ཁོར་ཡུག་དང་ལུས་ཁམས་བདེ་ཐང་བར་གྱི་འབྲེལ་ལམ་རགས་ཙམ་བཤད་པ།

༢༠༢༠ལོར་ཨང་གསུམ་པ་ཐོབ་པའི་རྩོམ་ཡིག

རྔ་བ་ཀུན་བཟང་སྒྲོལ་མ།
རྔ་བ་ཀུན་བཟང་སྒྲོལ་མ།
དཔྱད་གླེང་།

འཛམ་གླིང་གི་སྣེ་མོ་གསུམ་པ་དང་ཨེ་ཤ་ཡའི་གཙང་པོའི་འབྱུང་ཁུངས་སུ་གྱུར་པའི་བོད་གངས་རིའི་ལྗོངས་ཀྱི་ཁོར་ཡུག་དང་། སྐད་བརྡ་དང་ཤེས་རིག མི་རིགས་དང་དཔལ་ཡོན་བཅས་ཀྱི་རང་དབང་ཆ་ཚང་བ་ཞིག་ནི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་འཚོ་བའི་རྟེན་ས་དང་།  ཞི་བདེ་ལྷིང་འཇགས་ལྡན་པའི་ས་གཞི་ཆེས་དམིགས་བསལ་བ་ཞིག་ཡིན་པས། དེ་དག་གི་ཡུན་གནས་དང་གོང་འཕེལ་གྱི་རྨང་གཞི་དང་མཐར་ཐུག་གི་རེ་ས་ཡོད་ཚད་ཁོར་ར་ཁོར་ཡུག་གི་མཛེས་སྡུག་དང་ཞི་འཇམ་གྱི་རི་ལུང་ལ་ཆགས་ཡོད། འོན་ཀྱང་། ཁོར་ཡུག་ཅེས་པ་ཚད་མཐོ་བའི་ཤེས་རྟོགས་དང་ཁུངས་ཐུབ་ཀྱི་དཔྱད་ཞིབ་འཛིན་སྐྱོང་ཐབས་ལམ་དག་བཤད་ཡོང་སྐབས། དུས་རབས་ཉེར་གཅིག་པའི་ཚན་རྩལ་རླབས་ཤུགས་ཁྲོད་ནས་གདོང་ལེན་དང་རྟོགས་སད་ཀྱི་སྙིང་སྟོབས་དགོས་པ་དེ་བས་གལ་ཆེ།  དེ་དག་ལས་ཀྱང་དུས་རབས་འདིའི་རང་རྟོགས་ཀྱི་རྣམ་དཔྱོད་དང་། རང་གནས་ཀྱི་ཁོར་ཡུག་ལ་དོ་སྣང་མེད་སོང་བས། ས་གཞི་འདི་དང་དེར་གནས་བཅས་པའི་མི་དང་སྲོག་ཆགས་ཀུན་ལ་སྔར་མེད་ཀྱི་སྡུག་བསྔལ་ཞིག་དང་། འཇིགས་སྐྲག ཛ་དྲག་ངང་གནས་བསྡད་པ་གྲངས་ལས་འདས།  དེའི་ཕྱིར། ཕྲན་ནས་ཀྱང་ཁ་ཞེ་གཉིས་མེད་དང་། ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་རང་གི་ཤེས་བྱ་དང་རིག་གནས་ཞན་པ་ལ་མ་ལྟོས་པར་རང་ཉིད་བདེ་བ་འདོད་མཁན་ཞིག་དང་སྡུག་བསྔལ་མི་འདོད་མཁན་ཞིག་ཡིན་པ་གཞི་ལ་བཟུང་ནས། ཁོར་ཡུག་དང་ལུས་སེམས་བདེ་ཐང་ཞེས་པའི་བརྗོད་བྱ་འདིའི་ཐོག་ལ་རིམ་པ་བཞི་ལ་དབྱེ་ནས་བཟོད་དཀའ་བའི་སྙིང་གཏམ་འགའ་སེམས་ཀྱི་རེ་བ་གཅིག་ཏུ་འདྲེས་ཡང་ལས་དབང་གི་ཁ་ཁ་བཏང་བའི་ངའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོ་ལ་ཞུ་འདོད་ཀྱི་མོས་པ་དང་། དམ་བཅའ། རེ་བ་སོགས་ཀྱིས་དཔྱད་གླེང་ཐུང་ཐུང་འདིའི་སྔོན་འགྲོའི་འབོད་དབྱངས་ཙམ་གྱི་ཚུལ་དུའོ།

