བྱ་སྨྱོན་པ།
གངས་རི་དང་གནམ་གཤིས་གཉིས་ཀྱི་འབྲེལ་བ་བཤད་པ་ལ། ཐོག་མར་བོད་རང་གི་གངས་རིའི་གནས་སྟངས་དང་གངས་རིའི་ཕན་གནོད་སོགས་ལ་རྒྱུས་ཡོད་དགོས་པ། གཉིས་ནས་གངས་རི་དང་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཁོར་ཡུག་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱིན་ཡོད་མེད། སྤྱི་ཚོགས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱིན་ཡོད་མེད། དེ་དག་གི་ནང་འཚོ་བའི་ཐོན་ཁུངས་སོགས་ཀྱང་ཐེ་ཡོད།
གསུམ་ནས་ཕན་གནོད་དེ་དག་ལ་བརྟེན་ནས་མ་འོངས་པར་སྲུང་སྐྱོབ་ཀྱི་ནུས་པ་ཅི་ཞིག་གདོན་ཐུབ་མིན་ལ་སོགས་དོན་ཚན་གསུམ་གྱི་ཐོག་ནས་བཤད་ན་ཧ་ཅང་འོས་པར་མཐོང་ངོ་། རྒྱུ་མཚན་ཅི་ཞིག་གི་ཆེད་དུ་བོད་ཀྱི་གངས་རི་གླེང་དགོས་དོན་ནི། བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་གཅིག བོད་ཀྱི་གངས་རི་ནི་ཨེ་ཤ་ཡའི་ཆུ་ཡི་ཐོན་ཁུངས་གཙོ་བོ་དང་མི་ཕྱུགས་སེམས་ཅན་གྱི་འཚོ་རྟེན་གལ་ཆེན་ཡིན་པ་དང་གཉིས། བོད་ཡུལ་ནི་ས་མཐོ་ཡིན་པ་དང་། གནམ་གཤིས་དང་མཁའ་དབུགས་གཙང་མར་གནས་ཡོད་པ་དང་གསུམ་བཅས་ཀྱི་ཐོག་ནས་གླེང་རིན་ཆེན་པོ་ལྡན་ཡོད་སྙམ།
ང་ཚོར་བོད་གངས་ཅན་ལྗོངས་ཟེར་དགོས་དོན་ཡང་གངས་རི་ར་བས་བསྐོར་བ་ལ་བརྟེན་ནས་མིང་འདི་ཐོགས་པ་ཡིན་ལ། དེའི་ཕྱི་སྣོད་དང་ནང་བཅུད་ཀྱི་བཀོད་པ་དྭངས་གཙང་ཞིག་ཡོད་པ་མཚོན་ཡོད། བོད་ལ་སྲིད་པའི་གངས་རི་གནམ་གྱི་ཀ་བ་ལྟ་བུ་ཧ་ཅང་མང་ལ་དེའི་ནང་ཇོ་མོ་གླང་མ་ནི་འཛམ་གླིང་ཐོག་ཆེས་མཐོ་བའི་གངས་རི་ཡིན། སྤྱིར་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་གངས་རི་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། སྐབས་རེར་གངས་རི་ལ་བརྟེན་ནས་ཡུལ་དེའི་ཁོར་ཡུག་དང་ནམ་དུས་ལ་འགྱུར་བ་ཐེབས་པའང་ཡོད། མདོར་ན་གངས་རི་ནི་སའི་བཅུད་དང་ཁོར་ཡུག་གི་འགག་རྩ་ལྟ་བུ་ཡིན་པས། གནམ་གཤིས་དང་གངས་རི་ནི་གཅིག་ལ་གཅིག་རྟེན་གྱིས་གནས་པའི་ཆུ་དང་ཉ་ལྟ་བུ་ཡིན་པས་གནས་ལུགས་འདི་ཤེས་དགོས་པ་ཡིན།
གངས་རིའི་ཕན་གནོད་ཅི་ཞིག་ཡིན་ནམ།
