སྲོགས་ཆགས་ཀྱི་རིགས་དབྱེ་རིག་པ།

ཚུལ་ཁྲིམས་རྒྱ་མཚོ།

ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་ན་སྲོག་ཆགས་རིག་པ་དང་སྐྱེ་དངོས་རིག་པའི་སྤྱིའི་འགྲོ་སྟངས་ཤེས་དགོས་པ་མ་ཟད་སྲོག་ཆགས་ཀྱི་རིགས་དབྱེ་རིག་པའི་འགྲོ་སྟངས་ཤེས་རྒྱུ་ནི་མེད་དུ་མི་རུང་བ་ཡིན་ལ་དེ་ནི་རྨང་གཞིའི་ཤེས་བྱ་ཡིན། ­­

 

 

སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་བྱེད་སྟངས།

བོད་ཀྱི་སྲོག་ཆགས་ཀྱི་རིགས་དབྱེ་སྟངས་དང་། དེང་དུས་ཀྱི་སྐྱེས་དངོས་རིག་པ་དང་སྲོག་ཆགས་རིག་པ་ (zoology) སོགས་ཀྱི་རིགས་དང་སྡེ་ཚན་དགར་ཚུལ་མི་མཐུན། བོད་རང་གི་དམངས་ཁྲོད་དུ་ “གནམ་ལ་འཕུར་དགུ། ས་ལ་འཛུལ་དགུ། བར་ལ་འགྲིམ་དགུ།” ཟེར་བ་སོགས་བཤད་སྲོལ་མང་ལ། ས་བབས་ཀྱི་དབང་གིས་སྲོག་ཆགས་ཀྱི་སྡེ་དགར་ཚུལ་མི་མཐུན་ལ། དཔེར་ན། འབྲོག་ཁུལ་ནས་རྐྱང་ལ་རྐྱང་ཟེར་བ་མ་གཏོགས་མེད་ཀྱང་། ཡང་རོང་ཕྱོགས་ནས། ལ་ལས་རྟ་རྐྱང་དང་། བོང་རྐྱང་ཞེས་རིགས་གཉིས་དུ་བྱེད་བར་མ་ཟད། ཡང་ལ་ལས་དྲེལ་རྐྱང་[1]ཞེས་པའི་རིགས་ཤིག་ཀྱང་ལོགས་སུ་བཀར་འདུག  

སྲོལ་རྒྱུན་གྱི་བཤད་ཚུལ་དང་། དེང་དུས་ཀྱི་བཤད་ཚུལ། བོད་ཀྱི་གསོ་རིག་གི་བཤད་ཚུལ་དེ་གསུམ་མི་མཐུན་པ་དེ་ལ་ཁག་མེད་ཏེ། བོད་ལ་དེང་སང་གི་ཁོར་ཡུག་སྲུང་སྐྱོབ་དང་། སྲོག་ཆགས་རིག་པ། སྐྱེ་དངོས་རིག་པ་ཟེར་བ་དང་། ལྷག་པར་ཏུ་ཚན་རིག་གི་ཤེས་བྱ་དར་རྒྱས་ཆེན་པོ་བྱུང་མེད་པའི་ཁར། ད་ལྟའི་བར་དུ་བོད་ཀྱི་ཞིང་འབྲོག་མི་མང་ཕལ་ཆེ་བ་ཡིག་རྨོངས་བ་ཡིན་པ་དང་། སྔོན་གྱིས་ཤེས་ཡོན་པ་རྣམས་ཀྱིས་སྨན་གཞུང་ཙམ་མ་གཏོགས། སྐྱེ་དངོས་དང་སྲོག་ཆགས་རིག་པའི་གཞུང་རྒྱ་ཆེར་དར་རྒྱས་མ་བཏང་བ་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐ་སྙད་གཅིག་གྱུར་བྱུང་མེད། ཡིན་ན་ཡང་། ད་ལྟ་ཡི་གེ་ཤེས་མཁན་ཇེ་མང་དང་། ཁོར་ཡུག་སོགས་ལ་དོ་སྣང་གི་རྦ་རླབས་ཤིག་འཕྱུར་བཞིན་པའི་སྐབས་འདིར་ཐ་སྙད་གཅིག་གྱུར་ཡོང་རྒྱུ་སྟབས་བདེ་ཞིང་ལས་སླ།