དང་པོ། ལུས་ཁམས་བདེ་ཐང་དང་འབྲེལ་བའི་ཁོར་ཡུག་གཙང་བཟོའི་དགོས་པ།

རང་ཅག་འགྲོ་བ་མི་གཅིག་ཡིན་པ་དང་རེག་ཚོར་གྱི་མྱོང་བ་མི་གཅིག་ཀྱང་ཐམས་ཅད་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པས་ངའི་བརྗོད་ག་ལ་དགོས། གནས་ལུགས་འདི་ལ་གཞི་བཟུང་ནས་བཤད་ན། དྲང་བདེན་དང་གནས་ལུགས་རྟོགས་པའི་སྐྱེ་འགྲོ་ཀུན་ལ་རང་བྱུང་ཁོར་ཡུག་ལ་ལོངས་སུ་སྤྱོད་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་གཅིག་འདྲ་ཡོད། གནས་དོན་འདི་ངོས་འཛིན་གསལ་པོ་ཞིག་ཆགས་སོང་ན། ད་གཟོད་ཁྱེད་དང་ཁོར་ཡུག་བར་གྱི་འབྲེལ་བ་དང་། འོས་འགན། སྲུང་སྐྱོབ་སོགས་ཀྱི་འབྲེལ་བ་ལ་རྟོགས་སད་དགོས་ལ། ཕྱི་དངོས་ཅི་ཙམ་གཙང་ན་དེ་ཙམ་གྱི་ནང་སེམས་ལ་སྔར་མེད་ཀྱི་བདེ་བ་ཞིག་དང་ཞི་བདེ་སྐྲུན་ཐུབ་པ་གསལ་པོ་རེད། ལུས་ཁམས་དེ་འབྱུང་བ་ཆེན་པོ་ལྔ་ལ་བརྟེན་ནས་བདེ་སྡུག་གི་ཚོར་བ་མྱང་དང་མྱོང་བཞིན་ཡོད། འབྱུང་བ་དེ་དག་ལ་ནི་ཕྱིའི་ཁོར་ཡུག་ལ་རང་གི་སྲོག་ལྟར་བྲལ་ཐབས་མེད་པར་ཆགས་ཡོད། སྣང་ཚུལ་དང་འཁྲུལ་གཏམ་ཙམ་མ་ཡིན་པར། མི་དང་མི། མི་དང་སྲོག་ཆགས། མི་དང་སྤྱི་ཚོགས་གང་དང་གང་ཞིག་ཡིན་ཀྱང་ཕན་ཚུན་མི་མཐུན་པ་དང་རྩོད་རྙོག་གང་ཡང་མེད་ལ།  སྔར་ཡོད་ཀྱི་ཕྱི་སྣོད་ཀྱི་རི་དང་ཡིད་དུ་འོང་བའི་ནགས་ཚལ། མཐའ་ཡས་པའི་རྒྱ་མཚོ་སོགས་ལོངས་སུ་སྤྱོད་ནས་རང་གཞན་ཀུན་ལ་བསམ་ཤེས་ལེགས་པོ་བྱས་ན། ད་གཟོད། ལུས་ཁམས་དང་ཁོར་ཡུག་གི་བར་ན་ལྡོག་ཏུ་མེད་པའི་འབྲེལ་ལྡན་པའི་འདུ་ཤེས་ཅན་གྱི་རིག་གནས་བ་ཞིག་རེད་ཟེར་ཆོག དེ་མིན་རང་རེའི་ཕ་མ་རྣམས་ཀྱི་ཁ་རྒྱུན་ལ་ཡང་ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། རྩྭ་རྩི་ཤིང་བཅད་ན་མི་ཚེ་ཐུང་། རི་བཟང་བོ་སློག་ན་ལྷ་མི་དགའ་། དྲི་ངན་པ་བདུག་ན་གནམ་མི་དགའ་ཞེས་པ་སྤྱི་དམངས་ཀུན་ཕན་པའི་གདམས་ངག་ཁྲོད་ནས་ང་ཚོའི་གོ་རྟོགས་སད་དགོས་པ་ཧ་ཅང་མང་སྙམ།