གངས་རི་ནི་རྩི་ཤིང་དང་ཆུ་བོ། ནགས་ཚལ། མཁའ་དབུགས་བཅས་ལ་གཙང་བཟོ་བྱེད་མཁན་ཞིག་ཆགས་ཡོད། གངས་རི་ནི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ཁྲོད་བོད་མི་རིགས་རང་ཉིད་ལ་སྡོངས་གྲོགས་དང་དཔུང་གཉེན་མཛད་མཁན་གྱི་ལྷའི་ཕོ་བྲང་ལ་ངོས་འཛིན་བྱེད་སྲོལ་ཡོད། དཔེར་ན། བོད་ཀྱི་གཉན་ཆེན་ཐང་ལྷ་དང་རྨ་ཆེན་སྦོམ་ར་སོགས་ཡུལ་ལྷ་གཞི་བདག་མང་པོ་ཞིག་གངས་རི་དང་འབྲེལ་ནས་ཡོད་ལ། གངས་རི་དེ་དག་ནི་ཁོ་ཚོའི་ཁང་ཁྱིམ་མམ་གནས་སའི་གཞི་ལྟ་བུ་ཆགས་ཡོད། དེར་༸གོང་ས་མཆོག་གིས། ཨ་མདོ་ཁུལ་དུ་ཡོད་པའི་ཨ་མྱེས་རྨ་ཆེན་གངས་རི་ནི་རྨ་ཆེན་སྦོམ་རའི་བསྟི་གནས་སུ་འདོད་ལ། རྨ་ཆེན་སྦོམ་ར་ནི་ང་རང་སྐྱེས་ཡུལ་ཨ་མདོ་ས་ཁུལ་གྱི་ཡུལ་ལྷ་གཞི་བདག་རྩ་ཆེན་མང་པོའི་ཁྲོད་ཀྱི་གཅིག་ཡིན། ཨ་མདོ་བ་རྣམས་ཀྱིས་རྨ་ཆེན་སྦོམ་ར་ནི་རང་ཉིད་ཀྱི་སྡོངས་གྲོགས་དམ་པར་བརྩིས་ནས་ལོ་ལྟར་མཇལ་བ་སྟོང་ཕྲག་མང་པོ་རྩ་ཆའི་གངས་རི་དེར་འདུས་ནས་གནས་མཇལ་ཞུ་བ་ཡིན། ཞེས་གསུངས་པ་ཇི་བཞིན་གངས་རི་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་སོགས་ད་དུང་མ་ཉམས་པར་རྒྱུན་མཐུད་ནས་ཡོང་ཡོད། འོ་ན་གངས་རིའི་ཕན་གནོད་དེས་ང་ཚོ་འགྲོ་བ་མི་དང་བཅས་པར་ཤུགས་རྐྱེན་དང་འབྲེལ་བ་ཅི་ཞིག་ཡོད་མེད་ལ་བལྟ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པས། ཕན་པའི་ཆ་ནས་ང་ཚོ་མུ་མཐུད་འཇིག་རྟེན་སྟེང་ཡུན་རིང་འཚོ་གནས་ཐུབ་པ་དང་། གནོད་པའི་ཆ་ནས་སའི་བཅུད་ཤོར་བ་དང་འབྱུང་ཁམས་དོ་མ་མཉམ་པར། ས་འགུལ་དང་ཆུ་ལོག ཐན་པ། རླུང་འཚུབ། ནད་ཡམས་སོགས་ཀྱིས་བར་དུ་བཅད་ནས་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་ང་ཚོའི་མི་ཐོག་འདི་དང་མི་ཐོག་རྗེས་མར་སྤྲོད་རྒྱུ་ཡིན་པ་ནི་གཏན་འཁེལ་བ་རེད། མདོར་ན་གངས་རི་ནི་འགྲོ་བ་མི་གཙོ་བོར་གྱུར་བའི་སེམས་ཅན་གྲངས་མེད་ཀྱི་འཚོ་བའི་མགོ་ཁུངས་ལྟ་བུ་ཆགས་ཡོད། འཚོ་བའི་ཁྲོད་དུ་གངས་རི་ནི་བརྗིད་ཆགས་ཤིང་ཡིད་དུ་འོང་བ་དང་། གངས་རིའི་གཟི་བྱིན་ནི་བོད་མི་ཞིག་ལ་མཚོན་ན་དེ་ལས་ཀྱང་ཕ་ཡུལ་དྲན་བྱེད་དམ། ཡང་ན་ཕ་ཡུལ་མཚོན་བྱེད་ཀྱི་ལས་རྟགས་(logo)ལྟ་བུ་ཆགས་ཡོད།
ང་ཚོས་གངས་རི་ཐེ་བའི་རང་བྱུང་ཁམས་ཀྱི་བྱེད་ནུས་དང་ཐ་ན་ཁ་བ་འབབ་སྟངས་ཚུན་ལ་སློབ་སྦྱོང་དང་དོ་སྣང་སྤྲོད་དང་། རང་བྱུང་ཁམས་ཟེར་བ་རང་བདག་རང་གཅེས་དང་། ཡང་ན་། རང་འགུལ་ནུས་སྤུངས་བྱེད་མཁན་གྱི་ཚན་རིག་པ་ཞིག་རེད་ཟེར་ནའང་ཡིན་ཆོག་ཆོག་རེད། ༸གོང་ས་མཆོག་གིས་གཞན་ལ་ཕན་མ་ཐོགས་ཀྱང་གནོད་སྐྱེལ་མི་རུང་གསུངས་པ་ལྟར་ང་ཚོས་རང་བྱུང་ཁམས་ལ་ཕན་ཐོགས་སྒྲུབ་མ་ཐུབ་ཀྱང་། གཏོར་སྐྱོན་དང་འཚེ་བ་སྤོངས་དགོས་པ་ནི་དབང་ཡོད་ཚོས་ངེས་པར་དུ་ཤེས་དགོས་པ་རེད། དེང་སང་དཔལ་འབྱོར་གྱིས་དབང་དུ་སོང་ནས་ཕྱོགས་གང་