རྨ་ཀླུང་ལྷ་མོ་སྐྱབས།

རྨ་ཀླུང་ལྷ་མོ་སྐྱབས། ལོ་རྒྱུས་འབུམ་རབས་པའི་སློབ་མ།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་བོད་མདོ་དབུས་མཐོ་སྒང་གི་གངས་རིའི་སྐོར་དང་གངས་རི་ལ་གནས་པའི་ཡུལ་ལྷ་གཞི་བདག་བཅས་གླེང་ཡོད་པར་མ་ཟད། བོད་ཀྱི་ཡུལ་ལྷ་གཞི་བདག་གམ་གནས་བདག་སོགས་ཀྱི་བྱུང་ཚུལ་དང་ལོ་རྒྱུས་དག་ལས་འཕྲོས་ཏེ། བོད་ཀྱི་རིག་གཞུང་དང་ཡུལ་ལྷ་གཞི་བདག་དབར་གྱི་འབྲེལ་བ་དག་བརྗོད་ཡོད། དེར་བརྟེན་བོད་ཀྱི་ལྷ་ཀླུ་གཉན་གསུམ་བཅས་ལ་བཀུར་བསྟི་དང་མཆོད་གསོལ་བྱས་ཏེ་བོད་ཀྱི་རི་ཆུའི་རིག་གནས་དར་བའི་སྐོར་དང་། རི་ཆུའི་རིག་གནས་ཆེས་ཆེར་དར་བ་ལ་བརྟེན་ནས་བོད་ཀྱི་གཙང་བོ་དང་གཙང་བོའི་འབྱུང་ཁུངས་གངས་རི་ལ་སོགས་སྦག་བཙོག་མི་བྱེད་པའི་རིག་གནས་དར་བ་ཡིན། དེ་བས་བོད་ཀྱི་རི་ཆུའི་རིག་གནས་ཀྱིས་བོད་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་ལ་དགེ་ཕན་བླ་མེད་བསྒྲུབས་དང་སྒྲུབ་བཞིན་པའི་རིག་གནས་འདི་གའི་རྒྱབ་ལྗོངས་སྐོར་བྲིས་ཡོད་དོ།།

[གལ་ཆེའི་བརྡ་ཆད།] གངས་རི། ལྷ་སྒྲུང་། གཙང་བོ། གནམ་གཤིས། ཁོར་ཡུག

བོད་ཀྱི་རི་བོ་དག་མདོ་ཙམ་བཤད་པ།

༈ དེང་རབས་ས་གཤིས་རིག་པ་བ་རྣམས་ཀྱིས་གསུང་བ་བཞིན་རྒྱ་གར་གྱི་གླིང་ཕྲན་དང་ཡུ་རོ་ཤི་ཡའི་གླིང་ཕྲན་གཉིས་གདོང་ཐུག་བརྒྱབས་ཏེ་ཧི་མ་ལ་ཡའི་རང་བྱུང་གི་ལྕགས་རི་དེ་བྱུང་བ་ཡིན། དེ་བཞིན་བོད་མདོ་དབུས་མཐོ་སྒང་གི་སྲིད་པའི་གངས་རི་རྣམས་དེ་ལྟར་བྱུང་བར་མ་ཟད་ཡ་གླིང་གི་ཟུངས་ཁྲག་ཇི་བཞིན་འབབ་པའི་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་ཀྱང་འཁྱགས་རོམ་གྱིས་བཀླུབས་པའི་ཡུལ་གྲུ་འདི་ཡིན། བོད་མདོ་དབུས་མཐོ་སྒང་ནི་ཨེ་ཤ་ཡ་གླིང་ཆེན་གྱི་དབུས་སུ་གནས་ཤིང་འཛམ་གླིང་གི་རི་བོ་མཐོ་ཤོས་དང་མཐོ་སྒང་གི་གནས་མཆོག་དེ་ཡིན་ཞིང་། སྤྱིར་འཛམ་གླིང་གི་འཕྲེད་ཐིག་མི་ཊར་(m) ༤༠༠༠ ཡོད་ལ་མཚོ་ངོས་སུ་མཐོ་ཚད་ཧྥི་ཊས་(ft) ༡༣༠༠༠ ཙམ་ཡོད།[1] འཛམ་གླིང་ནང་དུ་ཨར་ཌིག་དང་ཨན་ཊ་ཊི་ཀ་གཉིས་ནི་ལྷོ་སྣེ་དང་བྱང་སྣེ་རུ་གྲགས་པའི་འཁྱགས་རོམ་གྱི་ཡུལ་གྲུ་དེ་གཉིས་མ་བརྩིས་པའི་འཛམ་གླིང་གི་འཁྱགས་རོམ་གྱི་ཁྱོན་ཆེ་ཤོས་ཟིན་པའི་ཡུལ་གྲུ་ནི་བོད་ལས་ལྷག་པ་མེད་ཙ་ན་གླིང་སྣེ་གསུམ་པ་རུ་བགྲང་ཞིང་དབྱིན་སྐད་དུ་ “Third Pole” ཞེས་ཡོངས་སུ་གྲགས། དེ་བཞིན་ཉེ་རབས་ལོ་རྒྱུས་ཁྲོད་དུ་བོད་ལ་མིང་གཞན་ཡང་མང་པོ་ཞིག་འབོད་སྲོལ་བྱུང་ཡོད་དེ།  འཛམ་གླིང་གི་ཡང་རྩེ་དང་ “Roof of the World”  གངས་རིའི་ཞིང་ཁམས། “Land of Snow-Mountains” གསང་བ་ལྐོག་གྱུར་གྱི་ཞིང་ཁམས་དང་ “Land of Mysticism” འཛམ་གླིང་གི་ཆུ་མཛོད་ “Water Tower of the World” བཅས་བོད་ཁམས་ཀྱི་ཡུལ་གྲུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ལ་བརྟེན་ནས་མིང་དེ་རྣམས་ཐོགས་པ་ཤ་སྟག་ཡིན་པ་སུ་ཡིས་བསྙོན།  དེ་བཞིན་སྔོན་ཆད་བོད་བཙན་པོའི་ལོ་རྒྱུས་ཡིག་ཚང་དུའང་། “གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ། རི་མཐོ་ས་གཙང་།”[2] ཞེས་བོད་ཀྱི་ཡུལ་ཁམས་ཆགས་ཚུལ་གྱི་བསྡོམས་ཚིག་ངོ་མཚར་བ་ཞིག་བཞག་འདུག བརྗོད་བྱའི་བསྟན་དོན་རྒྱ་ཆེ་ཞིང་ཚིག་སྣ་ཐུང་བ། ཡིད་ལ་འཛིན་བདེ་ཞིང་དོན་ལ་གནས་པའི་འགྲེལ་བརྗོད་ཅིག་སྟེ། བོད་ཡུལ་གྱི་ས་ཆ་གཙང་ཤིང་རི་རྒྱུད་དག་མཐོ། ཨེ་ཤ་ཡ་གླིང་ཆེན་གྱི་གཙང་པོ་དག་གི་འབྱུང་ཁུངས་ཡིན་ལ་གངས་ཀྱི་མུ་ཁྱུད་ཀྱིས་ཀུན་ནས་བསྐོར་ཡོད་དེ། བོད་ཀྱི་ཧི་མ་རི་བོའི་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་འཕྲེད་དུ་ཉལ་བའི་ཧི་མ་ལ་ཡའི་རི་རྒྱུད་མུ་ཁྱུད་བཞིན་འགྱིང་ཡོད་ལ། དེ་ནས་ནུབ་ཕྱོགས་སུ་ཀ་ར་ཀོ་རམ་རི་རྒྱུད་དུ་འབྲེལ་ཡོད་ཅིང་། ཧིནྡུ་ཀུ་ཤུའི་རི་རྒྱུད་དང་། ཨལ་ཏན་རི་རྒྱུད། གངས་དཀར་ཕྱོགས་ལས་རྣམ་རྒྱལ་བར་དུ་གཏུགས་ཡོད། མདོ་ཁམས་ཕྱོགས་སུ་ཤར་ཕྱོགས་མི་ཉག་རབ་སྒང་དང་ཁ་བ་དཀར་པོའི་རྒྱུད་ལ་ཐུག་ཡོད། མདོ་ཁམས་ཕྱོགས་སུ་སྒང་གསུམ་དང་སྒང་དྲུག་ཅེས་ལོ་རྒྱུས་ཡིག་ཚང་དག་ཏུ་བརྗོད་སྲོལ་ཡོད། དབུ་ནག་མིའུ་འདྲ་ཆགས་ལས། སྨད་ཀྱི་མདོ་ཁམས་སྒང་གསུམ་ཞིང་དང་འདྲ། བྱང་གི་ལ་དགུ་སྒང་དང་གཅིག ལྷོ་སྐྱེ་བ་ཤིང་གི་སྒང་དང་གཉིས། ནུབ་མོན་པ་ལྕགས་ཀྱི་སྒང་གསུམ།[3] ཞེས་དང་། མདོ་སྨད་ཆོས་འབྱུང་ལས། མདོ་ཁམས་སྒང་དྲུག་ནི། ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་བཅས་བཀོད་ཡོད།[4] བོད་ཁམས་སུ་གནམ་གྱི་ཀ་བ་བསླངས་པ་ལྟ་བུའི་རི་ཚོགས་འདི་ལས་བོད་མདོ་དབུས་མཐོ་སྒང་གི་ཆུ་བོ་ཆེན་པོ་དག་བྱུང་བ་ཡིན་ལ། དེ་དག་ནི་ཡ་གླིང་གི་གནམ་གཤིས་དང་སྲིད་འབྱོར་རིག་གསུམ་ལ་འབྲེལ་བ་བླ་མེད་ཅིག་ཡོད། གཞན་ཡང་། བོད་དང་རྒྱ་གར་གཉིས་དབར་དུ་རང་བྱུང་ལྕགས་རི་བཞིན་ཀེ་རེར་ལངས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཡུལ་གྲུ་དེ་གཉིས་ཀྱི་གནམ་གཤིས་ཁ་ཁ་རུ་བསྒྱུར་བའི་བྱེད་པོ་ལྟ་བུར་གྲུབ་ཡོད་དེ། ཚན་རིག་པ་རྣམས་ཀྱི་བྷང་གལ་རྒྱ་མཚོ་ཕྱོགས་ཀྱི་ཆུ་རླངས་དང་སྤྲིན་པ་དག་ཧི་མ་ལ་ཡའི་རི་རྒྱུད་ལ་ཐོགས་ནས་རྒྱ་གར་ནང་དུ་ཆར་དུས་ཀྱི་དྲག་ཤུགས་ཆེ་བའི་རྒྱུ་མཚན་དུ་བརྗོད། དེ་བས་རི་རྒྱུད་འདི་དག་གིས་ཡ་གླིང་གི་གནམ་གཤིས་དང་ཁོར་ཡུག་སོགས་ལ་འབྲེལ་འདྲིས་ཤིན་ཏུ་ཆེ་ལ་གཤམ་དུ་བོད་ཀྱི་རི་བོ་གྲགས་ཆེ་བ་འགའ་ཞིག་རེའུ་མིག་ཏུ་བསྟན་པའོ།།