ལྷག་པར་ཏུ་རི་སྐྱེས་གཅན་གཟན་རི་དྭགས་དང་། གཡུང་དྭགས་རྟ་ནོར་ལུག་གསུམ། ནམ་མཁའི་བྱ་བྱེའུ་སྣ་མང་། ས་གཞིའི་འབའ་འབུའི་སྡེ་རིགས་སོགས་དང་ང་ཚོའི་ལུས་ཁམས་བདེ་ཐང་ལ་འབྲེལ་ཆེ་ལ་དེ་དག་སྲུང་སྐྱོབ་ཀྱི་འདུ་ཤེས་མེད་སོང་བས། དུག་ལྔའི་ཞགས་ལ་བཅིང་བའི་སྐྱེ་འགྲོ་རྣམས་ཀྱི་རི་དང་ཆུ། བྲག་དང་སྤང་། མེ་ཏོག་དང་ལྗོན་ཤིང་སོགས་ལ་རིན་ཐང་གང་ཡང་མེད་པར་གང་གི་འདོད་པ་ལྟར་གསོད་དགོས་ས་ན་བསད། གཏུབ་དགོས་ས་ན་གཏུབ། གཏོར་དགོས་ན་གཏོར་ཏེ། མཐོང་མཐོང་རིག་རིག་ལ་རང་བྱུང་ཁོར་ཡུག་དེ་གཏོར་བཤིག་བཏང་བ་མང་དྲགས་བས། ཉིན་རེ་བཞིན་མིའི་ལུས་ཁམས་མི་བདེ་བ་དང་ནད་ན་ཚ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ངའི་བརྗོད་ག་ལ་དགོས། བློ་ཕམ་པའི་གནས་ཚུལ་དག་མཐོང་བཞིན་དུ་ད་དུང་སྔར་བཞིན་རང་འདོད་ཁོ་ན་དམིགས་ནས་འགྲོ་བསྡད་ན་ནམ་ཉི་མ་ཞིག་ལ་ཁོར་ཡུག་ཁ་ལོག་འགྱུར་ནས་ཡོད་ཚད་མེ་དཔུང་ཞིག་གི་ནང་ལ་ལྷུང་མི་སྲིད་པ་ག་ལ་ཡིན།

གཉིས་པ། ཆོས་ལུགས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁ་ཕྱོགས།

དེ་ཡང་ལམ་རིམ་ལས། ཁམས་གསུམ་བརྩིས་ན་ལྷ་རིགས་མང་བར་མངོན། ། རྒྱུ་འབྲས་བརྩིས་ན་ངན་སོང་མང་བར་མངོན། ། སྤྱི་སྡེ་སྒོ་རིགས་བྱོལ་སོང་མང་བར་མངོན། ། འཁོར་བ་ལྷང་ལུགས་བཤད་ན་དམྱལ་བ་མང་།།[1] ཞེས་གསུངས་པར་ལྟར་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པར་ཆེར་ཉུང་བས། རྐང་གཉིས་ཡོད་ཀྱང་སྤོ་མི་ཤེས་མཁན་དང་བདེ་སྐྱིད་ཡོད་ཀྱང་མྱོང་མི་ཤེས་མཁན་གྱི་འགྲོ་བ་མི་རྣམས་ནི་ཐོག་མ་མ་རིག་ནས་བཟུང་འཇིག་རྟེན་འཁོར་བ་ལྷུང་བ་རེད། དེ་ནས་བཟུང་ང་ཚོའི་འཁོར་བ་འདིའི་ཡོད་ཚད་ལ་མྱོང་དགོས་བྱུང་སོང་བ་རེད། མ་ཟད་དེའི་ནང་ནས་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དམིགས་བསལ་འགན་འཕར་མ་ཞིག་ཡོད་དེ། འགྲོ་བ་སེམས་ཅན་ཀུན་ལ་ཆེས་གལ་གནས་ཆེ་བའི་བྱམས་སྙིང་རྗེ་དང་། བཅོས་མེད་ཀྱི་བཟོད་པ། ལྷག་བསམ། མི་སྒེར་གྱི་རང་ཚུགས་ཀྱི་ལྟ་བ་ཡང་དག་རྣམས་གཅེས་སྐྱོང་གི་འགན་འཁྲི་ཡོད། དེའི་ནང་ནས་ནང་པ་ཞིག་ཡིན་པའི་ཆ་ནས་ཁོར་ཡུག་ལ་བདག་སྐྱོང་དགོས་པ་དེ་གལ་ཆེར་མཐོང་བས་གཤམ་ལ་ཆོས་ལུགས་དང་འབྲེལ་བའི་ཁོར་ཡུག་གཙང་བཟོད་ཀྱི་་ཐབས་ལམ་འགའ་བཀོད་འདོད།