སར་ཐོན་སྐྱེད་རྗེས་ཤུལ་གྱི་གད་སྙིགས་གིས་ཁེངས་ཡོད། དེ་བཞིན་མཚོ་དང་མཚེའུ་གཙང་པོ་སོགས་ནི་གངས་རིའི་ཐོན་ཁོངས་སམ་གངས་རི་ལས་འོངས་པ་ཡིན་ལ། མཚོ་དང་མཚེའུ་གཙང་པོ་སོགས་དང་འབྲེལ་ནས་སྐྱེ་དངོས་དང་། སྲོག་ཆགས་དུ་མ་འཚོ་གནས་བྱེད་བཞིན་ཡོད་པ་ནི་རྟེན་འབྲེལ་ཀྱི་ཆོས་ཉིད་ཅིག་ཆགས་ཡོད། གལ་སྲིད་གངས་རི་ལ་འགྱུར་བ་བྱུང་སྟེ་ཚ་དྲོད་རྒྱས་ན་དེ་འབྲེལ་གྱི་མཚོ་དང་མཚེའུ། གཙང་པོ། སྐྱེ་དངོས། སེམས་ཅན་སོགས་མང་པོ་མུ་མཐུད་གནས་ཐབས་མེད་པ་དང་། ཁོར་ཡུག་གི་རྣམ་པ་འགྱུར་ཏེ་འབྱུང་ཁམས་འཁྲུག་གཞི་གཙོ་བོར་གྱུར་བར་གདོན་མི་ཟ། ༸གོང་ས་མཆོག་གིས། བོད་ཀྱི་གངས་རིའི་ལྷུན་པོ་དེ་དག་ནི་བོད་གངས་ཅན་ལྗོངས་ཀྱི་དཔལ་འབྱོར་ཐད་ཀྱང་མེད་དུ་མི་རུང་བ་ཞིག་ཡིན། དེས་བས་གལ་ཆེ་བ་ནི། བོད་ཀྱི་སྲིད་པའི་གངས་རི་ཆེན་པོ་འདི་རྣམས་ཨེ་ཤ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན། ཉེ་སྔོན་རྒྱ་གར་དང་རྒྱ་ནག་ནང་ཆུ་ལོག་ཆེན་པོ་བྱུང་བའི་རྐྱེན་གཙོ་བོ་ཡང་ངོས་ཀྱི་ཕ་ཡུལ་གངས་ཅན་ལྗོངས་རྒྱ་མིས་བཙན་བཟུང་བྱས་པ་ནས་བཟུང་ཚད་ལས་འདས་པའི་ཤིང་ནགས་གཅོད་འབྲེག་བྱས་པ་དང་། ཁོར་ཡུག་གཏོར་བརླག་བཏང་བའི་ངན་འབྲས་ཡིན། ཞེས་གསུངས་པ་ལྟར་གངས་རི་ནི་གལ་ཆེན་པོ་དང་། གངས་རི་མེད་ན་སྐྱེ་དངོས་སེམས་ཅན་མང་པོ་སྟོང་འགྲོ་བ་དང་། གངས་རི་ནི་གཅིག་ནས་རང་བྱུང་ཁམས་ཀྱི་བཅུད་ཀྱི་དྭངས་མ་ཡིན་ལ། གཉིས་ནས་ཁོར་ཡུག་གི་མཛེས་ཉམས་དང་། གངས་རི་ཡོད་མེད་ཀྱི་ས་ཆའི་བཅུད་དང་ལུང་པའི་དཔལ་འབྱོར་ལའང་ཁྱད་པར་ཤོར་གྱིན་ཡོད།
གངས་རིའི་འགྱུར་ལྡོག་དང་ཁོར་ཡུག་གི་ཤུགས་རྐྱེན།
གནམ་གཤིས་འགྱུར་བ་ལ་བརྟེན་ནས་གངས་རི་ལ་ཚ་གྲང་གང་རུང་གི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་གངས་རི་ལས་འོང་བའི་གཙང་པོ་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་ནི་འགྱུར་བ་ཙམ་མིན་པར་འགྲོ་བ་མིའི་འཚོ་བའི་ཐོན་ཁུངས་མང་པོ་ཞིག་ལ་རང་བཞིན་གྱི་ཤུགས་རྐྱེན་དང་དོ་ཕོག་འགྲོ་བཞིན་ཡོད་པ་ཆོས་ཉིད་དུ་གྱུར་ཡོད། གངས་རི་ནི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ཆུ་བོ་གཅིག་གི་བཞུར་ལམ་དེད་ན་དེར་འཚོ་གནས་བཅས་པའི་མི་དང་ཕྱུགས་ཟོག