བོད་མདོ་དབུས་མཐོ་སྒང་གི་རི་བོ།

གངས་རིའི་མིང་།རི་རྒྱུད་ཀྱི་མིང་།མཐོ་ཚད།་(m)
ཇོ་མོ་གླང་མ།ཧི་མ་ལ་ཡའི་རི་རྒྱུད།8848
མཐིང་གི་ཞལ་བཟང་མ།ཧི་མ་ལ་ཡའི་རི་རྒྱུད།8516
མ་ཁ་རུ།ཧི་མ་ལ་ཡའི་རི་རྒྱུད།8463
ཇོ་བོ་དབུ་ཡུགཧི་མ་ལ་ཡའི་རི་རྒྱུད།8201
ཤི་ཤ་སྦང་མ།ཧི་མ་ལ་ཡའི་རི་རྒྱུད།8012
གངས་ཏི་སེ།གཉན་ཆེན་ཐང་ལྷའི་རི་རྒྱུད།6638
ཀླུ་འབུམ་གངས་རི།གཉན་ཆེན་ཐང་ལྷའི་རི་རྒྱུད།7094
འཆི་མེད་གངས་རི།གཉན་ཆེན་ཐང་ལྷའི་རི་རྒྱུད།7048
གཉན་ཆེན་ཐང་ལྷ།གཉན་ཆེན་ཐང་ལྷའི་རི་རྒྱུད།7162
ཆོ་གུ་ལི་གངས་རི།གངས་ལྷ་ཁུ་ནུ་རི་བོ་དང་གདང་ལའི་རི་རྒྱུད།8611
མགུ་ལྷ་དར་རྡོ།གངས་ལྷ་ཁུ་ནུ་རི་བོ་དང་གདང་ལའི་རི་རྒྱུད།6621
གངས་དཀར་རི་བོ།ཁུ་ནུ་རི་རྒྱུད།7719
མུའུ་ཧྲུ་ཐའ་མགུ་རི་བོ།ཁུ་ནུ་རི་རྒྱུད།7546
མུ་ཧྲི་རི་བོ།ཁུ་ནུ་རི་རྒྱུད།6638
ལེན་སིའུ་འབའ་ལུ་རི་བོ།ཨ་ཆེན་གངས་རྒྱབ་ཀྱི་རི་རྒྱུད།6295
ཧྲུའུ་ལེན་ནན་ཧྲན་གྱི་མཐུན་སྒྲིལ་རི་བོ།ཆི་ལེན་རི་རྒྱུད།5807

གངས་རི་དང་ལྷ་སྒྲུང་།

སྤྱིར་བོད་ཀྱི་རི་ཆུའི་རིག་གནས་ལས་གངས་རི་དང་ལྷ་སྒྲུང་དབར་གྱི་འབྲེལ་བ་གྲུབ་སྟངས་སྐོར་རྟོགས་ཐུབ། ལར་བསྐལ་བ་ཡ་ཐོག་གི་དུས་ནས་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འཇིགས་པ་སྟེ། ས་འགུལ་བ་དང་ཆུ་ལོག་རྒྱུག་པ། གློག་འཁྱུག་པ། འབྲུག་གྲགས་པ། ཐོག་རྒྱག་པ། རླུང་འཚུབ་པ། གངས་ཉིལ་བ་ལ་སོགས་བྱུང་ཚེ་གནས་ག་གེ་མོ་རུ་བཞུགས་པའི་ལྷ་ཀླུ་གཉན་གསུམ་ཐུགས་ཁྲོས་པར་འདོད། དེའི་ཕྱིར། རང་བྱུང་ལ་གནོད་པ་དང་སྦག་བཙོག་བཟོ་མི་རུང་ཞིང་རི་ཆུ་དག་གནས་རྩ་ཆེན་དུ་འཛིན་པའི་སྲོལ་གནའ་སྔ་མོ་ཞིག་ནས་དར་ཡོད་པ་གདོན་མི་ཟ། ལར་འགྲོ་བ་མིའི་ཤེས་རིག་ཐོག་མར་དར་བའི་དུས་སྐབས་སུ་རྡོ་ཆས་རྙིང་མ་རུ་མི་རྣམས་ཀྱིས་ཐོག་མར་མེ་གསར་རྙེད་བྱུང་རྗེས་འགྲོ་བ་མིའི་ལོ་རྒྱུས་ལ་འགྱུར་ལྡོག་བྱུང་བར་གྲགས།[5] དེ་བཞིན་དུ་རང་རེའི་བོད་ཀྱིས་དུས་ད་ལྟར་བར་ཡུལ་ལྷ་གཞི་བདག་དང་ཆུ་ལྷ། ཀླུ་གཉན་སོགས་ལ་མཆོད་པ་དང་བསྙེན་བཀུར་བྱེད་ལ་དེ་དག་རེ་རེའི་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་ལོ་རྒྱུས་དང་རིག་གཞུང་གི་ཟ་ཟུར་ཀུན་ཏུ་འདྲེས་ནས་ཡོད།