  • གཅིག་ཤ་གཅིག་གིས་ཟ་བའི་སྲོལ་ལུགས་སྤངས་ནས་སྤྱི་སྡེ་སྒོ་རིགས་ཀུན་ལ་སྙིང་རྗེ་སྐྱེས་དགོས།  
  • གསོད་གཏུབ་སྡིག་པའི་སྐྱོན་དག་ཤེས་ནས་རྩ་ཆུང་སྤང་ལ་སྲུང་སྐྱོབ་བྱ་དགོས།
  • ཞེ་སྡང་འདོད་ཆགས་གཏི་མུག་སོགས་ཀྱི་དབང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་སྤོང་དགོས།
  • ཚེ་ཐུང་ནད་མང་མི་ཡོང་བའི་ཐབས་སུ་ཕྱི་སྣོད་ནང་གཅུད་སྲུང་སྐྱོབ་བྱ་དགོས།
  • འགྲོ་དྲུག་སེམས་ཅན་མ་ཡིན་བསམ་ནས་གཞན་གྱི་ཚེ་སྲོག་ལ་སྡུག་བསྔལ་མ་བཟོས།
  • རང་གི་སྲོག་ལ་དཔེར་བཟུང་ནས་གཞན་གྱི་སྲོག་ལ་ལག་རྩེད་མ་གནང་།
  • སེམས་ལྡན་ཡིན་པ་གཅིག་མཚུངས་ཐོག་ནས་བྱ་སྤྱོད་ཀུན་ལ་ཐུགས་བསམ་བཞེས་རོགས།

 

ཞེས་གོང་གི་གནས་དོན་བདུན་པོ་ནི་ནང་པ་བ་ཞིག་ཡིན་པའི་ཆ་ནས་རང་གི་ཁོར་ཡུག་སྲུང་སྐྱོབ་དང་གཙང་བཟོད་དགོས་པའི་ཆེར་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན་ལ། གལ་ཏེ་ཁོར་ར་ཁོར་ཡུག་དེ་ཞི་བདེ་དང་ལྷིང་འཇགས་ཞིག་མེད་ཚེ། ད་གཟོད་ང་ཚོ་སུ་དང་སུ་ཡིན་ཡང་གསོན་པོར་གནས་ཀྱང་ནམ་ཡང་བདེ་སྐྱིད་ཀྱིས་ཕོངས་པའི་ཁེར་རྐྱང་བདག་མེད་ཀྱི་མི་ཚེ་ཞིག་ཏུ་འགྱུར་སྲིད་པས། གནས་དོན་འདི་ལ་རེག་ཚོར་གྱི་མྱོང་བ་ལྡན་པའི་སྤྱི་འགྲོ་ཀུན་ནས་བསམ་ཤེས་ཡོད་པར་སྨོན།

 

