩལ་སློབ་གསོ་སོགས་འཛམ་གླིང་མི་མང་ལ་སེམས་འགུལ་ཐེབས་པའི་ལས་དོན་དང་བྱ་གཞག་སྤེལ་མྱོང་བའི་རླབས་ཆེན་གྱི་སྐྱེས་བུ་དག་ལ་ཨ་རིའི་ཡེལ་ (Yale )གཙུག་ལག་སློབ་ཆེན་གྱིས་སྤྱི་ལོ་༡༩༣༦ ནས་ཆབ་བྷི་ཧྥི་ལོ་ཤིབ་པི་( Chubb Fellowship )ཞེས་པའི་མཚན་སྙན་ཅན་གྱི་གཟེངས་བསྟོད་ཕུལ་བའི་ལུགས་སྲོལ་ཡོད་པ་བཞིན། ༢༠༡༥ ཟླ་༤ ཚེས་༧ ཉིན་རྒྱལ་དབང་ཀརྨ་པ་མཆོག་ལ་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་ཕུལ་ཡོད། [ 13 ] ༢༠༢༠ ལོ་ནས་ཀརྨ་པས་དབུ་ཁྲིད་པའི་ཁོར་སྲུང་གི་ལས་དོན་གཞི་རྒྱ་ཆེ་རུ་ཕྱིན་ཏེ་བོད་ནང་ལོགས་ནས་ ༸ རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཁྲོད་ནས་བསུས་ཡོད་པ་དང་། ཀརྨ་པ་ལ་དད་འདུན་ཅན་གྱི་སྡེ་དགོན་གཉིས་ཀྱིས་ཀརྨ་པའི་འཁྲུངས་སྐར་ཉིན་ཤིང་ནགས་འདེབས་འཛུགས་དང་། ཉེ་འཁོར་གྱི་གད་སྙིགས་གཙང་སེལ་སོགས་གཞི་རྒྱ་རབ་ཏུ་ཆེ་བའི་སྐྱེས་ཁམས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཞིང་། ལས་འགུལ་འདིའི་ནང་དུ་བོད་ཕྱི་ནང་གཉིས་ནས་དགོན་པ་དང་ཚོགས་སྡེ་ཁག་མི་འདྲ་བ་བརྒྱ་ཕྲག་དུ་མ་ཞུགས་ཡོད་པ་དང་། དེ་དག་ལས་འགའ་རེས་རྒྱ་སྒོར་ཁྲི་ཚོ་མང་པོས་ཤིང་ནགས་གསར་འཛུགས་དང་། ཡུལ་ལུང་འགའ་རེ་ནས་ལྷ་སྡེ་མི་སྡེ་མཉམ་རུབ་ཀྱིས་ཉིན་གཅིག་ལ་ཤིང་སྡོང་སྟོང་ཕྲག་ལྷག་འདེབས་འཛུགས་གནང་མཁན་ཡང་ཡོད་འདུག ཁོར་སྲུང་ཐད་ཀྱི་མཛད་འཕྲིན་དེ་དག་ཆ་ཤས་ནང་གི་ཆ་ཤས་ཙམ་བརྗོད་པ་ལས་ཁོར་སྲུང་གི་མཛད་འཕྲིན་རྒྱ་ཆེ་གཏིང་ཟབ་རྣམས་ཚིག་ཉུང་ངུ་ལམ་ནས་བརྗོད་ཐུབ་པ་མ་ཡིན་ནོ། །དེ་ཡང་གོང་བཀུར་དང་དད་འདུན་གྱིས་ཕྱོགས་འཐེན་བྱས་ཏེ་བརྗོད་པ་མ་ཡིན་པར་བདེན་པའི་མིག་གིས་བལྟས་ཏེ་གཟུ་བོའི་བློ་ཡིས་དཔྱད་ནས་གླེང་བ་ཤ་སྟག་ཡིན་ནོ། །

[ 1 ] རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། ཡི་  www.khoryug.com དྲ་ངོས་སུ་གསལ།
[ 2 ] ཐུན་མོང་གི་འཇིག་རྟེན། ཞེས་པ་ཀརྨ་པས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་སྩལ་བའི་བཀའ་སློབ་ཕྱོགས་སྒྲིག་གི་དེབ། ཞུ་སྒྲིག་པ་ཞི་བའི་ལམ་འཚོལ། ༢༠༡༩ ལོར་བོད་ནས་དཔར་སྐྲུན་ཞུས།  ཤོག་ངོས་༡༡༡ ནས་༡༣༤ བར་ན་གསལ།
[ 3 ] https://tibettimes.net › 2009/10/03  
[ 4 ] ལས་བྱང་། འདོན་ཐེངས་༩ ། ༢༠༡༤། ༦ – ༢༠༡༤ ། ༡༡ ཤོག་གྲངས་ ༨  །
[ 5 ] ལས་བྱང་། འདོན་ཐེངས་༩ ། ༢༠༡༤། ༦ – ༢༠༡༤ ། ༡༡ ཤོག་གྲངས་ ༩
[ 6 ] ལས་བྱང་། འདོན་ཐེངས་ ༣ ། ༢༠༡༡། ༡༢། ཤོག་ངོས་༦༩  
[ 7 ]  ལས་བྱང་། འདོན་ཐེངས་༦། ༢༠༡༣ ། ཤོག་གྲངས་༣༠  
[ 8 ] ལས་བྱང་། འདོན་ཐེངས་༦། ༢༠༡༣  ཤོག་གྲངས་༡༠༡  
[ 9 ] ལས་བྱང་འདོན་ཐེངས་༨ པ། ༢༠༡༣། ༡༡ – ༢༠༡༤ ། ༦ ཤོག་ངོས་ ༩༤ ནས་ ༩༥ བར་གསལ།
[ 10 ] ལས་བྱང་འདོན་ཐེངས། ༡༣ ཤོག་ངོས། ༡༠༢ ནས་ ༡༠༣ བར་གསལ།
[ 11] ལས་བྱང་། འདོན་ཐེངས་༧། ༢༠༡༣ -༦- ༢༠༡༣། ༡༡ ཤོག་གྲངས་ ༡༡༦
[ 12 ] ལས་བྱང་། འདོན་ཐེངས། ༡༡། ༢༠༡༥། ༣ – ༢༠༡༥། ༤  ཤོག་གྲངས་ ༩༥  
[ 13 ] སེམས་བཟང་བདེ་སྐྱིད། (心善为乐)  དྲ་ལམ་ནས། 2020-06-28 དང་།  ༢༠༢༡། ༦ ། ༢༧ སོ་སོར་སྤེལ་པའི་རྩོམ་ཡིག་ཏུ་གསལ།