ནུབ་ཕྱོགས་པའི་སྐྱེ་དངོས་རིག་པའི་ཁོངས་གི་ (taxonomy) སྐྱེ་ལྡན་རྣམ་དབྱེ་རིག་པ་འདི་ནི་སྲོག་ཆགས་རྣམས་རིགས་དབྱེ་སྐབས་སྤྱོད་བཞིན་ཡོད་ཅིང་། ཚན་རིག་པས་བཤད་པའི་(species) རིགས་ཟེར་བ་འདི་ལ་སྐྱེ་ཁམས་རིག་པའི་སྐབས་སུ་དབྱེ་བ་འབྱེད་ཚུལ་དེ་རྩོད་གཞི་ཅན་ཡིན་ལ་ཚད་ཉིད་གསལ་བོར་འཇོག་ཐུབ་ཀྱིན་མེད། གང་ལྟར་ཡང་། རིགས་གཉིས་སྡེབ་ནས་ཕྲུ་གུ་སྐྱེས་བ་དང་ཕྲུག་གུ་དེས་རྒྱུད་སྤེལ་མ་ཐུབ་པ་ཡིན་ན། དེ་དུས་རིགས་རྒྱུད་ཀྱི་རབས་ཆད་པ་ཡིན། རབས་མ་ཆད་གོང་དུ་བསྡེབས་པའི་སྲོག་ལྡན་དེ་གཉིས་རིགས་ཁ་ཁ་ཡིན་པས་རབས་ཆད་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། གལ་ཏེ་རྒྱུད་སྤེལ་ཐུབ་པ་ཡིན་ན་རབས་ཆད་མེད་པར་རྒྱུད་ཀྱི་ངོ་བོ་མ་འགྱུར་བར་རིགས་རྒྱུད་གཅིག་སྤེལ་གྱིན་ཡོད་པས་རིགས་གཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རབས་ཆད་ཚུལ་འདི་ལ་སྐྱེ་དངོས་རིག་པ་དང་སྲོག་ཆགས་རིག་པ་གཉིས་ཀྱི་བཤད་ཚུལ་མཐུན་པ་ཡིན།

རིགས་རྒྱུད་ཀྱི་རབས་ཆད་པའི་དཔེར་བརྗོད་ཞིག་བཞག་ན། རྟ་དང་བོང་བུ་གཉིས་རིགས་བསྡེབས་ནས་དྲེལ་སྐྱེས་ཀྱང་། དྲེལ་གྱིས་རྒྱུད་སྤེལ་མི་ཐུབ་པས་རབས་ཆད་འགྲོ་བ་ཡིན། གལ་ཏེ་དྲེལ་གྱིས་རྒྱུད་སྤེལ་ཐུབ་པ་ཡིན་ན་དེ་ནི་རྟ་བོང་གཉིས་རིགས་གཅིག་པ་ཡིན་པར་ངོས་འཛིན་པ་ཡིན། 

མི་ལ་དཔེར་བཞག་ན། མི་དཀར་པོ་དང་མི་ནག་པོ་གཉིས་ལུས་འབྲེལ་བྱུང་ན་རྒྱུད་སྤེལ་ཐུབ་པ་མ་ཟད་བུ་དང་ཚ་བོ་ཡང་ཚ་སོགས་རབས་མ་ཆད་པར་རྒྱུད་སྤེལ་ཐུབ་པ་ཡིན། དེ་ནི་མི་དཀར་པོ་དང་ནག་པོ་གཉིས་ཆ་འགྲོ་བ་མིའི་ (species) རིགས་གཅིག་པ་ཡིན་པར་ངོས་འཛིན་བྱེད་པ་ཡིན། གལ་ཏེ། བུ་དང་ཚ་བོའི་རྒྱུད་སྤེལ་མི་ཐུབ་པ་ན་མི་དཀར་པོ་དང་མི་ནག་པོ་གཉིས་རིགས་ཁ་ཁར་འཇོག་དགོས། 