[1] བོན་གྱི་ལམ་རིམ་ལས། རྩོམ་པ་པོ། མེ་སྟོན་ཤེས་རབ་འོད་ཟེར།

གསུམ་པ། འགྲོ་བ་མི་དང་འབྲེལ་བའི་ཁོར་ཡུག་བདག་སྐྱོང་མ་བྱས་པའི་ཉེས་དམིགས།

འགྲོ་བ་མི་ཞེས་པ་ནི་སྨྲ་ཤེས་དོན་གོ་བའམ། ཡོ་བྱད་བཟོ་ཤེས་ཤིང་ཡོ་བྱད་བཀོལ་ནས་ངལ་རྩོལ་ཤེས་པའི་སེམས་ལྡན་ཁྱད་འཕགས་པ་ཞིག་ཡིན་པས། སྲོག་ཆགས་གཞན་ལས་ལྷག་པའི་གོ་ས་དང་། ལས་འགན། རིན་ཐང་། ལྟ་ཚུལ། སྣང་ཚུལ། བྱ་ལུགས། སྤྱོད་ལུགས་ལ་སོགས་ཕྱོགས་གང་ནས་རང་གི་འདོད་པ་ལྟར་གནས་ལུགས་ལྡན་པའི་ལས་དོན་སྒྲུབ་ནུས་མཁན་དང་། གཞན་གྱི་དགོས་མཁོ་བཞིན་གསར་གཏོད་དང་སྟོབས་ལྡན་ཞིག་ལ་ངོས་འཇིན་གནང་ངོ་། གལ་ཏེ་ད་དུང་མི་ཞིག་ཡིན་བཞིན་དུ་ས་གཞི་དང་རི་སྐྱེས་སྲོག་ཆགས་རྣམས་ཀྱི་ཁོར་ཡུག་ལ་གཙང་བཟོད་མ་བྱེད་པར། ལྷིང་འཇགས་ཀྱི་འཚོ་བ་དཀྲུག་ནས་དུས་རྗས་སྣ་ཚོགས་བཟོ་བསྐྲུན་བྱས་ཏེ། ཆུ་རླུང་ཡོད་ཚད་སྦག་བཙོག་བཟོས། རང་བྱུང་རྩི་ཤིང་ནགས་ཚལ་བཅད་གཏུབ་མང་དྲགས་བས། ཆར་ཆུ་དུས་ཐོག་ལ་མི་བབས་པ་དང་། རླུང་ནག་འཚུབ་དམར་ལྡང་བ། ཆུ་ལོག་རྒྱག་པ། ས་འགུལ་གངས་ཉིལ་བྱུང་བས་འགྲོ་བ་མི་རྣམས་ལ་སྔར་མེད་ཀྱི་ནད་ན་ཚ་མང་བ། ཚེ་ཐུང་བར་ཆད་མང་བ། ཞ་ར་འོན་ལྐུགས་ཅན་སོགས་འགྱུར་ནས་གསོན་ལམ་ལས་འཆི་ལམ་ན་ཁ་ཕྱོགས་མཁན་མང་ངོ་། གནད་དོན་འདིའི་བྱུང་ཁུངས་ཡང་མདོར་བསྡུས་ནས་བཤད་ན་མི་རང་གི་ཁོར་ཡུག་ལ་བརྩི་མཐོང་དང་། རིན་ཐང་། གལ་གནད་སོགས་མ་མཐོང་བར་རང་གི་དཔལ་འབྱོར་དང་རྒྱལ་ཁ་ཁོ་ནར་དམིགས་པ་ངས་བཤད་ཅི་ལ་དགོས།

