ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ།

༢༠༢༠ལོར་ཕུལ་བྱུང་གི་བྱ་དགའ་ཐོབ་པའི་རྩོམ་ཡིག

རྟ་གྲྭ་ཚེ་རིང་བཀྲ་ཤིས།

རྟ་གྲྭ་ཚེ་རིང་བཀྲ་ཤིས།

སྔོན་གླེང་།

མཆོད་པར་བརྗོད་པ།

མཚན་དཔེས་བརྒྱན་པའི་འོད་སྟོང་འབར་བའི་སྐུ།།
ཐུགས་རྗེ་ཆེན་པོས་དགའ་བདེ་རབ་སྐྲུན་ཞིང་།།
གཟུགས་ཅན་མི་ཡི་རྣམ་རོལ་སྤྱན་རས་གཟིགས།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོར་འདུད།།

ཅེས་སྐྱབས་ཡུལ་དམ་པ་ལ་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་གུས་ཀྱིས་གླེང་བར་བྱ་བ་ནི་”ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ་”ཞེས་པའི་བརྗོད་གཞི་ཐོག་སྡེ་ཚན་འགའ་ཕྱེ་སྟེ་བརྗོད་པར་སྤྲོ། 

༡༽ ཅི་ཞིག་ལ་ཁོར་ཡུག་ཟེར།

ཅི་ཞིག་ལ་ཁོར་ཡུག་ཟེར་རམ་ཞེ་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། “ཉི་མས་དྲོ་ཞིང་ཟླ་བས་བསིལ།། ཆུ་གཙང་མཁའ་དབུགས་རྩི་ཤིང་ལྡན།། གྲངས་མེད་སྐྱེ་བོར་ཆུ་བཅུད་སྟེར།། འདི་ནི་རང་བྱུང་ཁོར་ཡུག་གོ།”[1]ཞེས་གསུངས་པ་ལྟར་ས་ཆུ་མེ་རླུང་ཤིང་ལ་སོགས་པ་འགྲོ་བ་སེམས་ཅན་གྱི་གནས་ཆགས་སའམ། རང་བྱུང་གི་བཀོད་འམ། མིས་བཟོ་བཅོས་བྱས་པའི་ཉེ་འཁོར་གྱི་བྱ་དངོས་ཐམས་ཅད་ལ་ཁོར་ཡུག་ཅེས་ཟེར། སྤྱིར་སའི་གོ་ལ་སྣ་ཚོཊ་ཤིག་ཡོད་ཀྱང་།  གོ་ལ་གཞན་ནི་རང་བྱུང་གི་བཀོད་པ་བྲལ་བས་འགྲོ་བ་སེམས་ཅན་གནས་ག་ལ་ཆགས། འཛམ་གླིང་སའི་གོ་ལ་འདི་ཉིད་ནི་ཚ་ཚད་དྲོད་སྙོམས་ཤིང་མཛེས་སྡུག་རྣམ་པར་བཀྲ་བའི་རང་བྱུང་གི་བཀོད་པ་མང་ལ། འགྲོ་བ་སེམས་ཅན་གྱི་འཚོ་བ་ལོངས་སུ་སྤྱོད་བྱའམ་གནས་ཆགས་ས་ནི་འཛམ་གླིང་སའི་གོ་ལ་འདི་ཉིད་ཡིན།  སྤྱིར་ཁོར་ཡུག་ལ་རང་བྱུང་དང་འཛུགས་སྐྲུན་རྣམ་པ་གཉིས་མཆིས་ཤིང་། རང་བྱུང་ནི་འཛུགས་སྐྲུན་མ་ཡིན་པས་ས་ཆུ་མེ་རླུང་སོགས་དང་འགྲོ་བ་མིས་བཟོས་པའི་ཁང་ཁྱིམ་སོགས་མ་ཡིན་པ་རྣམས་སོ།

ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཧ་ཅང་གི་འབྲེལ་བ་དམ་ཟབ་ག་ལ་མེད། ནང་བཅུད་ཀྱི་སེམས་ཅན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཁོར་ཡུག་ལ་མ་བརྟེན་པ་མེད་པས་ཧ་ལམ་གཅིག་ལ་གཅིག་བརྟེན་ཡིན།  མདོར་ན་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ཚེ་སྲོག་གི་ངུ་སྐད་ཐོག་མ་གྲགས་ནས་དབུག་མཐའ་མ་ཆད་བར་དུ་ཁོར་ཡུག་ལ་དུས་སྐད་ཅིག་ཙམ་ཡང་མ་བརྟེན་པ་མེད།