བོད་ཀྱི་སྲོལ་རྒྱུན་དུ་ནུབ་ཕྱོགས་ཀྱི་སྲོག་ཆགས་རིགས་དབྱེ་རིག་པ་མ་དར་ན་ཡང་བོད་རང་ལ་རིགས་དབྱེ་རིག་པ་ཡོད་དེ། དཔེར་ན། སྨན་གཞུང་དུ་ “ཁུང་ན་གནས་པའི་སྡེ”། “རླན་ལ་གནས་པའི་སྡེ”། “གཅན་གཟན་སྡེ”།[2]  རི་དྭགས་ཀྱི་སྡེ་སོགས་སྡེ་ཚན་མང་པོ་དགར་སྲོལ་ཡོད། ཡང་བོད་ཀྱི་བཤད་སྲོལ་དུ་སྡེར་མོ་ཅན་གྱི་རིགས། འདབ་ཆགས་ཀྱི་རིགས་སོགས་ཡོད་ལ། སྐྱེས་སྒོ་ལ་ཡང་སྣ་བཞི་ཡོད་དེ། མངལ་སྐྱེས། སྒོང་སྐྱེས། རྫུས་སྐྱེས། དྲོད་གཤེར་ལས་སྐྱེས་བ་སོགས་དབྱེ་བ་དགར་སྟངས་ཡོད། འདི་དག་ནི་བོད་ཀྱི་སྲོགས་ཆགས་རིགས་དབྱེ་རིག་པ་ཡིན་ཞེས་བཤད་ཆོག 

[1] གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྤྱར་ཤོག
[2] རྒྱུད་བཞི།

སྐྱེ་དངོས་རིགས་དགུ་བཤད་པ།

དེང་རབས་ཀྱི་ནུབ་ཕྱོགས་ཚན་རིག་པས་སྐྱེ་དངོས་རྣམ་དབྱེ་དེ་ལ་(life)སྲོག་ལྡན་ནས་བཟུང་(species) རིགས་བར་དུ་དབྱེ་བའམ་ཁྱད་པར་ཆེན་པོ་དགུ་རུ་ཕྱེ་ཡོད།  

༡། Life སྲོག་ལྡན། 

སྲོག་ལྡན་ཡིན་ན་སྐྱེ་ལྡན་ཕྲ་ཕུང་། འབུ་ཕྲ། འཕོ་འགྱུར་ལྡན་པ། ཡ་ལན་སྤྲོད་ཤེས་པ། སྐྱེ་འཕེལ་ཅན་ཡིན། འདི་དག་གི་ནང་དུ་རྩི་ཤིང་དང་། རི་དྭགས། གཅན་གཟན་དང་མི་སོགས་སྲོག་ཆགས་སྐྱེ་འཆི་ལྡན་པ་ཐམས་ཅད་འདུས་ཡོད།

༢། Domain ཁྱབ་ཁོངས། 

ཁྱབ་ཁོངས་བཤད་སྐབས། རྡུལ་ཕྲ་རབ་གཅིག་ལས་གྲུབ་པའི་སྲོག་ལྡན་ཕུང་བོ་དང་། ལྟེ་ཉིང་མེད་པའི་ཕྲ་ཕུང་། ལྟེ་ཉིང་ལྡན་པའི་ཕུང་ཚོགས་སོགས་ཁྱབ་ཁོངས་སྣ་ཁ་གསུམ་ཡོད། འདིའི་ཁོངས་སུ་འབུ་སྲིན། ཉ་རིགས། དུད་འགྲོ། འདབ་ཆགས། མི། རྩི་ཤིང་སོགས་ཚུད་པ་ཡིན།