དེ་ལས་ཀྱང་བློ་ཕམ་པ་ཞིག་ལ་ཁོར་ཡུག་གཙང་བཟོ་མ་བྱས་པར་ཤོག་སྙིགས་ཡོད་ཚད་མཚོ་ལ་བཏབ། འགྱིག་ཤོག་གང་ཡོད་མེ་རུ་སྒྲོན། ཤེལ་དམ་སྣ་ཚོགས་ས་རུ་གཏོར། ཟས་ལྷག་འཐུང་ལྷག་གང་འདོད་གཏོར། ཁ་ལུད་སྣ་ལུད་གང་བྱུང་མང་བྱུང་གཡུགས་པ་སོགས་ལ་ཕྱི་འདང་ཞིག་བརྒྱབ་ན་ངོ་མ་རང་གི་རང་ལ་ངོ་ཚ་བའི་སྣང་བ་བྱུང་། མདོར་ན་བྱ་སྤྱོད་དེ་དག་གི་མཐར་སོ་སོའི་ཚེ་སྲོག་ལ་ཡང་གནོད་སྐྱོན་འབྱུང་གིན་ཡོད་པས་གོང་གི་ཉེས་དམིགས་ཡོད་ཚད་སྤང་ནས་ཁོར་ཡུག་གཙང་བཟོད་ཀྱི་ལས་རིམ་ནང་། ཆ་ཤས་ངེས་པར་ལེན་སྤྱོད་དགོས་པ་དང་། རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་དང་ལྷན་དུ་རང་གི་ཁོར་ཡུག་ལ་རང་གི་འགན་འཁུར་ནས་གྲུབ་འབྲས་མང་པོ་ཞིག་ལ་བརྩོན་ལེན་དགོས་པ་གལ་ཆེ་བར་འདུག་གོ

བཞི་པ། དུས་རབས་དང་མཐུན་པའི་ཁོར་ཡུག་ཅིག་སྐྲུན་ཐབས།

ལོ་ངོ་དུ་མ་ཞིག་གི་ཡར་སྔོན་ལ་བོད་གངས་ཅན་ལྷ་ཡི་ཞིང་ཁམས་འདིར་ཕྱིའི་ཡུལ་ལྗོངས་བལྟ་ན་སྡུག་ཅིང་གངས་རི་དང་སྤང་རི། བྲག་རི་དང་རྗ་རི། ནགས་ཚལ་སོགས་གཙང་ཞིང་ཡིད་དུ་འོང་བ་དང་། ཟང་ཟིང་ཚན་རིག་གི་གཏོར་སྐྱོན་བཏང་མཁན་གང་ཡང་མེད་པའི་ཆེས་ལྷིང་འཇགས་ཀྱི་ཞི་བའི་ལྷ་གནས་ངོ་མ་ཞིག་ཡིན།

དེ་དང་ཕྱོགས་མཚུངས་མེས་པོ་རྣམས་ཡང་དགེ་བའི་ལས་ལ་བརྩོན་ཞིང་སྡུག་ལས་ལ་འཛེམས་པ། འོན་ཀྱང་དུས་རབས་ཀྱི་འགྱུར་ཤུགས་དབང་གིས་ད་ལྟའི་སྐབས་སུ། བདེན་པ་མི་གཙོ་དཔལ་འབྱོར་གཙོ་བའི་དུས་རབས་ཉེར་གཅིག་པ་འདིའི་ནང་ལ། གནས་ལུགས་མི་གཙོ་དབང་སྒྱུུར་གཙོ་བའི་ཆབ་སྲིད་མང་། ཞི་བདེ་མི་གཙོ་དམག་འཁྲུག་གཙོ་བའི་སྒེར་གཅོད་དབང་བཙན། སྤྱི་དམངས་[1]མི་གཙོ་སྒེར་དོན་གཙོ་བའི་ཁྲིམས་བཅད་མང་དྲགས་བས། གནས་ལུགས་མང་པོ་ཞིག་གནས་ཚུལ་དང་སྣང་ཚུལ་བཞིན་བཤད་ས་མེད་ལ་བཤད་ཀྱང་ལག་ལེན་གང་མེད་པ་ང་ཚོ་ཚང་མའི་གོ་རྟོགས་སད་དགོས། ད་དུང་། གཞན་ཕྱོགས་མི་གཙོ་རང་ཕྱོགས་གཙོ་བའི་ལམ་ལུགས་ཀུན་ལ་མཉམ་འཇོག་མ་བྱས་ན། དུས་རབས་འདིར་མི་ཡོད་ཚད་འཕྲུལ་ཆས་ཀྱི་གཡོག་པོ་འགྱུར་ནས་ཁོར་ཡུག་ཅེས་པ་ཐ་སྙད་ཙམ་དང་ཁ་བཤད་ཚིག་སྐམ་ལས་ལག་ལེན་དངོས་སུ་མེད་པ་ཆགས་དང་ཆགས་བཞིན་ཡོད་པ་རེད།