བོད་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདི་གདོད་མའི་དུས་ནས་མི་རིགས་གཞན་གྱིས་རང་བྱུང་ལ་མཆོད་པ་བྱེད་པའི་ཡུལ་སྲོལ་དེ་དར་ཡོད་པ་ལོ་རྒྱུས་ཀྱི་སྤྱི་འགྲོས་ཤིག་ཡིན་ལ། ཁྱད་པར་དུ་རང་རེ་རྣམས་ཀྱིས་ཐོག་མའི་ལྷ་དུས་ནམ་ཞིག་ཏུ་བྱུང་བའི་སྐོར་ལ་བཤད་ཚུལ་མི་མཐུན་པ་དང་ངེས་གཏན་ཞིག་མེད་པར་སྣང་། ཡིག་ཆ་འགའ་ཞིག་གི་ནང་དུ་ལྷའི་ཐོག་མ་ནི་ཕྱྭ་ཡིན་པར་བརྗོད་ལ་ཡབ་ལྷ་བདལ་དྲུག་གམ་ཕྱྭ་བདལ་དྲུག་ཞེས་བྱ་བ་ཞིག་བྱུང་བར་མངོན། ཡི་གེ་ལྷ་གྱེས་ཅན་ལས། དང་པོ་བསྐལ་བས་བསྐལ་སྲིད་པས་མ་སྲིད་ཙམ་ན། ཕྱྭ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ཕྱྭ་ཡིས་བསྐོས་ཏེ་བྱུང་ཞེས་འཁོད་པ་བཞིན་ལྷ་རྣམས་ཀྱི་ཐོག་མ་ཕྱྭ་ཡིན་པར་བཤད།[6] ཡུལ་ལྷ་གཞི་བདག་གི་ཐོག་མ་དེ་སྲིད་པ་ཆགས་པའི་ལྷ་དགུ[7]་ནས་བརྩི་སྟེ། ཡར་ཀླུང་ཡར་ལྷ་ཤམ་པོ་དང་། ལྷོ་ཡི་སྐུ་མཁའ་རི། ནུབ་ཀྱི་གནོད་སྦྱིན་གང་བཟང་། བྱང་གི་གཉན་ཆེན་ཐང་ལྷ། སྒ་སྟོད་ཇོ་བོ་སྒྱོགས་ཆེན། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ། ཤར་གྱི་རྨ་ཆེན་སྦོམ་ར། ཉང་ཡུལ་འོ་དེ་གུང་རྒྱལ། ཇོ་བོ་གཡུལ་རྒྱལ་དགུ་[8]ཡིན་ཞིང་། ལྷ་གཉན་དེ་དག་གིས་བོད་ཁམས་ཡོངས་སུ་བསྐོར་ཏེ་སྲུང་ཡོད་པར་བརྗོད།  ཡུལ་ལྷ་གཞི་བདག་འདི་དག་གི་བཞུགས་ཡུལ་བོད་ཁམས་ཡོངས་སུ་ཁྱབ་ཡོད་དེ། སྒང་གཙང་སྟོད་ན་དྭགས་ལྷ་རྗེ་དཀར་དང་མངའ་རིས་སྐོར་གསུམ་ན་སྐུ་ལྷ་གེ་རྒོད། མྱང་ཡུལ་སྟོད་སྨད་ན་ཧ་བོ་གང་བཟང་། གཡའ་རི་སྟོད་སྨད་ན་ཤངས་ལྷ་སྒེ་རུ། ཡར་ཀླུང་ན་ཡར་ལྷ་ཤམ་པོ། ཆོས་འཁོར་རྒྱལ་དུ་རྟ་རྒོད་ཤེལ་ལྕགས། སྒམ་པོ་ན་དྭགས་ལྷ་སྒམ་པོ། ཀོང་སྨད་ན་ཀོང་ལྷ་དཀར་པོ། ཉང་བོ་ཀྲུ་རིང་ན་ཉང་ལྷ་བཙན་དྲུག ལྷོ་བྲག་ཏུ་སྐུ་ལྷ་མཁར་རུ། རུ་མཚམས་ན་སྐུ་ལྷ་སྡེ་བཞི། འདམ་ན་གཉན་ཆེན་ཐང་ལྷ། ཁམས་ན་རྨ་ཆེན་སྦོམ་ར་བཅས་[9] [10] སུ་ཡོད་པར་གྲགས་ཤིང་། སྲིད་པ་ཆགས་པའི་ལྷ་དགུ་ནི་བོད་ཀྱི་ཡུལ་ལྷ་གཞི་བདག་བྱུང་བའི་ཐོག་མ་ཡིན་པར་བཤད་ཅིང་བརྩི་ཚུལ་མི་འདྲ་བ་དུ་མ་ཞིག་མཆིས།[11] <<རྨ་ཆེན་དཔང་བསྟོད་>>ལས། གངས་རི་མཐོན་པོའི་དབུས་དང་ཆུ་བོའི་ཆེན་པོའི་མགོ་རུ་གནས་པའི་རང་རེ་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་གཉན་བཙན་སོགས་བཀུར་བ་ལས་ཡོངས་གྲགས་སུ་འོ་དེ་གུང་རྒྱལ་གྱི་སྲས་སྲིད་པ་ཆགས་པའི་ལྷ་དགུ་ནི་ཡུལ་ལྷ་གཞི་བདག་གི་ཐོག་མར་བཞེད་[12]ཅེས་འཁོད་པས་བོད་ཀྱི་ཡུལ་ལྷ་གཞི་བདག་གི་ཐོག་མ་སྲིད་པ་ཆགས་པའི་ལྷ་དགུ་ནས་བརྩི་དགོས་པ་འདྲ། ལོ་རྒྱུས་སྨྲ་བ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་བོད་ཀྱི་ལྷ་རྣམས་ཀྱི་ཐོག་མ་ཕྱྭ་དང་རྨང་ནས་བྱུང་བའི་ལྟ་ཚུལ་བཟུང་ཡོད། ཡིག་ཆ་ལ་ལར་ཡབ་ལྷ་བདལ་དྲུག་དང་། ཕྱྭ་ལྷ་བྲམ་ཆེན། རྒྱ་ལྷ་འབྲོང་ནམ། འོ་དེ་གུང་རྒྱལ་བཅས་བཞི་ནི་སྤུན་མཆེད་ཡིན་པར་བཤད་པས་ཡབ་ལྷ་བདག་དྲུག་དང་ཕྱྭ་གཉིས་ཁ་ཁ་ཡིན་པར་སྣང་།[13] ཡིག་ཆ་འགའ་ཞིག་ཏུ་ཕྱྭ་ལྷ་དང་དམུ་ལྷ་གཉིས་གཉེན་བྱས་རྗེས་ལྷ་རྣམས་བྱུང་ཚུལ་ཞིག་ཀྱང་འདུག མདའ་དང་འཕང་ལས། ལྷ་རིགས་མཆེད་པའི་གཏམ་རྒྱུད་ནང་དུ་རྒྱལ་པོའི་ཐོག་མ་དེ་ནི་ཕྱྭ་ལྷ་ཡབ་བླ་བདལ་དྲུག་གི་ཚ་བོ་ཡིན་ཚུལ་དང་། ལྷ་དགུ་པོ་ནི་ཕྱྭ་ལྷ་འོ་ལྡེ་གུང་རྒྱལ་གྱི་བུ་ཡིན་ཚུལ་བརྗོད་པ་ཡིན། འོ་ལྡེ་གུང་རྒྱལ་ནི་ཡབ་བླ་བདལ་དྲུག་གི་གཅུང་པོ་ཨང་བཞི་པ་དེ་ཡིན་པར་བཤད་[14]ཅེས་འཁོད། མི་ལོ་སྟོང་ཕྲག་རིང་དུ་བརྒྱུད་པའི་གཏམ་རྒྱུད་དེ་དག་ལས་གང་བདེན་དང་རྫུན་ནི་ཅག་གཅོད་བྱེད་ནུས་པ་ཞིག་ཏུ་མི་འདོད་ལ་ཡུལ་ལྷ་གཞི་བདག་དེ་དག་གི་ལོ་རྒྱུས་གྲི་ཡིས་བཅད་པ་ལྟ་བུ་ཞིག་སུ་ཡིས་བརྗོད་པར་ནུས་སམ། དེ་བཞིན་ཡུལ་ལྷ་གཞི་བདག་དེ་རྣམས་ཀྱང་སྔོན་ཆད་དཔོན་པོ་དང་མི་ཆེན། དཔའ་བོ་ག་གེ་མོའི་རྣམ་ཤེས་ཡིན་པར་བཤད་སྲོལ་ཡོད་ལ་ལྷ་དང་མིའི་དབར་དུ་བྱུང་བའི་གཏམ་རྒྱུད་མང་པོ་ཞིག་ད་དུང་བོད་མི་རྣམས་ཀྱིས་བཟློ་བཞིན་ཡོད། དཔེར་ན། སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དུ་བསྒྲངས་བའི་ཨ་མྱེས་རྨ་ཆེན་ནི་ས་བཅུ་པ་ཐོབ་པའི་སངས་རྒྱས་ཡིན་པར་འདོད་ལ་དེ་བཞིན་ཨ་རིག་པ་རྣམས་ཀྱིས་རྨ་ཆེན་སྦོམ་ར་ལ་སྤོ་སྤོའམ་ཨ་མྱེས་ཡིན་པར་བཤད། རྨ་ཆེན་གྱི་སྲས་ཆུ་སྔོན་གཡའ་རི་ཞེས་བྱ་བའི་བྲག་ཕུག་ཅིག་ཏུ་ཨ་རིག་གི་བུད་མེད་ཅིག་བསྡད་ཡོད་པ་དང་མཚན་མོའི་རྨི་ལམ་དུ་རྟ་མཆོག་སྔོ་སྔོ་བཅིབས་པ་ཞིག་གམ་དུ་སླེབས་ཤིང་འདོད་པའི་བདེ་བར་སྤྱོད་པ་ཞིག་རྨིས། ཁོ་མོར་བུ་ཞིག་བཙས་པ་དེ་ཨ་རིག་བན་དེ་གྲགས་པ་དབང་ཕྱུག་ཅེས་པ་དེ་ཡིན་པར་བརྗོད། རྨ་ཆེན་ནི་ཨ་རིག་བན་དེ་གྲགས་པ་དབང་ཕྱུག་གི་སྤོ་སྤོའམ་ཨ་མྱེས་དང་རྨ་ཆེན་གྱི་ཚ་བོ་ཡིན་ཕྱིར་ཨ་རིག་པ་རྣམས་ཀྱིས་ཨ་མྱེས་རྨ་ཆེན་ཞེས་འབོད་སྲོལ་ཆགས་པར་སྐད།[15] མདོ་སྨད་ཁྲི་ཀའི་གཞི་བདག་ཨ་མྱེས་ཡུལ་ལྷ་ཞེས་བྱ་བ་ཡང་ཐོག་མ་རྒྱའི་དམག་དཔོན་ཞིག་ཡིན་པ་དང་ཕྱིས་སུ་བོད་ཀྱི་ཡུལ་ལྷ་གཞི་བདག་ཅིག་ཏུ་གྱུར་ཚུལ་གྱི་གཏམ་རྒྱུད་འདུག་སྟེ། ཤ་འབེན་ལྷ་བཙན་རྫུ་འཕྲུལ་མྱུར་མགྱོགས་ཅན།། རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱེད།། ཞེེས་དང་། རྒྱ་བོད་གཉིས་ཀྱི་ས་མཚམས་ན་བཞུགས་པ།། རྨ་ཆུ་སྔོན་མོའི་ནང་རོལ་དུ་བཞུགས་པ།།  གཡའ་མ་སྔོན་མོའི་གདན་སྟེང་ན་བཞུགས་པ། ཕ་བོང་དཀར་པོའི་ཁྲི་སྟེང་ན་བཞུགས་པ།། ཁྲི་ཀའི་ཤན་འབེན་གྱི་རྒྱལ་པོ་ཨ་མྱེས་ཡུལ་ལྷ།། [16]ཞེས་བསང་མཆོད་དུ་ཐོག་མར་རྒྱ་ནག་ཇི་ལྟར་གྲགས་པ་དང་། རྒྱ་བོད་ས་མཚམས་སུ་བཞུགས་ཤིང་ཁྲི་ཀའི་ཤན་འབེན་གྱི་རྒྱལ་པོ་ཨ་མྱེས་ཡུལ་ལྷ་ཞེས་འཁོད་འདུག དེ་བཞིན་བོད་ཀྱི་གཞི་བདག་དང་ཡུལ་མིའི་དབར་དུ་འབྲེལ་བ་ཤིན་ཏུ་ཟབ་མོ་ཞིག་ཡོད་པ་རྟོགས་ཐུབ་སྟེ། གཞི་བདག་མང་ཆེ་བ་འདས་སོང་གི་སྐྱེས་ཆེན་དམ་པ་མཚོན་པར་བྱེད་པའམ་ཁོང་ཚོའི་རྣམ་ཤེས་གནས་དེ་གར་སྐྱེས་བཞུགས་ཡོད་པའི་འདུ་ཤེས་འཛིན་སྟངས་ཤིག་ཡོད། དཔེར་ན་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་བྱང་རྒྱུད་དུ་གནས་པའི་གཞི་བདག་གཙོ་བོ་ལ་རྐང་ཚའི་ཨ་མྱེས་རྫ་དམར་དུ་འབོད་པ། མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་བྱ་ཁྱུང་རི་ལ་གནས་པའི་གཞི་བདག་ལ་ཨ་མྱེས་བྱ་ཁྱུང་དུ་འབོད་པ། ཨ་མྱེས་བ་ཡན། ཁམས་སྐྱེ་དགུའི་ཨ་མྱེས་ལྷ་ཆེན་སྐུ་རྒྱལ། བློན་པོ་གསེར་ཆེན། རྒྱལ་ཁབ་གསུམ་སྐབས་ཀྱི་ཝུན་ཁྲང་དུ་འབོད་པ་དེ་ཡིན་པས་མིང་ལའང་རྒྱ་སྐད་དུ་ཐུན་ཙི་འབོད་ཅིང་བོད་སྐབས་དུ་ཨ་མྱེས་ཡུལ་ལྷར་འབོད་པ་སོགས་ལས་ལྷ་དང་མིའི་དབར་གྱི་རིག་གནས་དང་ལོ་རྒྱུས་མང་པོ་ཞིག་གཏམ་རྒྱུད་དེ་དག་ལས་རྟོགས་ནུས།

