གཡུ་སྨོན།

ཨ་དོན།

གནམ་སྔོན་མེ་ལོང་དག་ཀྱང་སྤྲིན་གནག་འདུ།།
གླང་ཆེན་ས་ལ་བརྟན་ཀྱང་ཡོམ་འགུལ་འབྱུང་།།
ཚེ་སྲོག་ཕྲ་རགས་གོར་མོ་རྡོ་ལ་ཡང་།།
འབྱུང་བཞི་སྙོམས་པར་འཇུག་ལ་མ་བརྟེན་མེད།།

སྟེང་མ་ལྷ་ཡི་གནས་ཀྱང་བཀོད་པའི་གནས།།
བར་མ་མི་ཡི་ཡུལ་ཡང་བཅུད་ཀྱི་ཡུལ།།
འོག་མ་ཀླུ་ཡི་རིགས་ཀྱང་སྣོད་བཅུད་དེ།།
མདོར་ན་འབྱུང་བའི་རྟེན་འབྲེལ་མ་ལོག་ཡོད།།

རི་དེ་ཡབ་ཆེན་གཙུག་གི་ནོར་བུ་ཡིན།།
ཆུ་དེ་ཡུམ་ཆེན་བྲང་གི་ནུ་ཞོ་ཡིན།།
ཡུལ་དེ་མེས་བོའི་སྙིང་གི་ཚིལ་ལི་ཡིན།།
རི་ཆུ་སྲོག་ཏུ་བལྟ་པའི་གཅེས་སེམས་དགོས།།

ཚེ་རབས་ཕྲེང་ལ་བརྒྱུས་བའི་རྨུ་ཐགས་ཤིག།
འདི་དང་ཕྱི་མར་བགྲོད་ལ་ཐེམ་སྐས་ཤིག།
རིགས་དྲུག་འགྲོ་ལ་ཕན་པའི་སྤྱི་ནོར་ཅིག།
རྒྱུ་འབྲས་བློ་མིག་དཀར་ལ་ལམ་བུ་ཞིག།

སྣོད་བཅུད་བཀོད་པའི་རྡོ་བརྐོས་རི་མོ་གཅིག།
སྐྱིད་ཆོས་ཧམ་པའི་རྔམ་སེམས་ནག་པོ་གཉིས།།
རྒྱུ་འབྲས་གསེར་ཐགས་གཅོད་པའི་ཉེས་དམིགས་གསུམ།།
འབྱུང་ལྔ་གླིང་བཞིའི་ཕ་ཁྱིམ་བརླག་པའི་རྒྱུ།།

ས་ལ་ཡང་ཆགས་ལུས་རྟེན་གཉིས་བ་གང་།།
ཆུ་ལ་ཡང་འཕེལ་ཁྲག་རྒྱུན་གཉིས་བ་གང་།།
མེ་ལ་ཡང་སོས་དྲོད་ཁོལ་འབྱུང་བ་གང་།།
རླུང་ལ་ཡང་བསྐྱེད་དབུགས་དབྱུང་འབྱིན་པ་གང་།།

ས་ཆེན་འཁྲུག་པའི་མནར་གཅོད་བཟོད་དཀའ་ན།།
མི་ཆེན་རྨོངས་བའི་སྡིག་ནག་འདག་པར་ཞུ།།
བརྩེ་བའི་ཨ་ལོང་ཆག་པར་སེམས་ཚ་ན།།
རེ་བའི་ལྗང་མདོག་སྐྱེས་ལྡན་ཞིང་ལ་འཁོད།།