༣། Kingdom འགྲོ་བ།

ཨ་རིའི་སློབ་དེབ་ཁག་གི་ནང་དུ་འགྲོ་བ་རིགས་དྲུག་ལ་བརྩི་བ་དང་། དེ་དག་ནི་ནང་བསྟན་ལས་བཤད་པའི་འགྲོ་བ་རིགས་དྲུག་དང་མི་འདྲ། དུད་འགྲོ། རྩི་ཤིང་། ཧམ་སྤུ། འབུ་ཕྲ། ཨར་ཀི་ཕྲ་སྲིན་བཅས་དྲུག་ཡོད། (Archaea) ཨར་ཀི་ཕྲ་སྲིན་ནི་ལྟེ་ཉིང་མེད་པའི་རིགས་ཡིན། རྡུལ་ཕྲ་རབ་གཅིག་ལས་གྲུབ་པའི་སྲོག་ལྡན་ཕུང་བོ་ཡང་འགྲོ་བའི་ནང་དུ་ཚུད་ཡོད། རྒྱ་གར་དང་དབྱིན་ཡུལ་ཚུད་པའི་རྒྱལ་ཁབ་མང་པོ་ན་སྐྱེ་དངོས་རྣམ་དབྱེ་བཤད་སྐབས་ (Kingdom) འགྲོ་བ་རིགས་ལྔ་ལས་མེད།

༤། Phylum སྡེ་བ།

སྡེ་བ་ཞེས་པ་འདི་རྩི་ཤིང་དང་སེམས་ཅན་གང་ཡིན་གྱི་དབྱེ་བ་འབྱེད་སྐབས་སྡེ་བར་བགོ་བ་ཡིན། སྡེ་བ་བགོ་ཚུལ་ལ་བཞེད་པ་མི་མཐུན་པ་ཡོད། འདིར་གཙོ་བོ་སྒལ་ཚིགས་ཅན་གྱི་སྲོག་ཆགས་རྣམས་སྡེ་བར་བགོ་བ་ཡིན། འོན་ཀྱང་། སྤྱིའི་ཆ་ནས་བཤད་ན་རྩི་ཤིང་ལ་སྡེ་བ་༡༤ ། དུད་འགྲོ་ལ་སྡེ་བ་༣༣། ཧམ་སྤུ་ལ་སྡེ་བ་༨ བཤད་ཅིང་། དེ་མིན་གྱི་སྡེ་ཆེན་སྡེ་ཆུང་མང་པོ་ཚན་རིག་པས་ཐག་མ་ཆོད་པ་ཤིན་ཏུ་མང་། 

༥། Class ཚན་པ། 

སྡེ་ཚན་དབྱེ་བ་འབྱེད་པའི་སྐབས་ཁྱབ་ཁོངས་དང་། འགྲོ་བ། སྡེ་བ། རིགས། རྒྱུད་སོགས་གཅིག་པ་ཡིན་མིན་ཚན་པ་དབྱེ་བ་ཡིན་ལ། དཔེར་ན། འོ་འཐུང་སྲོག་ཆགས་རྣམས་ཚན་པ་འདིར་འདུས་ཤིང་། དུད་འགྲོའི་སྡེ་བ་༣༣ ལ་ཚན་ལ་༡༠༧ ཡོད།

༦། Order གོ་རིམ་མམ་གྲལ་རིམ།

སྐྱེ་དངོས་དང་སྲོག་ཆགས་ཀྱི་གོ་རིམ་ལ་གཙོ་བོ་སྐྱེ་དངོས་དང་སྲོག་ཆགས་ཀྱི་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་པའི་ནུས་པ་དང་ཁྱད་ཆོས་གཞི་ལ་བཞག་ནས་གྲལ་རིམ་སྒྲིག་པ་ཡིན། 