ལར་ཡུལ་ལྷ་གཞི་བདག་ནི་སྔོན་ཆད་བྱུང་མྱོང་བའི་སྐྱེས་ཆེན་དམ་པ་རྣམས་མཚོན་པ་ཞིག་ཏུའང་སྣང་། གནས་རི་གཅིག་ལ་བན་བོན་གྱི་ལྷ་མི་འདྲ་བ་རེ་རེར་ངོས་འཛིན་བྱས་པའང་ཧ་ཅང་མང་། དེ་བས་ཡུལ་ལྷ་གཞི་བདག་བཅས་ནི་བོད་ཀྱི་ལོ་རྒྱུས། ཆོས་ལུགས། ཡུལ་སྲོལ་གོམས་གཤིས། རིགས་རུས་མཆེད་ཁུངས་ལ་སོགས་དང་འབྲེལ་བ་ངེས་ཅན་ཞིག་ཡོད། ལྷ་ཞེས་པའི་གོ་དོན་ནི་བླའམ་གོང་གི་དོན་ལ་འཇུག་པ་ཡིན། ཡུལ་ག་གེ་མོའི་གཙོ་བོར་བཀུར་བའི་ལྷ་ལ་ཡུལ་ལྷ་དང་། གཞི་གང་ཞིག་གི་བདག་པོར་འདོད་པའི་ལྷ་ལ་གཞི་བདག་ཟེར།[17] ཀླུ་ནི་ཆུ་ལ་གནས་པ་ཞིག་ཡིན་པར་འདོད་ལ་། གཉན་ཞེས་བྱ་བ་ནི་གངས་རི་དང་གཡའ་བྲག་དང་། རྩི་ཤིང་དང་ནགས་ཚལ་དང་། ས་གཞི་དང་ཆུ་ལ་སོགས་པར་གནས་པར་བཤད།[18]  བོན་གྱི་ཡིག་རྙིང་གྲགས་ཅན་སྲིད་པ་སྤྱི་སྐོང་བྱ་བའི་ནང་དུ་སྟེང་ན་ལྷ་དང་། བར་ན་གཉན། འོག་ཏུ་ཀླུ་ཡོད་པར་འཁོད།[19] ས་དཔྱད་རིན་ཆེན་ཀུན་འདུས་ལས། བྲག་དམར་བཙན་ལ་དམར་ནག་བདུད། གཡང་རི་ན་མཚོ་ཆུ་མིག་ཀླུ། སྤང་རི་ཕལ་ཆེར་གཉན་གྱི་རིགས། ཞེས་བྲག་དང་། རི་དང་། ན་དང་། མཚོ་དང་། ཆུ་མིག་དང་། སྤང་བཅས་སུ་གཉན་གྱིས་ཁྱབ་པར་བཤད་པས་བོད་མི་རྣམས་ཀྱིས་རི་ཆུ་འདི་དག་ལ་གནོད་པ་བྱེད་རྒྱུར་ཧ་ཅང་འཛེམས་ལ་དེ་ནི་ས་སྐྱེས་རྡོ་སྐྱེས་ལས་བྱུང་བའི་རི་ཆུའི་རིག་གནས་གལ་ཆེན་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད།