 

[1] དེང་རབས་ཤེས་བྱའི་རླབས་ཕྲེང་། བླང་དོར་བཀའ་སློབ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད།

༢༽ ཁོར་ཡུག་དང་ནད་རིགས་བར་འབྲེལ་བ་གླེང་བ།

དེང་རབས་ཀྱི་དུས་ནི་སྙིགས་མ་ལྔ་བདོ་བའི་དུས་ཞེས་གནའ་སྔོན་མ་ལས་འགྲོ་བ་མིའི་སྤྱི་ཚོཊ་ནང་ནད་གསར་སྣ་ཚོགས་ཤིག་བྱུང་གིན་ཡོད་པ་བཤད་ཅི་དགོས།  ནད་གསར་ཅི་རིགས་ཤིག་ངལ་བ་བརྒྱ་ཕྲག་བརྟེན་ཏེ་ཐབས་ཤེས་ཡོད་དགུ་བཙལ་ཀྱང་སྨན་བཅོས་མ་ནུས་པར་རང་ཉིད་རིན་བྲལ་ཚེ་སྲོག་ཕོངས་དགོས་པ་མིག་མཐོང་ལག་ཟིན་ཡིན། དེ་བཞིན་དུ་ད་ལྟ་རྒྱ་ནག་རྒྱ་ཁབ་ཆེན་པོའི་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡུལ་གྲུ་ཀུན་ལ་རླུང་བཞིན་ཁྱབ་བརྡལ་དུ་ཕྱིན་ཏེ་འཛམ་གླིང་ཁ་ཆག་རྣ་རལ་གྱི་གནས་སུ་འགྱུར་ཡོད། དེ་ཚོ་ཚང་མ་ཉིན་རེ་བྱ་བའི་རྣམ་བཞག་འགྲེང་ཆགས་ཉལ་འདུག་གི་འཕྲོད་བསྟེན་ལ་སྐྱོན་ཤོར་བ་དང་རང་ཉིད་འཚོ་ས་ཁོར་ཡུག་ལ་དོ་ཕོག་ཆེ་བས་བྱུང་བ་སྨོས་མི་དགོས། འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་ཚང་མའི་ཚེ་སྲོག་འབྱུང་བ་ལྔ་ལ་བརྟེན་ཡོད་ཅིང་། ཇི་ཙམ་གྱི་ཕྱི་སྣོད་ལ་དོ་ཕོག་ཆེ་བ་དེ་ཙམ་གྱིས་ཆར་ཆུ་དུས་སུ་མི་འབབ་པ།  ལོ་ཕྱུགས་རྟག་ཏུ་མི་ལེགས་པ། ནད་ཡམས་ཅི་རིགས་ཤིག་འཕེལ་བ་སོགས་རྐྱེན་ངན་སྣ་ཚོགས་ཤིག་བྱུང་གིན་ཡོད། དེ་ལས་ལྡོག་སྟེ་རང་ཉིད་འཚོ་གནས་འཛམ་བུ་གླིང་འདི་ཇི་ཙམ་གྱི་མཛེས་སྡུག་གི་རྣམ་པར་བཀྲ་བའི་ཁོར་ཡུག་ཤིག་བསྐྲུན་ན་དེ་ཙམ་ཀྱི་ནད་ཡམས་ཉུང་དུ་མཆེད་པ། དངངས་སྐྲག་དང་འཇིག་སྣང་མེད་པ་སོགས་རང་བཞན་སེམས་ཅན་ཚང་མ་བཀྲ་ཤིས་པ་དང་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་ཐུབ། སྔར་ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་ཤར་མི་མྱོང་བའི་དེང་སང་འཛམ་གླིང་ཚ་དྲོད་མང་དུ་འཕེལ་བ། རང་བྱུང་གི་རྒྱུག་ཆུ་སྐམ་པ། ནད་ཡམས་གསར་པ་ཅི་རིགས་ཤིག་འཕེལ་བ་ལ་སོགས་པ་ཡོད་དོ་ཅོག་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ལས་བྱུང་བ་ཤ་སྟག་ཡིན།  དེའི་ཕྱིར་འགྲོ་བ་སེམས་ཅན་དང་ཁོར་ཡུག་བར་འབྲེལ་བ་དམ་པོ་ཡོད་པ་ཤེས་པའི་ཐོག་ནས་ནད་རིགས་ལས་སྐྱོབ་ཐབས་ལ་ཁོར་ཡུག་ལ་བདག་སྲུང་ལེགས་པོ་བྱེད་དགོས་སྙམ།