ཞིང་ལས་དང་བཟོ་གྲྭ། གྲོང་དང་གྲོང་ཁྱེར། ཐ་ན་རྒྱལ་ཁབ་དང་རྒྱལ་ཁབ་བརྒྱུད་ནས་བཞུར་གྱིན་ཡོད་ན། དེར་ཕན་ཐོགས་ངེས་ཅན་ཡོད་པ་སྨོས་ཅི་དགོས། གངས་རི་ལ་ཚ་དྲོད་རྒྱས་ན་ཆུ་བོ་མགོ་ཁུངས་ཆད་མི་སྲིད་པའི་ངེས་པ་ནམ་ཡང་མེད་པར་བརྟེན། གཅིག་ལ་གཅིག་བརྟེན་དུ་གྲུབ་པའི་གངས་རི་དང་གནམ་གཤིས་སོགས་ལ་རྒྱུས་ལོན་དང་གལ་གནད་རང་བཞིན་ཤེས་དགོས་པ་དེ་གལ་ཆེན་པོར་མཐོང་། དཔེར་ན། ཨེ་ཤ་ཡའི་ས་ཁྲར་ལྟོས་དང་། བོད་ཀྱི་གངས་རི་ར་བའི་བརྗིད་ཉམས་དང་དེ་ལས་བཞུར་བའི་ཆུ་བོ་དེ་དག་ཕན་ཡོན་མཐོང་ལ་རིན་ཐང་ཡང་ཤེས་རྒྱུ་རེད། གལ་སྲིད་མིའི་འདོད་རྔམ་ལ་ཆོག་ཤེས་མ་བསྟེན་ཚེ། རང་བྱུང་ཁམས་ཀྱི་གནས་བབ་དང་འགྱུར་བ་ནི་བློ་ཡུལ་དུ་ཤོང་བ་ཞིག་མིན་པ་མིག་སྔར་གྱི་གནས་ཚུལ་མང་པོ་ཞིག་གིས་ར་སྤྲོད་གསལ་པོ་བྱས་ཡོད།
དེང་སང་སའི་གོ་ལར་ཚ་དྲོད་རྒྱས་ནས་འཛམ་གླིང་ལྷོ་སྣེ་དང་བྱང་སྣེ་ཡི་འཁྱག་རོམ་དག་ཀྱང་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་ནང་བཞིན་བོད་ཀྱི་གངས་རི་དག་ཀྱང་སྔོན་མ་དང་བསྡུར་ན་ལྡབ་འགྱུར་གྱི་ཉུང་དུ་ཕྱིན་པ་དང། དཔེར་ན། ཇོ་མ་གླང་མ་ལྟ་བུར་མཚོན་ནའང་ལོ་རབས་བཞི་བཅུ་ལྔ་བཅུ་ནང་གངས་མཐུག་པོ་ཆགས་ས་དེ་ཚོར་དེང་སང་སྐྱ་ལོག་སེ་བྱེ་ཟགས་ཆགས་བཞིན་ཡོད། སྤྱིའི་ཆ་ནས་གངས་ཀྱི་མཐུག་ཚད་དང་འབབ་ཚད་ལའང་འགྱུར་བ་ངེས་ཅན་ཐེབས་ཡོད། དེ་ནི་ཡུན་ཐུང་ཞིག་གི་འགྱུར་བ་རེད། དེ་ནི་རང་བྱུང་གི་བཀོད་པ་གཏོར་སྐྱོན་དང་དེང་རབས་འཛུགས་སྐྲུན་ལ་ཁ་ཕྱོགས་པ་དང་འཕེལ་རྒྱས་ཟེར་བའི་རྒྱབ་ལོགས་ཀྱི་ཡ་ང་བའི་སྐྱོ་གར་རེད།
ཁོར་ཡུག་ལ་བརྟེན་ནས་སྤྱི་ཚོགས་གྲུབ་པ་ལྟར་ཁོར་ཡུག་བཟང་ངན་ནི་གནམ་གཤིས་ཀྱི་འགྱུར་བ་ཁོ་ན་མིན་པར། བོད་ཀྱི་གནམ་གཤིས་ཀྱིས་མི་དང་སེམས་ཅན་མང་པོ་ལ་ཁ་ལོ་བསྒྱུར་བཞིན་པ་ནི་དེང་གི་ཚན་རིག་གིས་ཀྱང་ཁས་ལེན། ཡིན་ནའང་མིས་འདོད་སྲེད་དང་ཧམ་པས་རང་བྱུང་ཁམས་ཀྱི་དཔལ་ཡོན་བདག་ཏུ་བཟུང་བ་ནས་རང་བྱུང་ཁམས་ལ་དོ་ཕོག་དང་། གཏིང་ཟབ་པའི་རྨ་ཁ་མངོན་ལྐོག་གཉིས་ནས་བཟོས་དང་བཟོ་བཞིན་ཡོད་པས། ནམ་ཞིག་གནམ་གཤིས་ཀྱི་འགྱུར་ལྡོག་དེ་ཡང་མིས་འགུལ་སྤྱོད་དང་འགྲོགས་ནས་མི་ཡོང་ངམ་སྙམ་པའི་སེམས་འཁྲལ་རྒྱུན་དུ་ཡོང་གིན་འདུག དཔེར་ན། གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱིས་ཐན་པ་དང་ཆུ་ལོག་གི་གནོད་སྐྱོན་ཡོང་གི་ཡོད་པ་ནང་བཞིན། གངས་རི་དང་ཆུ་བོར་ཚོད་འཛིན་བྱས་ན་ནམ་ཞིག་དེ་དང་འཚམས་པའི་གནོད་སྐྱོན་འོང་བ་ཆོས་ཉིད་ཡིན། དེང་སྐབས་བོད་ཀྱི་ཆུ་བོ་མང་པོ་ཞིག་ལ་རྒྱ་ནག་གིས་བཀག་བསྐྱིལ་ཆུ་མཛོད་དང་གློག་འདོན་ས་ཚུགས་བཟོ་བཞིན་པ་ནི་ཧ་ཅང་ཉེན་ཁ་