གངས་རི་དང་གཙང་པོ།

བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་གངས་རིས་བསྐོར་བའི་ཚུལ་བཤད་ཟིན་པས་འདི་བསྐྱར་ཟློས་མི་བྱེད། སྤྱིར་གངས་རི་དང་གཙང་བོ་དབར་གྱི་འབྲེལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ་སྲིད་པའི་འཁྱམས་རོམ་གྱིས་ཟིན་པའི་གངས་རི་དེ་དག་མེད་ན་བོད་ནས་འབབ་པའི་གཙང་བོ་དག་ཀྱང་ཡོད་མི་སྲིད། ལར་གཙང་པོ་རྣམས་ཀྱི་འབྱུང་ཁུངས་ནི་གངས་རི་དང་འཁྱགས་རོམ་ཡིན་ཞིང་ཡ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་འཚོ་གནས་བོད་ཀྱི་གཙང་པོ་དག་ལ་བརྟེན་ནས་ཡོད་པར་མ་ཟད། བོད་ཀྱི་གངས་རི་དང་གཙང་བོ་ལ་གནོད་སྐྱོན་ཐེབས་ན་ཡ་གླིང་གི་གནམ་གཤིས་ཚ་དྲོད་དང་ཁོར་ཡུག་འགྱུར་ལྡོག་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད། དེ་ཡང་གངས་རི་དང་འཁྱགས་རོམ་དེ་དག་ལས་འབབ་པའི་གཙང་བོ་གྲགས་ཅན་གང་མང་ཞིག་ཡོད། དཔེར་ན། སྟོད་ཀྱི་ཆུ་ཆེན་བཞིའམ་ཁ་འབབ་བཞི་སྟེ། སེང་གེ་ཁ་འབབ། གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ་བཅས་གངས་ཏི་སེའི་ཕྱོགས་བཞི་རུ་འབབ་པ་ཡིན། སྨད་མདོ་ཁམས་ཀྱི་ཆུ་ཆེན་བཞི་ནི། འབྲི་ཆུ། རྨ་ཆུ། རྫ་ཆུ། དངུལ་ཆུ་བཅས་ཡིན་ལ་གཙང་པོ་འདི་རྣམས་བོད་ཡུལ་ནས་ཐོན་ཏེ་རྒྱལ་ཁབ་མང་པོ་ཞིག་གི་འཚོ་རྟེན་དུ་གྱུར་ཡོད། ཡུལ་གྲུ་འདིར་ཨེ་ཤ་ཡའི་ཡུལ་ལུང་གི་གཙང་པོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན་ཞིང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཨེ་ཤ་ཡ་སྤྱིའི་གནམ་གཤིས་སྤྱི་ལ་ཤུགས་རྐྱེན་ཐེབས་ཚུལ་དེང་གི་ཚན་རིག་པ་རྣམས་ཀྱིས་བརྗོད་ཡོད། བོད་ཡུལ་གྱི་གནམ་གཤིས་འགྱུར་ལྡོག་དེ་ནི་གངས་རིའི་ཞུ་ཚད་མྱུར་བ་དང་གཙང་བོའི་བཞུར་རྒྱུན་ཆད་པ་སོགས་ལ་བརྟེན་ནས་འབྱུང་གིན་ཡོད། སྲིད་པའི་གངས་རི་དེ་དག་ཀྱང་ད་ལྟ་ལོ་རེ་ནས་ཞུ་ཚད་ཇེ་མགྱོགས་ཡིན་ལ་དེར་བརྟེན་བོད་ཀྱི་གཙང་པོ་རྣམས་ཀྱི་བཞུར་རྒྱུན་ཡང་དེ་ལ་རག་ལས་པ་ཡིན། དེ་བས་གོང་དུ་བརྗོད་ཟིན་པའི་གངས་རི་དང་ཆུ་བོ་རྣམས་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་དང་ཁོར་ཡུག་གི་དཀའ་ངལ་གང་མང་ཞིག་འཕྲད་བཞིན་ཡོད།