༣༽ ནད་རིགས་ཀྱི་འབྱུང་རྐྱེན་དང་སྔོན་འགོག

དང་པོ་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ་ལ་ཆོས་ཀྱི་ཐོག་ནས་བཤད་ན་ལས་དང་ཉོན་མོངས་པ་ཞེས་གཙོ་བོ་མ་རིག་པ་ལ་ཐུག་ཡོད་མོད། འོན་ཀྱང་། ནད་རིགས་འབྱུང་རྐྱེན་གཙོ་བོ་ནི་རང་ཉིད་སྐྱེད་སྲིང་བྱེད་ས་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་དྲགས་པ་དང་འཕྲོད་བསྟེན་གྱི་ཕོངས་པ་ལས་བྱུང་བ་ཤ་སྟག་ཡིན། དེང་དུས་ཕྱི་དངོས་པོ་རིག་གནས་ཡར་རྒྱས་ཆེས་མྱུར་བའི་ནང་ཡ་རབས་སྤྱོད་བཟང་གི་མ་འདང་བས་འཛམ་གླིང་འདིའི་སྟེང་དུ། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། རྙོག་གྲ་ཆེ་ཕྲ་ཆུང་གསུམ་ཅི་རིགས་ཤིག་བྱུང་གི་ཡོད།  དེ་བཞིན་དུ་ནད་རིགས་ཀྱང་སྣ་ཚོཊ་ཤིག་གཅིག་གིས་གཅིག་ལ་ཐུབ་ཚོད་དང་བསླུ་བྲིད། ང་རྒྱལ། ཕྲག་དོག འདོད་རྔམ་སོགས་ལས་བྱུང་བ་འབའ་ཞིག་ཡིན། དཔེ་མཚོན་ཙམ་ཞིག་བཀོད་ན། ཉོ་ཆ་ཚལ་གཅིག་ཡན་ཆད་(chemical )རྫས་སྦྱོར་འདྲ་མིན་བླུགས་ཏེ་ཕྱིའི་མཐོང་ཚུལ་ལ་མཛེས་ཤིང་སྡུག་པ་ཙམ་ལས་དངོས་པོའི་གནས་ཚུལ་ལ་བསླུ་བྲིད་ཀྱིས་ཁེངས་ནས་གཙོང་གི་ཡོད་པ་གོར་མ་ཆག  དེར་བརྟེན། འཛམ་གླིང་འདིའི་སྟེང་ནད་རིགས་མང་དུ་མཆེད་པ།  དངངས་སྐྲག་དང་འཇིགས་སྣང་སོགས་ཚང་མ་ནང་སེམས་པ་འདུལ་མི་ཐུབ་པ་ལས་བྱུང་བ་ཁོ་ན་ཡིན། དེ་འགོག་ཐབས་ལ་གཙོ་བོ་རྩ་བ་དེ་དྲངས་ཕྱུང་དགོས་པ་མ་ཟད། གཙོ་བོ་ལུས་ཀྱི་འཕྲོད་བསྟེན་ལ་གང་གཟབ་དང་། རང་ཉིད་འཚོ་ས་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་དགོས་པ་ཆེས་གལ་འགངས་ཆེ།  ཇི་ཙམ་གྱིས་ཁོར་ཡུག་ལ་བདག་གཅེས་བྱས་པ་དེ་ཙམ་གྱིས་ཁོར་ཡུག་དེར་གནས་པའི་འགྲོ་བ་མི་ཙམ་མ་ཡིན་པར་སྲོག་ཆགས་ཀུན་ལ་ཕན་པ་རླབས་ཆེན་ཡོད་པ་བཤད་ཅི་དགོས།  ཁོར་ཡུག་སྲུང་སྐྱོབ་ཟེར་བ་ནི་སེམས་ཅན་སྤྱི་ལ་སྨན་པའི་ཕན་པ་རླབས་ཆེན་ཞིག་ཡིན་པར་བརྟེན། གོང་དུ་བཀོད་པའི་ང་རྒྱལ། ཕྲག་དོག འདོད་རྔམ། བསླུ་བྲིད་ལ་སོགས་པ་ལྟ་བ་སྙིགས་མ་རྣམས་རྒྱང་དུ་དོར་ནས་འགྲོ་བ་ཀུན་ལ་ཕན་པའི་ཁོར་ཡུག་སྲུང་སྐྱོབ་ལས་བྱ་ལྟ་བུ་སྤེལ་ཐུབ་ན་སྤྱི་ཚོགས་སུ་ནད་རིགས་ཉུང་བ་དང་། རང་བྱུང་གིས་གནོད་པ་མི་ཡོང་བ་སོགས་ཕན་པ་རླབས་ཆེན་ལྡན་པས་དེ་ལས་སྔོན་འགོག་ལྷག་པ་ཞིག་ག་ལ་ལྡན་ཡོད་དོ།