ཆེ་བའི་རང་གི་འཁྲིས་ལ་ཆག་སྒོ་འཇིགས་སུ་རུང་བ་ཞིག་བཟོས་པ་དང་ཁྱད་པར་ཅི་ཡོད། འདི་ནི་བོད་ཀྱི་ཁོར་ཡུག་ལ་མཚོན་ན་ཧ་ཅང་ཉེན་ཁ་ཆེ་བ་དང་རྐྱེན་དེ་དག་ལ་བརྟེན་ནས་སྐྱེ་དངོས་དང་སྲོག་ཆགས་མང་པོ་ཞིག་རང་བཞིན་གྱི་སྟོངས་འགྲོ་བཞིན་ཡོད། མེད་པར་ཆགས་འགྲོ་གིན་ཡོད། རང་བྱུང་གནོད་འཚེ་ཟེར་ན་དོན་ངོ་མའི་ཐོག་མིས་འདོད་རྔམ་གྱིས་བཟོས་པའི་རང་གི་རང་ལ་བསྒྲོན་པའི་ལྕེབས་ཐག་ཅིག་ཡིན་པ་ལས། རང་བྱུང་གནོད་འཚེ་ཟེར་ནས་ལོགས་སུ་ཡོང་ས་ཞིག་མེད་པ་དངོས་ཡོད་རེད། སའི་གོ་ལས་ང་ཚོ་དྲིན་དུ་བསྐྱངས་པ་མ་ཚོར་བར་ཤིང་ནགས་གཅོད་གང་ཐུབ་དང་། གཏེར་ཁ་བསྔོག་གང་འདོད། དེ་བཞིན་མཚོ་དང་གཙང་པོ་བསྙོག་ཅི་ཐུབ། མདོར་ན། རྨ་ཁ་གྲངས་མེད་ཀྱི་གཡོགས་པའི་སའི་གོ་ལ་འདི་ཉིད་མི་ཞིག་ཡིན་པའི་དབང་དུ་བཏང་ན། ད་ལྟ་འུ་ཐུག་པའི་གནས་སྐབས་སུ་སླེབས་ཡོད་པས་འཁོན་ལན་སློག་ངེས་རེད་ལ་སློག་སྲིད་པ་ཞིག་ཀྱང་རེད། རང་བྱུང་ཁམས་ཀྱི་བཀོད་པ་དང་རྣམ་པ་མུ་མཐུད་དུ་བསྒྱུར་བཅོས་དང་གཏོར་སྐྱོན་བཏང་ན། གངས་རིས་མཚོན་པའི་ནམ་དུས་ཀྱི་རིམ་པ་མང་པོ་ཞིག་ཀྱང་འཁྲུགས་ཏེ་ཚ་དྲོད་མུ་མཐུད་རྒྱས་འགྲོ་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་གི་དཔེ་ལས་མ་འདས།
ཁོར་ཡུག་གཏོར་སྐྱོན་དང་འབག་བཙོག་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་བ་སོང་སྟེ། གངས་རི་སོགས་ཚ་དྲོད་རྒྱས་པ་དང་འབྱུང་ཁམས་འཁྲུག་ན་རང་བྱུང་ཁམས་ཀྱི་བྱེད་ནུས་ལ་འགྱུར་བ་སོང་སྟེ་ཆར་ཆུ་དུས་སུ་མི་འབབ་པ་དང། ཐན་པ་དང་ནད་ཡམས། དེ་བཞིན་ཆུ་ལོག་དང་རླུང་འཚུབ་སོགས་ཉེན་ཁ་མང་དུ་འགྲོ་བ་རེད། དེང་སང་ཤེས་ཡོན་དང་ཚན་རྩལ་གོང་འཕེལ་ལ་སོང་སྟེ་རང་བྱུང་ཁམས་ལ་གཏོར་བཅོམ་བྱེད་མི་ཉན་པ་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་མི་རིགས་དང་རྒྱལ་ཁབ་མི་འདྲ་བའི་དབྱེ་བ་དེའི་དབང་གིས་གཅིག་གིས་གཅིག་ལ་དམག་འཁྲུག་དང་དཔལ་འབྱོར། ཆབ་སྲིད། རིག་གནས་སོགས་ཀྱི་འཐབ་རྩོད་དང་འགྲན་བསྡུར། ལྷག་པར་དུ་རྡུལ་ཕྲན་མཚོན་ཆ་སོགས་ནི་འཇིག་རྟེན་འདི་རྩ་སྟོངས་སུ་གཏོང་བྱེད་ཅིག་ལས། དམག་གི་རྒྱལ་ཕམ་ཙམ་ག་ལ་ཡིན། དེང་སྐབས་སྔོན་དང་བསྡུར་ན། རང་བྱུང་ཁམས་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་དང་། འགྲོ་བ་མི་ཐེ་བའི་སེམས་ཅན་གྲངས་མེད་ལའང་ཉེན་ཁ་དང་རང་སྲུང་གི་ནུས་པ་ཆུང་དུ་སོང་ཡོད།