དེ་ལྟར་དུས་རབས་འདིའི་ནང་ལ་ཕྱི་ནང་གི་གཙང་སྤྲ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་འཕར་མ་རེ་འཁུར་ནས་འགྲོ་བ་སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེའི་བསམ་བློར་སྐྲུན་ཐབས་སུ་འབད་དགོས་པ་གཅིག

 གཉིས་ནས་མི་རེ་རེ་ནས་ཉིན་རེའི་འཚོ་བའི་ཁྲོད་རང་གི་ཀུན་སྤྱོད་སོགས་ལ་དཔྱད་ཞིབ་བྱེད་ནས་བྱམས་དང་སྙིང་རྗེའི་ཁོར་ཡུག་གཞི་གཅིག་ཆགས་ཐབས་སུ་འབད་དགོས། དེ་དང་འདྲ་བ་ཁོར་ཡུག་གཙང་བཟོ་དང་སྲུང་སྐྱོབ་བྱས་ན། རང་གཞན་ཀུན་ལ་ནད་ཉུང་བ། ཚེ་རིང་བ། ལོག་ལམ་དུ་མི་འགྲོ་བ། ཟས་གོས་ནོར་སོགས་ལོངས་སྤྱོད་ལྡན་པའི་སྲོག་ལྡན་སྐྱེ་འགྲོ་ཀུན་ལ་ཞི་བདེ་ལྷིང་འཇགས་ལྡན་པའི་སྔར་མེད་ཀྱི་འཚོ་བ་གསར་བ་ཞིག་དང་། འཇིགས་སྐྲག་མེད་པའི་མི་ཚེ་སྐྱིད་པོ་ཞིག་ཡོང་ཐབས་ལ་དགེ་ཕན་རླབས་ཆེན་ཡོད་དོ།

 

[1] སྤྱི་དམངས་ཞེས་པ་ནི་རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ཡོད་པ་གང་ཞིག་ལ། རྒྱལ་ཁབ་དེའི་བཅའ་ཁྲིམས་ཀྱི་བཅས་དོན་ཚན་གཞི་ནང་ལྟར་འོང་འགན་ཐེག་འཁུར་དང་། འོས་བབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་མངའ་བའི་རང་བྱུང་མི་བུ་ལོའོ་ཞེས། གནམ་ས་གོ་འབྱེད་ལས། དྲངས། ཤོག་གྲངས། ༡༥༥། ཕྲིན། ༤