༤ ༽ ཁོར་ཡུག་ཉམས་པའི་རྒྱུ་རྐྱེན་དང་སླར་གསོའི་ཐབས་གླེང་བ།

སྤྱིར་ད་ལྟའི་དུས་ནི་སྙིགས་མ་ལྔ་བདོ་བའི་འགྲོ་བ་མི་ཀུན་ཟིང་ཆ་ཆེ་བའི་འཁྲུག་ཆ་འདོད་པ་མ་ཟད། མི་འབོར་ཡང་སྔོན་ལས་ད་ལྟ་ལྡབ་གཉིས་གསུམ་མང་དུ་ཕྱིན་པས་ཕྱོགས་གང་ཅིའི་འཐད་ནས་ཉམས་པའི་རྒྱུུ་རྐྱེན་ཤིན་ཏུ་མང་།  སོ་སོའི་ཤེས་ཚད་དང་བསྟུན་ཏེ་རྒྱུ་རྐྱེན་གཉིས་གསུམ་ཞིག་བརྗོད་ན།  ཁོར་ཡུག་གལ་ཆེན་ཡིན་པ་མ་རྟོགས་ནས་སྒེར་དོན་གཙོ་བོ་འཛིན་ཏེ་བཟོ་སྐྲུན་གྱི་ལས་བྱ་སྣ་ཚོགས་སྤེལ་བ།  ཤིང་ནགས་ཚད་མེད་གཅོད་འབྲེག་བྱས་ནས་ཚོང་རྒྱབ་པ།  ཤིང་ནགས་དང་ས་ཞིང་རྒྱ་ཆེན་སོགས་ཕན་གནོད་ལ་མི་བལྟ་བར་གློག་ཁང་རྒྱ་ཆེན་དང་། མོ་ཊ་(རླངས་འཁོར་)ལམ་ཁ་རྒྱ་ཆེན་ལ་སོགས་པ་བཅས་ཡིན། དེང་སང་ཚན་རིག་གིས་ལས་བྱ་སྣ་ཚོགས་ཤིག་སྤེལ་ཡོང་དུས་འཕྲལ་གྱི་འཚོ་བ་སྐྱེལ་སྟངས་ལ་ཅུང་བདེ་ཡང་དོན་དངོས་སུ་དགོས་པ་ལས་མང་བ་གནོད་ཀྱིན་ཡོད། དཔེར་ན། བཟོ་གྲྭ་ག་རེ་བཙུགས་པ་ཡིན་ནའང་འགྲོ་བ་མི་འཚོ་བ་ལ་ཅུང་ཕན་ཡང་དོན་ངོ་མར་གོ་ལ་འདིར་གནས་པས་ཚེ་སྲོག་ཚང་མ་ལ་གནོད་ཀྱིན་ཡོད། 

འཛམ་གླིང་སའི་གོ་ལ་འདིར་མི་ལོ་ཉི་ཤུ་གོང་ལ་ཁོར་ཡུག་གི་དཀའ་ངལ་དེ་ཙམ་མེད་པས། ༢༠༠༠ ལོ་ནས་བཟུང་འཛམ་གླིང་ཡོངས་ལ་ཁོར་ཡུག་གི་དཀའ་ངལ་རིམ་བཞིན་བྱུང་ཞེས་མི་རབས་རྒན་པ་ཚོའི་གསུང་གོ་མྱོང་།

གཉིས་པ་སླར་གསོའི་ཐབས་གླེང་བར་བྱ་བ་ལ་ཁོར་ཡུག་ཅེས་པ་གལ་ཆེན་ཡིན་མིན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་གོ་རྟོགས་དགོས།  ཁོར་ཡུག་གལ་ཆེན་ཡིན་མིན་དང་། དོན་གྱི་གནས་ལུགས་མ་རྟོགས་པར་ཁོར་ཡུག་སྲུང་སྐྱོབ་ཅེས་ཚིག་སྐམ་དེ་རང་གི་དགྲ་ངོ་མ་ཤེས་ནས་དགྲ་གསད་རྒྱུ་ཟེར་བ་དང་ཅི་མི་མཚུངས།  དེར་བརྟེན་། ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་མིན་དང་མི་རེ་ངོ་རེའི་ཆེས་ལྕི་བའི་འགན་འཁྲི་ཡོད་པ་རྟོགས་དགོས་པ་གལ་འགངས་ཆེ། འཛམ་བུ་གླིང་ནང་ཁོར་ཡུག་གི་ཉིན་མོ་གཙོ་བོར་གྱུར་པའི་དེ་དང་འབྲེལ་བའི་ཉིན་མོ་སྲུང་བརྩི་མང་པོ་བྱེད་བཞིན་ཡོད། དེ་ནི་དགོས་མེད་དམ་དོན་མེད་སྲུང་བརྩི་བྱེད་པ་ག་ལ་ཡིན། དེས་ཁོག་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་དགོས་པའི་གོ་བརྡ་སྤྲོད་ཀྱིན་ཡོད་པ་དང་གལ་ཆེན་ཡིན་པ་མཚོན།  འ་ཅག་བོད་ཀྱི་གཏམ་དཔེ་ལ་”ཁ་བཤད་ཆུ་ཡི་ཝུ་བ། །ལག་ལེན་གསེར་གྱི་ཐིག་པ།།”ཞེས་པ་ལྟར་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ལག་ལེན་ཏིལ་འབྲུ་ཙམ་མེད་པའི་རང་དོན་ཁོ་ན་འཛིན་མཁན་སྐྱེས་བུ་རྣམས། རང་ལྟ་མཆོག་འཛིན་དང་ཀླད་རྙིང་མཁྲེགས་བཟུང་གི་ལྟ་བ་རྣམས་རྒྱང་དུ་དོར་ནས་ཁོར་ཡུག་སྲུང་སྐྱོབ་ལ་འབད་དགོས་པ་ཤིན་ཏུ་ནས་གལ་དགངས་ཆེ། ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་། གཞན་ལ་ཕན་ན་ཆོས་ཡིན་གསུང་པ་ལྟར་དེ་ནི་སེམས་ཅན་སྤྱི་ཡོངས་ལ་ཕན་པའི་བྱ་བ་ཞིག་ཡིན་ནོ།

མཇུག་གཏམ།

བོད་ཀྱི་སྤྱི་ཚོགས་སུ་ཁོར་ཡུག་སྐོར་གྱི་འགྲོ་གླེང་དང་། གོ་རྟོགས་སྤེལ་སའི་ལྡིངས་ཆ་སྐྲུན་རྒྱུ་སོགས་ལ་དམིགས་ནས་ལྷག་བསམ་ནམ་མཁའ་ལྟར་ཡངས་པའི་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་འབྲི་རྩོམ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པའི་གསེར་དང་མཚུངས་པའི་གོ་སྐབས་བཟངཔོ་དེར་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པའི་གཏམ་དཔེ་ལྟར། རང་ཉིད་ཀྱི་འབྲི་རྩལ་དང་མཐོང་རྒྱ་ཐོས་རྒྱ་ཤིན་ཏུ་ཞན་ཡང་རང་ཉིད་ཀྱི་རྕོམ་རྩལ་ཡར་རྒྱས་ཀྱི་ཆེད་”ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ་”ཞེས་པའི་བརྗོད་གཞི་ཐོག་གུས་པའི་རྨོངས་འཆར་དང་འབྲེལ་ནས་གཏམ་འགའ་འབྲི་ཁུལ་བྱས་པ་ཡིན། ཚིག་ཚོགས་མང་བའི་རྩོམ་ཤོག་འདིར་བརྡ་སྤྲོད་དང་སྡེབ་སྦྱོར་ཀློག་མི་བདེ་བ་སོགས་ཕྱོགས་གང་ཅིའི་འཐད་ནོར་འཁྲུལ་མཆིས་པས་དགོངས་འཁྲོལ་ཡོང་བ་ཞུ་བ་དང་། མཐའ་དོན་འཛམ་གླིང་ཞི་བདེའི་དད་དཔོན་༸གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས་མཇུག་བསྡུ་བའོ།

 

ཟུར་བལྟའི་དཔེ་དེབ།

 

2 )དེང་རབས་ཤེས་བྱའི་རླབས་ཕྲེང་། བླང་དོར་བཀའ་སློབ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད།

3) ཁོར་ཡུག་ལམ་སྟོན་དང་། བྱམས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ཕྱོགས་བསྡེབས། ༸གོང་ས་མཆོག་གིས་མཛད།