༧། Family ཁྱིམ་རྒྱུད། 

སྐྱེ་དངོས་དང་སྲོག་ཆགས་གང་ཞིག་སྐྱེ་དངོས་དང་སྲོག་ཆགས་གཞན་ཞིག་དང་མཉམ་དུ་བསྡེབས་སྦྱོར་བྱུང་སྟེ་རྒྱུད་འཕར་མ་འམ་རྒྱུད་འོག་མ་བྱུང་བ་ཡིན་ན་དེ་ནི་ཁྱིམ་རྒྱུད་གཅིག་ཏུ་བརྩི་བ་ཡིན།

༨། Genus རྒྱུད། 

སྐྱེ་དངོས་རིག་པ་ལས་སྔོན་ཆད་སྲོག་ལྡན་ཡིན་པའི་འགྱུར་རྡོའི་རིགས་དང་། འཕེལ་འགྱུར་ཁྲོད་དུ་རྒྱུད་སྤེལ་བཞིན་པའི་རྒྱུད་དང་། ནད་དུག་གྱི་རྒྱུད་བཅས་རྒྱུད་གསུམ་ཡོད། 

༩། Species རིགས།

སྐྱེ་དངོས་དང་སྲོགས་ཆགས་ཤིག་གྲུབ་ཆ་དུ་མ་ལས་འདུས་བའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེ་ཚོགས་པ་གཞན་ཞིག་དང་མི་འདྲ་བའི་ཁྱད་པར་ཡོད་པ་ཡིན་ན་རིགས་ཞིག་ལ་ངོས་འཛིན་བྱེད་པ་ཡིན།

སྐྱེ་དངོས་རིག་པའི་རྣམ་དབྱེའི་གོ་རིམ་འདི་ལ་སྤྱི་ལོ་ ༡༧༣༥ ལོའི་བར་དུ་ཞིབ་ཆ་མེད་ཀྱང་ (Swedish) སི་ཝེ་དིན་གྱི་སྲོག་ཆགས་རིག་པ་བ་ (Car Linnaeus) ཁཱར་ལིན་ནུ་སི་ཟེར་བ་ཁོང་གི་ Systema Naturae ཟེར་བའི་དེབ་དེ་བྱུང་བ་ནས་ནུབ་ཕྱོགས་སུ་སྐྱེ་དངོས་དང་སྲོག་ཆགས་ལ་དབྱེ་བ་འབྱེད་པའི་ལྟ་གྲུབ་ལ་འགྱུར་བ་ཐེབས་མགོ་བརྩམས་ཡོད་ལ། 

དེ་ནས་བཟུང་སྤྱི་ལོ་ ༢༠༡༥ ལོའི་བར་དུ་འགྲོ་བའི་ཁོངས་སུ་སྲོག་ཆགས་གང་དང་གང་གཏོགས་མིན་བཞེད་ཚུལ་མི་འདྲ་བ་འགྱུར་བ་ཐེངས་བདུན་ཐེབས་ཡོད། ང་ཚོའི་བོད་ལ་གཡུ་ཐོག་ཡོན་ཏན་མགོན་པོ་བྱུང་ནས་ལོ་༡༢༠༠ ཙམ་གྱི་གོང་ནས་བཟུང་གསོ་རིག་དར་རྒྱས་བྱུང་ནས་སྲོག་ཆགས་དང་སྐྱེ་དངོས་རྣམས་རིགས་དང་སྡེ་ཚན་དུ་དགར་བའི་རྣམ་དབྱེ་དར་ཡོད། ད་ལྟ་ལོ་ཆིག་སྟོང་ལྷག་ཕྱིན་ཅིང་འགྱུར་བ་ཐེབས་མེད། 