བོད་མདོ་དབུས་མཐོ་སྒང་གི་གཙང་བོ་རྣམས་ཀྱི་ས་ཁྲ།

གངས་རི་དང་། གནམ་གཤིས། ཁོར་ཡུག་བཅས་ཀྱི་འབྲེལ་བ།

བོད་ཀྱི་རི་ཆུའི་རིག་གནས་ལས་གངས་རི་དང་གཙང་བོ། རིག་གཞུང་དབར་གྱི་འབྲེལ་བ་ཐུན་མོང་མ་ཡིན་པ་དེ་རྟོགས་ཐུབ་ཅིང། རི་ཆུ་ནགས་གསུམ་ལ་གནོད་པ་མི་བྱེད་པའི་རིག་གནས་དེ་ལ་བརྟེན་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དགེ་མཚན་བླ་མེད་བྱུང་ཡོད། བོད་མིའི་བསམ་བློ་དང་རི་ཆུའི་བར་དུ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་མི་འོས་པའི་རིག་གནས་ཤིག་གྲུབ་ཡོད་ལ་གནའ་ནས་ད་ལྟ་བར་དུ་བོད་མི་རྣམས་ཀྱིས་རི་ཆུ་ནགས་ལ་སོགས་ཀྱི་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་གཉན་སོགས་མཆོད་ཅིང་ལུགས་སྲོལ་འདི་མ་ཉམས་པར་བྱས་ཡོད། དེར་བརྟེན་བོད་ཀྱི་གཙང་པོ་དག་དང་གཙང་པོའི་འབྱུང་ཁུངས་གངས་རི་དང་འཁྱམས་རོམ། གཡའ་རི། བྲག་རི། ནགས་རི། མཚོ་མོ་ལ་སོགས་སྦག་བཙོག་མ་བྱས་པར་ལྷག་ཡོད། མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ལས། གལ་ཏེ་སྲོག་འཕྲོག་པ་དང་། གཅོད་འབྲེག་བྱེད་པ། ས་རྐོ་བ། རྡོ་སློག་པ། སྦག་བཙོག་བྱེད་པ་སོགས་ཀྱི་ལས་ལ་ཞུགས་ཚེ་ལྷ་ཀླུ་གཉན་གསུམ་ཐུགས་ཁྲོས་ཏེ། མུ་གེ་སད་སེར་དང་། ནད་ཡམས་སྣ་ཚོགས་ཡོང་བར་བཤད་དེ། རི་ཆུ་ནགས་གསུམ་ལ་གནས་པའི་གཞི་བདག་དང་ཡུལ་ལྷ་ཐམས་ཅད་ལ་གནོད་པ་དང་ཕོག་ཐུག་གཏོང་མི་ཉན་པའི་ལྷ་སྒྲུང་དང་གསོལ་མཆོད་བསང་མཆོད་སྙན་མོ་རེ་བརྩམས་ཏེ་མཆོད་བཀུར་མཛད་ནས་རིམ་བཞིན་རི་ཆུའི་རིག་གནས་དར་བ་ཡིན།[20] ཞེས་བོད་པའི་ཡུལ་སྲོལ་གོམས་གཤིས་ནང་དུ་རི་ཆུ་ནགས་གསུམ་ལ་གནོད་པ་མི་བྱེད་པའི་རྒྱུ་མཚན་དྲངས་པ་དེ་ལས་མ་འདས། རི་ལ་གནས་པའི་གཞི་བདག་དང་། ཆུ་ལ་གནས་པའི་ཀླུ། བར་གྱི་ནགས་དང་བྲག་ལ་གནས་པའི་བཙན་དང་གཉན་སོགས་ལ་བཀུར་བ་ཡིན་པས་གདོང་དམར་བ་རྣམས་ཀྱིས་རི་ཆུ་ནགས་གསུམ་ལ་གནས་པའི་ལྷ་ཀླུ་གཉན་སོགས་མཆོད་དེ་སྐྱེ་ཁམས་ཁོར་ཡུག་ལ་དགེ་ཕན་ཆེས་ཆེར་བྱུང་ཡོད།  ལྷག་པར་དུ་རི་ཆུ་ནགས་བྲག་སོགས་ལ་གནས་པའི་ལྷ་ཀླུ་གཉན་བཅས་ལ་མཆོད་བཀུར་བྱེད་ཚུལ་རྣམ་པ་དུ་མ་ཞིག་བྱུང་ཡོད་དེ། བསང་དང་། གསུར། གཏེར་རྒྱག་པའི་ལུགས་སྲོལ་དག་ལས་ཤེས་ཐུབ།  རི་ཆུ་ལ་གནས་པའི་ལྷ་ཀླུ་གཉན་གསུམ་བཀུར་བ་དང་མཆོད་པར་བྱས་ཏེ། བསང་མཆོད་གསེར་སྐྱེམས་སོགས་ཀྱིས་བསྙེན་བཀུར་བྱེད་པ་ཡིན་ཕྱིར་སྐྱེ་ཁམས་ཁོར་ཡུག་ལ་དགེ་མཚན་བྱུང་བ་ཤུགས་ཀྱིས་རྟོགས་ཐུབ། བསང་གཏོང་དགོས་པའི་རྒྱུ་མཚན་ནི་སྟེང་གི་ལྷ་བསང་བར་བྱ་བ་དང་། འོག་གི་ཀླུ་ཡང་བསང་བར་བྱ་བ། བར་གྱི་གཉན་ཡང་བསང་བྱ་བ་སྟེ། ནག་ནོག་གི་དྲི་མ་སོགས་དག་པའི་དོན་ཡིན་པས་རི་ལ་གནས་པའི་གཞི་བདག་དང་ཆུ་ལ་གནས་པའི་ཀླུ་སོགས་མཆོད་བཀུར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་དགེ་མཚན་བླ་མེད་བསྒྲུབས་ཡོད་པར་མངོན། དེང་སང་གི་དུས་ད་དུང་ཡང་བོད་མི་རྣམས་ཀྱིས་རི་ཆུ་ནགས་གསུམ་ལ་ལྷ་ཀླུ་གཉན་གསུམ་གནས་ཡོད་པར་ཆ་འཇོག་བྱེད་པས་ས་རྐོ་བ་དང་ཤིང་གཅོད་པ། རྡོ་བཤིག་པ་སོགས་མི་བྱེད་ཅིང་ཁོར་ཡུག་ལ་གནོད་པའི་ལས་ཕལ་ཆེར་མི་རྩོམ་པར་སྣང་། དེ་བཞིན་ཆུ་མིག་དང་ཆུ་ཀླུང་། ན་ཆུ། མཚོ་ལ་ཀླུ་ཡོད་པས་སྦག་བཙོག་མི་བྱེད་པར་ཆུ་ལ་ཆུ་གཏེར། ས་ལ་ས་གཏེར། མཚོ་ལ་མཚོ་གཏེར་སོགས་སྒྲུབ་པའི་སྲོལ་ངོ་མཚར་བ་ཞིག་ཡོད། བོད་པའི་ཁ་རྒྱུན་དུའང་། རི་དང་ཉེ་ན་རི་ལྷ་མཆོད། མཚོ་དང་ཉེ་ན་མཚོ་ལྷ་མཆོད། ཆུ་དང་ཉེ་ན་ཆུ་ལྷ་མཆོད།[21] ཅེས་པ་ལས་མཚོན་ཐུབ་པ་ཡིན། དེ་བཞིན་བོན་གྱི་ཡིག་ཆ་ལས་ཀྱང་། དུ་བ་གནམས་དུ་སོང་བ་ཡིས།། ནམ་མཁའ་གང་བའི་ལྷ་རྣམས་བསང་།། ལྷ་ལ་གྲིབ་ཀྱིས་ཕོག་པ་ཀུན།། དེ་རིང་ཉིད་ནས་སངས་གྱུར་ཅིག ། མེ་སྟག་བར་སྣང་འཕྲོ་བ་ཡིས།། བར་སྣང་གང་བའི་གཉན་རྣམས་བསང་།། གཉན་ལ་གྲིབ་ཀྱིས་ཕོག་པ་ཀུན།། དེ་རིང་ཉིད་ནས་སངས་གྱུར་ཅིག ། མེ་ལྕེ་ས་ལ་འཁྱིལ་བ་ཡིས།། ས་གཞི་གང་བའི་ཀླུ་རྣམས་བསང་།། ཀླུ་ལ་གྲིབ་ཀྱིས་ཕོག་པ་ཀུན།། དེ་རིང་ཉིད་ནས་སངས་གྱུར་ཅིག །[22]ཞེས་བསང་གསོལ་བཏང་ནས་ལྷ་ཀླུ་གཉན་སོགས་གྲིབ་ཀྱིས་ཕོག་པ་དག་གཙང་མའམ་དག་པར་བྱེད་པའི་སྐོར་ཡིད་དུ་འོང་བ་ཞིག་བཀོད་འདུག ལྷ་ཀླུ་གཉན་གསུམ་བཞུགས་སའི་གནས་སུ་གནོད་པ་མི་བྱེད་ཅིང་། དེ་དག་ལ་མཆོད་བཀུར་བྱས་ན་འབྱུང་བཞིའི་གནོད་པ་སོགས་མི་ཡོང་བའི་ཡིད་ཆེས་ཤིག་ཀྱང་ཡིན། ཐ་ན་ཆུ་མིག་དང་མཚོ་བྱིན་ཅན་དག་ཏུ་གདོང་དང་རྐང་ལག་བཀྲུ་བ་སོགས་ཀྱང་འཛེམས། གནས་རི་བླ་རི་བཅས་ཀྱི་སྟེང་དུ་ས་རྐོ་རྡོ་སློག་བྱེད་པར་འཛེམས། ནགས་ཚལ་དང་བྲག་སྐྱེས་ལྗོན་པ་དག་གང་འདོད་དུ་གཏུབ་གཅོད་བྱེད་པར་འཛེམས། མི་སུ་ཞིག་གིས་དེ་འདྲའི་ལས་བགྱིས་ན་རྐང་ལག་ཞ་བ་དང་དབང་པོ་ཡན་ལག་སོགས་འགྲིབ་པའི་རྣམ་སྨིན་འབྱུང་བའི་བཤད་སྲོལ་མཆིས་ལ།  ལྷག་པར་དུ་བོད་མི་རྣམས་ཀྱིས་དོན་མེད་དུ་རི་བྲག་ཆུ་ཀླུང་ལ་སོགས་གཏོར་བཤིག་དང་སྦག་བཙོག་མི་བྱེད་པས་བོད་མདོ་དབུས་མཐོ་སྒང་འདི་མི་ལོ་སྟོང་ཕྲག་རིང་ཁོར་ཡུག་གི་དཀའ་ངལ་འཕྲད་པའི་ལོ་རྒྱུས་མེད། གཞན་ཡང་བོད་ཀྱི་ཁྲིམས་ཡིག་ཏུའང་རི་ཆུ་ལ་གནོད་སྐྱོན་མི་འབྱུང་བའི་ཁྲིམས་ཡོད་དེ། ཁྱད་པར་དུ་ཕག་གྲུའི་སྐབས་སུ་<<བཀའ་ཡིག་ནོར་བུའི་བང་མཛོད་>>ལས། རང་རེའི་ས་ཆ་དབང་རིགས་ཐམས་ཅད་། སྐྱེ་ཤིང་ལྕང་མ་སྐྱེ་ངེས་འབུམ་ཕྲག་གཉིས་རེ། ལོ་རེ་བཞིན་དམ་བཅའ་བྱས་ནས་འཛུགས་དགོས་ཤིང་། ལྕིང་ཁྲིམས་པ་བསྐོས་ནས་རྩིས་ལེན་པ་དང་། ཁུན་ཐར་བྱེད་དགོས། འདིའི་ཡོན་ཏན་སྡེ་ལྷ་ཁང་གསོ་བ་དང་། ལྷ་སྡེ་མི་སྡེའི་ཁང་པ་ཞིག་རལ་ལ་སོང་བ་གསོ་བ། གྲུ་ཤན་གསོ་བ་སོགས་མི་བྱེད་པའི་ཐབས་མེད་པས་མི་འཛད་པའི་གཏེར། ས་ས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། སྐྱེ་ཤིང་འཛུགས་པའི་དོ་དམ་བྱེད་དགོས། ཡུལ་དང་ལུང་པ་ཐམས་ཅད་སྐྱེ་ཤིང་ངན་དུ་སོང་འདུག་པས། བསྙལ་མ་བྱེད་པ་རྣམས་ཀྱང་། ནམ་ཟླའི་དུས་དང་བསྟུན་ནས། ཤིང་ལ་རྩ་སྙོགས་མ་བྱེད། ཟོར་བ་དང་ལག་ཆ་རྣོན་པོས་མཚམས་སུ་བཅད་ལ། བཅད་པའི་ཤུལ་དེར་ཤིང་སྐྱེ་བའི་ཐབས་བྱེད་དགོས།ཞེས་འཁོད་པ་ཇི་བཞིན་བོད་ཀྱི་སྲིད་དབང་ཕྱི་མ་སྡེ་བ་གཙང་པ་དང་དགའ་ལྡན་ཕོ་བྲང་གིས་ལུགས་དེ་རྒྱུད་འཛིན་བྱས་ཡོད་པར་མངོན། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ལ་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་བྱེད་དགོས་ཚུལ་གྱི་དྲིལ་བསྒྲགས་མང་དུ་བྱེད་ཀྱིན་ཡོད་ཀྱང་། སྔོན་ཆད་རྒྱལ་ཁབ་ཅིག་གི་ཁྲིམས་ཡིག་ནང་དུ་རི་རྒྱ་ཀླུང་རྒྱ་བསྡམས་པའི་ཁྲིམས་གཏན་འབེབས་བྱས་ཤིང་། ལག་ལེན་དུ་བཏབ་པ་འདིས་སྤོབས་པར་འོས་པ་ཞིག་ཏུ་སེམས།  གནའ་ནས་ད་ལྟ་བར་དུ་བོད་དང་སྐྱེ་ཁམས་ཁོར་ཡུག་དབར་དུ་དེ་ལྟ་བུའི་བསམ་བློ་ཞིག་གྲུབ་ཡོད།  དེང་སང་སྔོ་ལྗང་གི་སྤང་ས་བྱེ་ཐང་དུ་འགྱུར་བ་དང་ཆུ་བོ་ཆེན་པོ་དག་གི་བཞུར་རྒྱུན་ཆད་ཅིང་སྐམ་པ། གངས་རིའི་འཁྱགས་རོམ་དག་ལོ་རེར་ཞུ་ཚད་མགྱོགས་པ་བཅས་ལ་བརྟེན་ནས་སྤྱིར་ཡ་གླིང་དང་། ཁྱད་པར་བོད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཉེན་བརྡ་གང་མང་ཞིག་བཏང་ཡོད།