གངས་རི་ནི་ཆུ་བོ་རྣམས་ཀྱི་རྩ་བ་ཡིན་པས། གནམ་གཤིས་ལ་འགྱུར་བ་ཐེབས་ནས་ཚ་དྲོད་རྒྱས་པ་དང་གངས་འབབ་ཚད་ལ་འགྱུར་བ་ཕྱིན་ན་རང་བཞིན་གྱི་ཆུ་བོ་སྐམ་འགྲོ་བ་དང། ཆུ་བོ་ཉུང་དུ་ཕྱིན་ན་དེ་དང་རྐྱེན་པས་འབྲེལ་ཡོད་མང་པོ་ཞིག་ལ་རང་བཞིན་གྱིས་དོ་ཕོག་དང་འགྱུར་བ་འགྲོ་རྒྱུ་རེད། དཔེར་ན། དྷ་རམ་ས་ལའི་རི་རྒྱུད་ནི་དྷོ་ལ་ལྡིར་རི་རྒྱུད་ཡིན་ལ་དེར་དགུན་ཁ་ཁ་བ་མཐུག་པོ་མ་བབ་ཚེ། དབྱར་ཁར་རི་ཁུལ་དེར་གནས་པའི་མིར་འཐུང་ཆུ་སོགས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད། དེས་ག་རེ་མཚོན་པ་རེད་ལབ་ན། ཁ་བ་ཟེར་བ་འདི་གལ་ཆེ་བ་དང་ལྷག་པར་དུ་དགུན་ཁའི་འགྱུར་བ་དེས་དབྱར་ཁར་ཏན་ཏན་ཕན་ནུས་དང་ཤུགས་རྐྱེན་སྤྲོད་གྱིན་ཡོད་པའི་དངོས་དཔང་རེད། དཔེ་དེ་བཞིན་བོད་ནང་གི་གངས་རིའི་གནས་སྟངས་ཀྱང་དེ་དང་གཅིག་མཚུངས་ཀྱིས་རིགས་འགྲེ་བྱས་ཆོག
མ་འོངས་པར་སྲུང་སྐྱོབ་ཀྱི་ནུས་པ་ཅི་ཞིག་འདོན་ཐུབ་བམ།
བྱ་དངོས་གང་ཡིན་རུང་དེ་ཤེས་པ་ལ་སློབ་སྦྱོང་དང་ཉམས་མྱོང་སོགས་མང་པོ་ཞིག་གསོག་དགོས་པ་ལྟར། ང་ཚོ་བོད་པ་གངས་རི་ར་བས་བསྐོར་ཡོད་མོད། དོན་ངོ་མ་གངས་རིས་བསྐོར་བ་ཙམ་གྱིས་སྔོ་མི་ཐོགས་པས། གངས་རིའི་ཁྱད་ཆོས་དང་གངས་རིའི་དགེ་མཚན་ལ་དོ་སྣང་དང་སློབ་སྦྱོང་བྱས་ན། གཞི་ནས་དེའི་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུད་ལ་སྐྱེ་རྒྱུ་རེད། དེ་མ་གཏོགས་གལ་ཆེན་པོ་ཡིན་རབས་བཤད་ན་ཕུགས་རྒྱང་རིང་པོའི་དམིགས་འབེན་དེ་འགྲུབ་པར་དཀའ། སྤྱིར་བཏང་ཁོར་ཡུག་གི་ལས་འགུལ་ཟེར་ན་འདྲ། ཁོར་ཡུག་གི་ལས་དོན་མང་པོ་ཞིག་ལམ་ལྷོངས་ཡོང་བཞིན་མེད། དེང་རབས་སྤྱི་ཚོགས་ནང་དགོས་མཁོ་མང་པོ་ཞིག་གདམ་ངའི་རང་བཞིན་ཅན་དུ་གྱུར་ཏེ་ཕྱོགས་གཅིག་དགོས་ན་ཕྱོགས་གཅིག་དོར་དགོས་པ་ལྟ་བུ་ཆགས་ཡོད། དཔེར་ན། ཁང་པའི་འཛུགས་སྐྲུན་ཆེད་ཤིང་ནགས་མང་པོ་གཅོད་དགོས་པ་ལྟ་བུ་རེད། ཤིང་ནགས་མ་བཅད་ན་ཁང་པའི་འཛུགས་སྐྲུན་མི་ཡོང་བ་ཇི་བཞིན་རང་བྱུང་ཁོར་ཡུག་དོ་མཉམ་ཅིག་ཡོང་དགོས་ན། གནས་སྐབས་ཀྱི་བདེ་བ་དང་ཁེ་ཕན་ཁོ་ན་མི་ལྟ་བར་ཕུགས་རྒྱང་རིང་པོའི་མ་འོངས་པར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཆགས་ཡོད། ང་ཚོའི་མིག་སྔར་གྱི་འཚོ་བ་དང་མི་ཚེ་དེ་ཡང་ཐག་གཅོད་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད་པའི་ཁར། མ་འོངས་པ་ཟེར་བར་འོས་བབ་མེད་པ་ལྟ་བུ་མཐོང་མོད། ད་ལྟ་ནས་མགོ་མ་བརྩམ་ན་མ་འོངས་པ་ཟེར་བཞིན་ཟེར་བཞིན་ད་ལྟའི་གནས་བབ་འདི་ལས་བརྒལ་མི་ཐུབ་པ་ཐག་གཅོད་རེད།