འཕེལ་འགྱུར་ལ་བརྟེན་པའི་སྐྱེ་དངོས།

དུས་ཀྱི་འཕེལ་རིམ་དང་ཁོར་ཡུག་གི་འགྱུར་བ་ལ་བརྟེན་ནས་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཁྱིམ་རྒྱུད་སོགས་ལ་ཡང་འགྱུར་བ་ཐེབས་ཀྱིན་ཡོད། དེར་བརྟེན་ང་ཚོས་སྐྱེ་དངོས་དང་སྲོགས་ཆགས་ཀྱི་རྣམ་དབྱེ་འདི་ཡང་སྨན་གཞུང་གཅིག་པོ་མ་ཡིན་པར། ཡུལ་དང་དུས་ལ་བསྟུན་ནས་ཚན་རིག་གི་ཤེས་བྱ་དང་སྨན་གཞུང་གཉིས་རིག་པ་དང་མ་འགལ་བར་ཟུང་འབྲེལ་བྱས་ན་མ་གཏོགས། རྗེས་ཕྱོགས་སྐྱེ་དངོས་དེ་དག་དང་སྲོག་ཆགས་དེ་དག་སུ་ཞིག་གིས་ཀྱང་ངོས་འཛིན་དཀའ་བར་འགྱུར་བ་ཡིན། དཔེར་ན། མདོ་དྲི་མེད་གཟི་བརྗིད་དུ་འདབ་ཆགས་དང་རི་དྭགས་མང་པོ་ཞིག་གི་མིང་ཡོད་ཀྱང་། མང་པོ་ཞིག་ངོས་འཛིན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། དེ་ནི་མདོ་དྲི་མེད་གཟི་བརྗིད་ལན་པ་མ་རེད། དེ་ནི་བོད་ཀྱི་ཤེས་ཡོན་ཅན་རྣམས་ཀྱིས་དེ་ལ་ཞིབ་འཇུག་དང་སློབ་སྦྱོང་མ་བྱས་བར་མ་ཟད་དམངས་ཁྲོད་དུ་དར་སྤེལ་མ་བྱས་པས་ལན་པ་རེད།

          ཚན་རིག་པས་སྲོག་ཆགས་རེ་རེ་ཁྱིམ་རྒྱུད་དང་སྡེ་ཚན། རིགས་དང་རིགས་འཕར་མ་སོགས་དབྱེ་བ་འབྱེད་དུས། སྲོག་ཆགས་གང་ཞིག་རིགས་གང་གི་ཁོངས་སུ་གཏོགས་དགོས་ན། ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་སོགས་གསལ་བོར་བཀོད་ཡོད་པས་ངོས་འཛིན་བྱེད་རྒྱུར་ལས་སླ་བོར་བཟོས་ཡོད། 

དཔེར་ན། འོ་འཐུང་སྲོག་ཆགས་བཤད་པའི་སྐབས་སུ་འོ་མ་འཐུང་བའི་སྲོག་ཆགས་ཀྱི་སྡེ་ལ་ངོས་འཛིན་བྱེད་དགོས་པ་ཡིན་ཀྱང་། རྩ་བའི་ཆ་ནས་དེ་ལ་ཚང་དགོས་པའི་ཁྱད་ཆོས་གསུམ་ཡོད། འོ་འཐུང་སྲོག་ཆགས་ཤིག་ཡིན་ན། དང་པོ། འཚར་ལོངས་བྱུང་བཞིན་པའི་སྐབས་སུ་འོ་མ་བཏུང་མཁན་ཞིག་ཡིན་པ། གཉིས་ནས་པགས་པའི་སྟེང་དུ་སྤུ་སྐྱེས་བ། གསུམ་ནས་བར་རྣ་ཡོད་པ་ཞིག་ཡིན་ན་འོ་འཐུང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པར་བརྩི། 