མཇུག་གཏམ་སེམས་ཀྱི་རེ་བ།

ཁོར་ཡུག་གི་རིན་ཐང་ངས་བཤད་ན་ལག་ལེན་གྱི་འཐབ་རྩོད་སུ་ཡིས་བྱེད། ཁོར་ཡུག་གི་གནས་བབས་ཇེ་སྡུག་ཡིན་ན་ཚན་རིག་གི་སྟོབས་ཤུགས་སུ་ཡིས་འགོག  བདག་འཛིན་གྱི་མཐའ་མ་སྡུག་བསྔལ་ཡིན་ན་བདག་སྤོང་གི་བདེ་བ་སུ་ཡིས་ཤེས། སྙིང་སྟོབས་ཀྱི་མེ་དཔུང་ཁོག་ཏུ་སྦར་ནས་དྲོད་སྐྱིད་ཀྱི་བདེ་བ་སུ་ཡིས་རྟོགས། དེ་ལྟར་འགྲོ་བ་མི་རིགས་ཀྱི་ལོ་རྒྱུས་དང་བསམ་བའི་འཁོར་ཕྱོགས་ལ་ཕྱིར་བལྟས་ཞིག་བྱེད་ན། གཅིག་ཤ་གཅིག་འཐུང་གི་སྲོལ་ལུགས་ཤིག་དང་། གཅིག་གསད་གཉིས་རྡུང་གི་འཐབ་རྩོད་ཁྲོད་ནས་མེད་པར་ཆག་སོང་བ་ལས་གཞན་གང་ཡང་མི་འདུག དཔེར་ན་རང་དོན་བསམ་ནས་ཁོར་ཡུག་གཏོར། རང་རྒྱལ་འདོད་ནས་གཞན་མགོ་རྡུང་།  དབང་ཤུགས་དང་བཙན་ཤུགས་ཁོ་ནས་ཁོར་ཡུག་དང་སྲོག་ཆགས་ཡོད་ཚད་མེད་པར་བཟོ་ཐབས་གནང་དང་གནང་བཞིན་པ་རེད། དེ་དང་འདྲ་བ་རྒྱལ་སྤྱིའི་ཐོག་ལ་གོང་དུ་བཤད་པར་ལྟར་དཔལ་འབྱོར་ཁོ་ནའི་སྟོབས་ཤུགས་དང་ཚན་རིག་གི་དངོས་པོའི་འཕེལ་རྒྱལ་ཁྲོད་ན་མཚན་ལ་གཉིད་མེད་པ་དང་། སེམས་ནད་ཅན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར། ཁོ་མོས་ཀྱང་རང་ཉིད་མི་རབས་གསར་པ་ཞིག་དང་དེ་ལས་ཀྱང་བུད་མེད་ཅིག་ཡིན་པའི་འགན་འཁྲིའི་ལས་འགན་ཉིད་དུ་བརྩིས་ཏེ། འགྲོ་བ་ཀུན་གྱི་བདེ་སྡུག་གི་ཆེད་དུ་བསམ་བློ་ཅི་ནུས་རེ་གཏོང་ཁུལ་བྱས་པ་ན། གོང་དུ་བཤད་ཟིན་པའི་སྙིང་གཏམ་དམར་པའི་ཚིག་འགའ་ཤོར་སོང་ལ། གནད་དོན་གང་གི་ཆ་ནས་ནོར་བ་དང་གནས་ལུགས་མེད་པ་ཡོད་སྲིད་པས་ཀློག་པ་པོ་ཡོངས་ནས་བསམ་ཤེས་ཡོད་པར་སྨོན། ངའི་རེ་བ་དང་རྨི་ལམ་ནི་ད་ནས་བཟུང་སྟེ། འགྲོ་བ་ཀུན་གྱི་དུས་རབས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་གནང་ཐབས་དང་། རང་ཅག་བོད་མི་རྣམས་ནས་རང་ཉིད་ནང་པ་བ་ཞིག་ཡིན་པའི་གཞི་རྩའི་བྱམས་བརྩེ་ཡི་འདུ་ཤེས། ལྷག་བསམ་གྱི་འདུ་ཤེས་སོགས་བརྙེད་དེ། དེ་ཡང་ཕྲན་ལ་མཚོན་ན། རང་ཉིད་བོད་མི་ཞིག་ཡིན་པ་མ་ཟད་། མི་རབས་གསར་པ་ཞིག་ཡིན་པའི་ངོས་ནས་སྤྱི་བའི་འགན་འཁྲི་ཞིག་ཡོད་སྙམ་པ་དང་ཆབས་ཅིག ཤེས་ཡོན་པའི་སྡེ་ཁ་ན་རང་མི་རིགས་ཀྱི་ཆོས་དང་རིག་གནས་གཙོ་བོ་སྤྱོང་མཁན་ཞིག་ལ་བྲེ་བྲག་གི་འོས་འགན་གཞན་ཞིག་ཡོད་པའི་སྔར་ནས་ཤེས་ཡོད། ཁ་སངས་ནས་བཤད་ན།  ཁོར་ཡུལ་དང་ལུས་ཁམས་བདེ་ཐང་ཞེས་འདི་ཡང་ཕྲན་གྱི་ལྟ་ཚུལ་དང་བསམ་ཚུལ་གཞི་མ་བྱས་ནས་ཏེ་རིང་གི་མི་རབས་གསར་པ་རྣམས་ལ་ཕུལ་བའི་སྐྱོ་བའི་གདུང་དབྱངས་ཤིག་ཡིན་ནོ།།