བོད་ཡུལ་དུ་ཁ་བའི་རྡུལ་གྱིས་བརྩེགས་པའི་གངས་རི་དང་སྣུམ་ཚོན་རི་མོ་ལྟ་བུའི་སྤང་ལྗོངས། ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཚལ། ས་ཆེན་འཕྲེང་དུ་གཤག་པའི་ཆུ་བོ་བཅས་རང་བྱུང་ཁོར་ཡུག་ལྟ་ན་སྡུག་པས་རབ་ཏུ་བརྒྱན་པའི་ཡུལ་ལྗོངས་འདིར་སྔོན་ཆད་ནས་ད་ལྟ་བར་དུ་བོད་མི་རིགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་བྱས་པ་དང་གཏོར་བཤིག་བཏང་བའི་ལོ་རྒྱུས་དེ་ཙམ་མེད། བོད་ཀྱི་རིག་གཞུང་གིས་ཁོར་ཡུག་ལ་ཕན་པའི་བྱ་བྱེད་མང་དུ་མཐོང་སྟེ། བོད་མི་རྣམས་ཀྱིས་གངས་རི། རྫ་རི། བྲག་རི། མཚོ་མོ། ཆུ་ཀླུང་། ཆུ་མིག་སོགས་ལ་ལྷ་ཀླུ་གཉན་བཙན་སོགས་ཡོད་པར་བཤད་པས་ལབ་ཙེ་བསྟོད་པ་དང་དར་ལྕོག་འཛུགས་པ། མ་ཎི་རྡེའུ་འབུམ་བརྩིགས་པའི་ལུགས་སྲོལ་གནའ་སྔ་མོ་ནས་ཡོད། དེར་བརྟེན་ང་ཚོས་སྔོན་ཆད་ཀྱི་རིག་གནས་ཤུལ་བཞག་ལས་སྦྱོང་དགོས་པ་མང་པོ་ཞིག་ཡོད་པ་གདོན་མི་ཟའོ།།

མཇུག་བསྡོམས།

བོད་མདོ་དབུས་མཐོ་སྒང་ནི་འཛམ་གླིང་མཐོ་སྒང་དང་ཡ་གླིང་དུ་འབབ་པའི་གཙང་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན། ཡུལ་གྲུ་འདིའི་གངས་རི་དང་གཙང་བོ། ལྷ་སྒྲུང་། རིག་གནས། གནམ་གཤིས། ཁོར་ཡུག་སོགས་ཀྱི་འབྲེལ་བ་མདོ་ཙམ་གླེང་ཟིན་ལ། དེ་བས་བོད་ཀྱི་གངས་རི་དག་གཙང་བོའི་འབྱུང་ཁུངས་ཡིན་པ་དང་། ཁ་འབབ་བཞི་དང་། མདོ་ཁམས་ཀྱི་ཆུ་བོ་ཆེན་པོ་རྨ་ཆུ། འབྲི་ཆུ། རྫ་ཆུ། དངུལ་ཆུ། རྒྱལ་མོའི་རྔུལ་ཆུ་ལ་སོགས་ཀྱི་བཞུར་རྒྱུན་ཁྲོད་ན་མི་མང་འབུམ་ཕྲག་མང་པོ་བརྟེན་ནས་ཡོད་པས་བོད་ཀྱི་གཙང་བོའི་དགེ་མཚན་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། དེའི་དབང་གིས་བོད་ཀྱི་གངས་རི་ལ་གནད་སྐྱོན་བྱུང་ན་གཙང་བོའི་བཞུར་རྒྱུན་གནོད་པ་ཐེབས་ཤིང་། གཙང་བོ་ལ་གནོད་སྐྱོན་ཤོར་ན་རྒྱལ་ཁབ་མང་པོའི་དཔལ་འབྱོར་དང་། འཚོ་གནས་སོགས་ལ་བརྡབ་གསིག་འགྲོ་བ་ཡིན། མདོ་དྲིལ་ན། རི་ཆུ་དང་མི་གཉིས་ཀྱང་ཕན་ཚུན་ལ་ལྟོས་ནས་ཡོད་དེ། ཡ་གླིང་མི་རིགས་མང་པོ་བོད་ཀྱི་གཙང་བོ་ལ་ལྟོས་པ་བཞིན་བོད་ཀྱི་གཙང་བོའི་འབྱུང་ཁུངས་གངས་རི་དང་འཁྱགས་རོམ་དག་ཀྱང་མིའི་བྱ་བྱེད་ལ་ལྟོས་པ་ཡིན། ནགས་ཚལ་བཏུབ་གཅོད་བྱེད་པ་དང་། ལྗང་མདོག་ཅན་བྱེ་ཐང་དུ་སྒྱུར་བ་དང་། གཙང་བོའི་རྒྱུད་དུ་ཆུ་མཛོད་རྒྱག་པ་སོགས་ལ་བརྟེན་ནས་སའི་གོ་ལའི་ཚ་དྲོད་རྒྱས་ཏེ་སྲིད་པའི་གངས་རི་དག་ཀྱང་ཞུ་བར་མ་ཟད་གཙང་བོ་དག་སྐམ་འགྲོ་བ་ང་ཚོའི་མིག་གི་མཐོང་ཆོས་སུ་གྱུར་བའི་གནམ་གཤིས། ཁོར་ཡུག་སོགས་ཀྱི་སྐོར་ཆེ་ལོང་ཙམ་ཞིག་གླེང་བ་དགེའོ།།

ཁུངས་བཅོལ་ཡིག་ཆ།

མཁར་རྨེའུ་བསམ་གཏན་དང་ན་ག་ནོ། ཁུ་བྱུག་སྔོན་མོའི་གསུང་སྙན། ཨོ་ས་ཁ་རྒྱལ་ཡོངས་འགྲེམས་སྟོན་ཁང་། སྤྱི་ལོ། ༢༠༠༢

ལྕམ་རིག་སྲས། ཡུལ་མདོ་སྨད་ཀྱི་སྲིད་པ་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ། ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༡ 

སྨད་པ་དཀོན་མཆོག་སྐྱབས། མདོ་སྨད་ཞིབ་འཇུག ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་། བོད་ཀྱི་རི་ལྷའི་སྐོར་རགས་ཙམ་གླེང་པ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༥ 