བར་རྣ་[1]ཞེས་བའི་ཐ་སྙད་འདི་ནུབ་ཕྱོགས་པའི་ middle ear ཞེས་བ་དེ་བོད་སྐད་དུ་ཐད་སྒྱུར་བྱས་པ་ཨེ་ཡིན་སྙམ་ཞིང་། གང་ལྟར་ཡང་རྣའི་ཆ་ཤས་ལས་རྣ་པགས། རྣ་རྔ། རྣ་བུག་རྣམས་ལ་བར་རྣ་ཞེས་འབོད་པར་འདོད། སྤྱིར་ན་འོ་འཐུང་སྲོག་ཆགས་ཕལ་ཆེ་བའི་ཁྲག་དྲོན་མོ་ཡིན་ཞིང་། ལུས་དྲོད་ཀྱི་འབྱུང་ཁུངས་ཁོག་དྲོད་ཡིན། ཉི་མ་དང་མེ་དྲོད་སོགས་དྲོད་ཁུངས་གཞན་ལ་ཡང་བརྟེན་ཀྱིན་ཡོད། 

ནུབ་ཕྱོགས་པས་སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་སོགས་གྲངས་ཀ་བརྩིས་ཡོད་ལ། དེང་སང་འཛམ་གླིང་འདིར་འོ་འཐུང་སྲོག་ཆགས་རིགས་ཅི་ཙམ་ཡོད་མེད་ལ་མཁས་པ་ཁག་གི་བཞེད་ཚུལ་མི་འདྲ་དེ། ལ་ལས་བཞི་སྟོང་ ༤༠༠༠ལྷག་དང་།[2]  ཡང་ལ་ལས་ལྔ་སྟོང་ ༥༠༠༠ཙམ་ཡོད་ཟེར།[3]  ཡིན་ན་ཡང་། ང་ཚོའི་བོད་མི་རྣམས་ལ་རི་དྭགས་བརྩིས་ནས་ཐོ་འགོད་བྱེད་པ་སོགས་ཀྱི་གོམས་གཤིས་མི་འདུག ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན།

བོད་སྤྱི་བཤད་ཞེས་བར་ “ བོད་ལྗོངས་སུ་མངལ་སྐྱེས་སྲོག་ཆགས་ལ་རིགས་ ༡༤༢” [4] ཡོད་པར་བཤད་ཅིང་། མངལ་སྐྱེས་སྲོགས་ཆགས་ཕལ་ཆེ་བ་འོ་འཐུང་སྲོག་ཆགས་ཡིན་ལ། རིགས་༡༤༢ དེ་ཚང་མ་འོ་འཐུང་སྲོག་ཆགས་ཡིན་པའི་དབང་དུ་བྱས་ན་བོད་ལྗོངས་གཅིག་པོ་ན་འོ་འཐུང་སྲོག་ཆགས་རིགས་༡༤༢ཡོད་པ་མ་ཟད། བོད་ལྗོངས་ན་མེད་པ་ཞིང་ཆེན་གཞན་གྱི་བོད་ཁུལ་ན་ཡོད་པ་རྣམས་གཅིག་ཏུ་བསྡུས་ན་དེ་ལས་མང་པོ་ཡོད་པ་ཤུགས་ཀྱིས་ཤེས་ཐུབ། 

འདི་ལྟར་ང་ཚོས་རི་དྭགས་དང་རང་བྱུང་གི་གནས་ཚུལ་རྣམས་གྲངས་ཀ་བརྩིས་ནས་ཟིན་ཐོ་འགོད་པ་དང་། ལུས་འཇལ་བ། སོ་བརྩི་བ། རྒྱ་མར་ཚད་པ་སོགས་གོམས་ནས་རྨང་གཞིའི་གནས་ཚུལ་བསྡུ་རུབ་བྱེད་ཐུབ་ན། རི་དྭགས་དང་སྐྱེ་དངོས་ཀྱི་གནས་ཚུལ་ཇེ་མང་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་བ་ཡིན་ལ། རང་བྱུང་ཁམས་དང་རི་དྭགས་སོགས་སྲུང་སྐྱོབ་བྱེད་པར་རྨང་གཞིའི་ཤེས་བྱ་དེ་དག་མེད་དུ་མི་རུང་བ་ཡིན་ནོ།། །།

[1] གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་བ།
[2] http://sciencewithkids.com/science-facts/facts-about-mammals.html
[3] http://eol.org/pages/1642/overview
[4]
བོད་སྤྱི་བཤད།