ཁོར་ཡུག་གི་ལས་དོན་འདི་མཉམ་རུབ་ཀྱི་བྱ་བ་ཞིག་ལ་མི་རེ་ངོ་རེ་འགན་ཡོད་པ་ཞིག་ཡིན་དུས་མི་ཚང་མར་ཁོར་ཡུག་ལ་དགའ་ཞེན་དང་གཅེས་སྐྱོང་གི་འདུ་ཤེས་ཤིག་བསྐྲུན་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་དགོས་པ་དང། ལྷག་པར་དུ་མི་རིགས་རང་གི་འདུ་ཤེས་འཛིན་སྟངས་མང་པོ་ཞིག་ཁོར་ཡུག་དང་འབྲེལ་བ་ཡོད་པ། དེ་ལས་ཀྱང་གངས་རི་དང་འབྲེལ་བ་ཡོད་པ། དེ་བཞིན་ཡ་རབས་བཟང་སྤྱོད་དང་ལས་རྒྱུ་འབྲས་ལ་འབྲེལ་བ་ཡོད་པ་སོགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་མཚོན་ན་ཕན་ཐོགས་ཆེན་པོ་བྱུང་ཡོད། མ་འོངས་པར་དེ་དག་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ནི་བོད་ཀྱི་གངས་རི་དག་གི་སྲུང་སྐྱོབ་ཀྱི་ཆེད་ཁོ་ན་མིན་པར། ཕྱོགས་ཡོངས་ནས་བལྟ་དགོས་པ་དང། རྒྱལ་སྤྱིའི་རང་བཞིན་ཅན་དུ་འགྱུར་བཅུག་རྒྱུ་ནི་དེ་ལས་ཧ་ཅང་གལ་ཆེ། དཔེར་ན། སའི་གོ་ལའི་ཕྱོགས་གཅིག་ལ་སྐྱོན་ཐེབས་ན་ཕྱོགས་ཡོངས་ལ་ཤུགས་རྐྱེན་དང་འགྱུར་ལྡོག་འགྲོ་བ་ནི་ཆོས་ཉིད་ལྟ་བུ་ཆགས་ཡོད། ཁོར་ཡུག་གི་ལས་དོན་དང་ཕན་འབྲས་ནི་སའི་གོ་ལའི་སྟེང་གི་འགྲོ་བ་སེམས་ཅན་གྲངས་ལས་འདས་པ་ཡོད་པ་དང། དེ་ལས་ཀྱང་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་གི་འཚོ་བའི་གནད་དོན་ཆགས་ཡོད། དྲང་མོར་བཤད་ན། འགྲོ་བ་མིའི་ལས་འགན་དེ་རང་བྱུང་ཁམས་ལ་གཅེས་སྤྲས་དང་བདག་སྐྱོང་བྱེད་དགོས་པ་ལས། རང་བྱུང་ཁམས་ལ་གནོད་སྐྱོན་དང་དོ་ཕོག་གཏོང་རྒྱུ་མ་རེད། གལ་སྲིད་ང་ཚོས་སྲུང་སྐྱོབ་ཆེར་མ་ཐུབ་ཀྱང་གཏོར་སྐྱོན་མ་བཏང་ན་རང་བྱུང་ཁམས་ཀྱི་རྣམ་པ་དང་བྱེད་ནུས་རང་བཞིན་གྱི་འགྱུར་བ་སོང་སྟེ་དྲག་སྐྱེད་ཡོང་བའི་ནད་པ་ཞིག་དང་འདྲ་ཚུལ་དེང་གི་སྐྱེས་ཁམས་ཚན་རིག་གིས་འགྲེལ་བཤད་རྒྱག་གིན་ཡོད།
ང་ཚོ་འགྲོ་བ་མི་ལ་ལྷག་པར་དུ་འགན་ཐེ་བ་ཡོད་པའི་རྒྱུ་མཚན་ནི་ང་ཚོས་སོ་སོས་དགོས་མཁོ་དང་ཧམ་པ་ལ་ཚད་བཀག་བྱེད་ཐུབ་ཀྱིན་མེད་པས་ཡིན། དེ་ལས་ཀྱང་འཕྲུལ་ལས་རིགས་ནི་ཕན་གནོད་གཉིས་ལས་གནོད་པ་ཤུགས་ཆེ་བ་ཡོད་པ་དང། ཕྱོགས་གཅིག་ནས་འཚོ་བའི་དགོས་མཁོ་དང་ཕྱོགས་གཅིག་ནས་གཏོར་བཅོམ་ཚད་མེད་ཐེབས་ཀྱི་ཡོད། དེའི་དཔེ་མཚོན་ཡག་ཤོས་ནི་༸པཎ་ཆེན་རིན་པོ་ཆེས་རྒྱ་ནག་གིས་བོད་ཡར་རྒྱས་དང་རོགས་རམ་ཡིན་ཟེར་ནས་འཕྲུལ་ཆས་མང་པོ་བོད་ལ་དབོར་ནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བཏང་ཡོད་ཟེར་བ་དང། བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཅོམ་བཏང་བ་གཉིས་བསྡུར་ཚེ་གཏོར་བཅོམ་དེ་ཧ་ཅང་ཚད་ལས་བརྒལ་ཡོད། ཅེས་གསུངས་བ་དེ་བཀའ་སློབ་རྩ་ཆེན་པོ་རེད་ལ་ཁོར་ཡུག་ངོས་ནས་དེ་ལས་ཀྱང་སྐད་ཆ་རིན་ཐང་ཆེན་པོ་ལྡན་ཡོད། འོ་ན་ང་ཚོས་མ་འོངས་པར་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་དེ་རང་བྱུང་གི་རྣམ་པ་རེ་རེ་ནས་བཏང་སྙོམས་སུ་བཞག་སྟེ། ཉེན་ཁ་ཆེ་རིགས་ལ་སྔོན་འགོག་དང་མཇུག་སྣོན་བྱེད་དགོས་ཏེ་དཔེར་ན། འཕྲུལ་ལས་རིགས་དང་རླངས་འཁོར་དུ་བ། ས་རྐོ་རྡོ་སློག་སོགས་ནི་གངས་རིའི་འཛེམ་བྱ་ལྟ་བུ་ཡིན་པས་སྔོན་འགོག་དང་། བྱེ་འགོག་སྡོང་འཛུགས་ལྟ་བུ་ནི་མཇུག་སྣོན་ཡིན་པས་ང་ཚོས་ཕྱོགས་གཅིག་དང་སྣ་གཅིག་རེ་ཟིན་ཏེ་ལས་དོན་རྒྱུན་འཁྱོངས་བྱེད་དགོས་པ་གལ་ཆེན་པོ་རེད། དེ་མིན་ཁོར་ཡུག་ལ་འགྱུར་བ་སོང་ན་གངས་རི་སོགས་ལ་འགྱུར་བ་འགྲོ་བ་དེ་ཆོས་ཉིད་ཆགས་ཡོད།
ཤེས་ཡོན་ཡར་རྒྱས་སོང་བའི་རྒྱལ་ཁབ་ལ་ལ་ཁོར་ཡུག་གཙང་མ་དང་དེ་བཞིན་མི་ལའང་ཁོར་ཡུག་གི་སྐོར་ཡག་པོ་ཉར་དགོས་པའི་གོ་རྟོགས་སད་ཡོད། དེ་བཞིན་བོད་ཕྱི་ནང་གཉིས་ནས་ཀྱང་ཁོར་ཡུག་ལ་གོ་རྟོགས་སད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དགའ་འོས་མོད། འོན་ཀྱང་ང་ཚོས་འདིར་སྐད་བརྒྱབ་པ་དང་རྩོམ་བྲིས་པ་ཙམ་གྱིས་ཕན་ཐོགས་ཆེར་མེད་པ་ཤེས་ཀྱང་སེམས་ཤུགས་མ་ཆག་པར་མུ་མཐུད་ཁོར་ཡུག་གི་སྐོར་དང་དེ་འབྲེལ་གྱི་གནས་ཚུལ་མང་པོ་སྤེལ་དགོས་པ་གལ་ཆེན་པོ་མཐོང་། ད་ལྟ་གོ་སྐབས་ཡག་དུས་དང་ཆུ་ཚོད་ཡོད་དུས་གང་ཅིའི་ཐད་ནས་ལས་འགུལ་དང་མཉམ་ལས། བྱ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་དེ་ལས་གལ་ཆེ་བས། དེར་༸གོང་ས་མཆོག་གིས། སྲིད་པའི་གངས་རི་སོགས་རང་བྱུང་གི་བཀོད་པ་དེ་ཚོར་སྲུང་སྐྱོབ་གཅེས་འཛིན་ཇི་ལྟར་བྱེད་པའི་སྐོར་གླེང་ན། མཐའ་མའི་ཐག་གཅོད་ནི་ནང་སེམས་ལས་འབྱུང་དགོས་པ་ཞིག་ཡིན་པས། འཛམ་གླིང་འདི་ཙམ་དུ་མ་ཟད། འདིའི་ནང་འཚོ་བའི་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་ཐུབ་པའི་འཇིག་རྟེན་སྤྱིའི་སེམས་ཁུར་ལེན་རྒྱུར་ཚང་མས་འབད་བརྩོན་གནང་དགོས་སྙམ། ཞེས་གསུངས་པ་ལྟར། ང་ཚོས་ངེས་པར་དུ་ང་ཚོ་བོད་པ་རྣམས་ལ་ཁོར་ཡུག་གི་གོ་རྟོགས་སད་དུ་བཅུག་རྒྱུ་དང་འཇིག་རྟེན་སྤྱིའི་སེམས་ཁུར་ལེན་མཁན་ཞིག་ཏུ་གཏོང་རྒྱུ་ནི་གནད་གྱི་དམ་པ་དང་བརྗོད་པའི་སྙིང་པོ་ཡིན་ནོ།།