བླ་བྲང་སྐལ་བཟང་། བོད་སྐྱོང་སྲུང་མ་ཁག་གི་ལོ་རྒྱུས། སྤྱི་ལོ། ༡༩༩༦

འབལ་གཞུང་ཁྱུང་ཐར་རྒྱལ། བོད་ཀྱི་ལྷ་སྒྲུང་སྐོར་གླེང་བའི་གཏམ་སྣང་སྲིད་སེམས་ཀྱི་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༠ སྒ་རུ་བཀྲ་ཤིས་དོན་གྲུབ། རྨ་རྒྱལ་དཔང་བསྟོད། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༦ 

ཤར་ཡུལ་ཕུན་ཚོགས་ཚེ་རིང་། བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ་བློ་གསལ་ལྡེའུ་མིག སྤྱི་ལོ། ༢༠༡༢ 

མཁར་རྨེའུ་བསམ་གཏན། མདའ་དང་འཕང་། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༠

དཀོན་མཆོག་སྐྱབས། རྨ་ལྷོ་སོག་ཤོག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས། གཙང་ཨ་རིག་གི་ལོ་རྒྱུས། པོད་བཞི་པ། ༢༠༠༩ 

སྟག་རིག་རྟ་མགྲིན་རྒྱལ། ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༦ 

སྨད་པ་དཀོན་མཆོག་སྐྱབས། མདོ་སྨད་ཞིབ་འཇུག ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་། བོད་ཀྱི་རི་ལྷའི་སྐོར་རགས་ཙམ་གླེང་པ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། 

འབལ་གཞུང་ཁྱུང་ཐར་རྒྱལ། བོད་ཀྱི་ལྷ་སྒྲུང་སྐོར་གླེང་བའི་གཏམ་སྣང་སྲིད་སེམས་ཀྱི་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༠ 

བསོད་ནམས་ཆོས་རྒྱལ། ཁུ་བྱུག་སྔོན་མོའི་སྒྲ་དབྱངས། སྲིད་པ་སྤྱི་སྐོང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༧ 

འཇམ་དབྱངས་དར་རྒྱས།  མཚོ་བོ་མཐོ་སྒང་གི་རི་ཆུའི་རིག་གནས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༦ 

ནམ་མཁའི་ནོར་བུ། ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ། པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༥

སྐལ་བཟང་དོན་གྲུབ། རྒྱལ་སྤྱིའི་བོད་ཀྱི་ཞབས་ཞུ་ལྟེ་གནས་ཁང་། བོད་ཀྱི་གནས་ཚུལ་རགས་བསྡུས། སྤྱི་ལོ། ༢༠༡༡ 

Mckay, Alex.Kailas Histories, Library of Congress Catalogue, 2015

CTA, The Impacts of Climate Change on the Tibetan Plateau: A Synthesis of Recent Science and Tibetan Research, Environment and Development Desk, DIIR, 2009.

Mahapatra, S.K, Ratha, K.C.Ratha. Water Utility Journal, ‘Brahmaputra River: A bone of contention between India and China’, E.W.Pulication, 2016.

Bo Li et la, The “Last Report” On China’s Rivers, English Translation, 2014

Barnett, Robbie.Essential Environmental Materials on Tibet,”Notes on Environmentan Crisis in Tibet”, International Campaign for Tibet, 1990.pp.

Harari, Yuval N, Sapiens: A Brief History of Humankind, Library and Archives Canada Cataloguing in Publication, 2014


[1]Barnett, Robbie.Essential Environmental Materials on Tibet,”Notes on Environmentan Crisis in Tibet”, International Campaign for Tibet, 1990.pp. 3-4

[2]འབྲི་གུང་སྐྱབས་མགོན་ཆེ་ཚང་།  བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། སྤྱི་ལོ།  ཤོག་གྲངས། ༦༠༥ 

[3]

[4] བྲག་མགོན་པ་བསྟན་པ་རབ་རྒྱས། དེབ་ཐེར་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༡༩༨༢

[5]  Harari, Yuval N, Sapiens: A Brief History of Humankind, Library and Archives Canada Cataloguing in Publication, 2014

[6] མཁར་རྨེའུ་བསམ་གཏན་དང་ན་ག་ནོ། ཁུ་བྱུག་སྔོན་མོའི་གསུང་སྙན། ཨོ་ས་ཁ་རྒྱལ་ཡོངས་འགྲེམས་སྟོན་ཁང་། སྤྱི་ལོ། ༢༠༠༢ ཤོག ༢༠༣

[7] ལྕམ་རིག་སྲས། ཡུལ་མདོ་སྨད་ཀྱི་སྲིད་པ་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ། ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༡ ཤོག ༣

[8]སྨད་པ་དཀོན་མཆོག་སྐྱབས། མདོ་སྨད་ཞིབ་འཇུག ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་། བོད་ཀྱི་རི་ལྷའི་སྐོར་རགས་ཙམ་གླེང་པ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༥ ཤོག ༡༩༦ 

[9]ལྕམ་རིག་སྲས། ཡུལ་མདོ་སྨད་ཀྱི་སྲིད་པ་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ། ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༡ ཤོག ༤

[10] བླ་བྲང་སྐལ་བཟང་། བོད་སྐྱོང་སྲུང་མ་ཁག་གི་ལོ་རྒྱུས། སྤྱི་ལོ། ༡༩༩༦ ཤོག་གྲངས། ༡༢༨

[11]འབལ་གཞུང་ཁྱུང་ཐར་རྒྱལ། བོད་ཀྱི་ལྷ་སྒྲུང་སྐོར་གླེང་བའི་གཏམ་སྣང་སྲིད་སེམས་ཀྱི་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༠ ཤོག་གྲངས། ༡༡ “པུ་དེ་གུང་རྒྱལ། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། སྒྱོགས་ཆེན་ལྡོང་ར། སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུགས་པོ། ཇོ་བོ་གཡུལ་རྒྱལ། ཤེའུ་ཁ་རག་རྣམས་སྲིད་པ་ཆགས་པའི་ལྷ་དགུ་སྟེ་ལོ་རྒྱུས་ཧ་ཅང་རིང་བར་འདོད།”

[12]  སྒ་རུ་བཀྲ་ཤིས་དོན་གྲུབ། རྨ་རྒྱལ་དཔང་བསྟོད། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༦ ཤོག་གྲངས། ༡༥

[13] ཤར་ཡུལ་ཕུན་ཚོགས་ཚེ་རིང་། བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ་བློ་གསལ་ལྡེའུ་མིག སྤྱི་ལོ། ༢༠༡༢ ཤོག ༦༡

[14] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༠ ཤོག ༣༢༦

[15] དཀོན་མཆོག་སྐྱབས། རྨ་ལྷོ་སོག་ཤོག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས། གཙང་ཨ་རིག་གི་ལོ་རྒྱུས། པོད་བཞི་པ། ༢༠༠༩ ཤོག་གྲངས། ༡༦ 

[16] སྟག་རིག་རྟ་མགྲིན་རྒྱལ། ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༦ ཤོག ༡༦༤ 

[17] སྨད་པ་དཀོན་མཆོག་སྐྱབས། མདོ་སྨད་ཞིབ་འཇུག ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་། བོད་ཀྱི་རི་ལྷའི་སྐོར་རགས་ཙམ་གླེང་པ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༥ ཤོག ༡༩༡

[18] འབལ་གཞུང་ཁྱུང་ཐར་རྒྱལ། བོད་ཀྱི་ལྷ་སྒྲུང་སྐོར་གླེང་བའི་གཏམ་སྣང་སྲིད་སེམས་ཀྱི་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༠ ཤོག་གྲངས། ༥༧

[19]བསོད་ནམས་ཆོས་རྒྱལ། ཁུ་བྱུག་སྔོན་མོའི་སྒྲ་དབྱངས། སྲིད་པ་སྤྱི་སྐོང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༧ ཤོག ༩༣

[20]  འཇམ་དབྱངས་དར་རྒྱས།  མཚོ་བོ་མཐོ་སྒང་གི་རི་ཆུའི་རིག་གནས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༦ ཤོག་གྲངས། ༤

[21]  སྨད་པ་དཀོན་མཆོག་སྐྱབས།མདོ་སྨད་ཞིབ་འཇུག ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་། བོད་ཀྱི་རི་ལྷའི་སྐོར་རགས་ཙམ་གླེང་པ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༥ ཤོག ༡༩༦

[22] ནམ་མཁའི་ནོར་བུ། ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ། པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༡༥ ཤོག་གྲངས། ༡༣༧ ནས ༡༣༨