གཞན་དོན་དུ་བསྟིམས་པའི་མི་ཚེ།

ཁོར་སྲུང་པ་ཨ་སྐྱབས་རྒྱལ་སྲས་ཚང་གི་ངོ་སྤྲོད།

རྩོམ་པ་པོ་གཅན་རྣམ་ཐར། 

༄༅། །ཧྲང་ཧའེ་ཆེན་མོའི་འཛམ་གླིང་ཅི་ཉི་སིའི་[genius]ཐོ་འགོད་པ་དང་དྲིན་ཆེན་ཕ་མར་དྲིན་འཇལ་གྱི་དུས་ཆེན་སྲོལ་འབྱེད་པ། སྤྱི་དོན་པ་སྐུ་ཞབས་བསམ་གྲུབ་ཚེ་རིང་ནི། སྤྱི་ལོ་1968.2.1ཉིན་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་སྐྱེས་ཤིང་། སྤྱི་ལོ་1984ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འགྲིམས་ནས་མགོན་དགེ་བའི་བཤེས་གཉེན་བླ་མ་ཤར་གདོང་རིན་པོ་ཆེ་མཆོག་ཚུལ་བཞིན་བསྟེན་ཅིང་སྤྱི་ཚོགས་ཀྱི་བྱ་བ་མང་བོ་ཞིག་སྒྲུབ་པ་སྟེ།  དཔེར་ན། ཟི་ལིང་གྲོང་ཁྱེར་དུ་བོད་ཀྱི་ལོ་གསར་དུས་ཆེན་དང་དྲུག་པའི་ཀླུ་རོལ་ཆེན་མོ་བཙུགས་པ། མཁས་པ་མི་གསུམ་གྱི་ལྷ་ཁང་དང་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། མཚོ་སྔོན་བརྙན་འཕྲིན་ཁང་སོར་གནས་བྱུང་བ་སོགས་སོ།

སྐྱ་བོ་ཡིན་དུས་ཀྱི་སྐུ་ཞབས་བསམ་གྲུབ་ཚེས་རིང་།

སྤྱི་ལོ་1991ལོར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་གནའ་རྩོམ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་སློབ་ཞོར་དུ་བོད་སྤྱི་ཚོགས་ཚོང་རའི་དཔལ་འབྱོར་ཀྱི་སྣེ་ཁྲིད་ཆེད་ཟི་ལིང་རླངས་འཁོར་ས་ཚིགས་སུ་ཚོང་ཁང་དང་མགྲོན་ཁང་ཕྱེས་ནས་ཟི་ལིང་བོད་མིའི་ཁྲོམ་གྱི་གཞི་ཐོག་མ་བཟུང་བ་དང་། ‹མཚོ་སྔོན་མང་ཚོགས་སྒྱུ་རྩལ›དངམཚོ་སྔོན་ཏང་གི་སློབ་གྲྭའི‹རྩེར་སྙེག›དུས་དེབ་སྟེང་བོད་ཀྱི་རྩྭ་ས་རྩོད་གླེང་གི་དོན་རྐྱེན་བཀག་འགོག་གི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་སྒྲིག་པ་བྱས། སྤྱི་ལོ་1992ལོར། ཟི་ལིང་དུ་བོད་ཡིག་སྒེར་གཉེར་སློབ་གྲྭ་ཐོག་མ་གངས་ལྗོངས་བསམ་གྲུབ་ཀུན་ཕན་གླིང་བཙུགས།  སྤྱི་ལོ་1999ལོར། མཚོ་སྔོན་ནང་བསྟན་བོད་ཁྱིམ་ནོར་བུ་འབར་བ་བཟོ་རྩལ་ཐོན་རྫས་ཞབས་ཕྱི་ལྟེ་གནས་བཙུགས་ནས་བོད་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་རྩལ་ཉམས་པ་སླར་གསོ་བྱས།  སྤྱི་ལོ་2002ལོར། ཡུན་ནན་དུ་ཁོས་ཇུས་འགོད་བྱས་པའི་ཤམ་བྷ་ལའི་གོས་ཐང་ཆེན་མོར་ཧྲང་ཧའེ་ཆེན་མོའི་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་བཀོད་པ་དང་། རྒྱལ་ཐང་དུ་གྲུབ་མཐའ་རིས་མེད་ཐུབ་བསྟན་ཆོས་འཁོར་གླིང་བཏབ། རྒྱལ་ཐང་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་དེབ་ཐེར་གསར་དུ་བྲིས། སྤྱི་ལོ་2004ལོར། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཕྱི་ཚོགས་པ་བཙུགས་པ་དང་། ཚོགས་པ་དེའི་དམིགས་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ། མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ། དམངས་ཁྲོད་ཀྱི་ལག་རྩལ་སྲུང་སྐྱོབ་གསུམ་ཡིན་ལ། ཐོག་མར་བོད་རང་གིས་རང་གི་ཁ་ཟས་ཟ་བར་འབོད་བསྐུལ་བྱས་པ་མ་ཟད་ཟི་ལིང་དུ་ཁ་ཟས་རིག་གནས་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་ཐོག་མ་བསྒྲུབས། བོད་ཀྱི་སྐྱེ་ཁམས་རིག་པའི་དཔེ་ཆ་ཐོག་མ་‹སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར›པར་དུ་བསྐྲུན།    

སྤྱི་ལོ་2005ལོར། ལེ་བར་ཁྲི་ཡི་རྒྱང་སྐྱོད་ཀྱིས་བོད་ཀྱི་གནས་རི་དང་བླ་མཚོ་སྲུང་སྐྱོབ་བྱས་ཤིང་། ལོ་དེར་ཨེ་ཤ་ཡའི་རི་དྭགས་སྲུང་སྐྱོབ་ཀྱི་མཚན་སྙན་རྟགས་མ་ཐོབ་པ་དང་། མདོ་སྨད་སྐུ་འབུམ་དུ་སྐུ་འབུམ་ལས་རིགས་ལག་རྩལ་དྭ་ཕྲུག་སློབ་གྲྭ་བཙུགས་ནས་ད་ལྟའི་བར་དུ་དྭ་ཕྲུག་བརྒྱ་ཕྲག་ལས་བརྒལ་བ་བསྐྱངས།     སྤྱི་ལོ་2006ལོར། སྐབས་དང་བོའི་གངས་ལྗོངས་མ་ཎི་སྨོན་ལམ་ཆེན་མོའི་སྟེང་ཁོར་ཡུག་སྲུང་སྐྱོབ་བྱ་དགའི་རྟགས་མ་ཐོབ་ལ། ཁོང་ནི་ཕ་མ་ལ་ཤིན་ཏུ་ནས་བྱམས་པ་ཞིག་ཡིན་པའི་རྒྱུ་མཚན་ལ་གཞི་བྱས།     སྤྱི་ལོ་2007ལོར། དྲིན་ཆེན་ཕ་མར་དྲིན་འཇལ་གྱི་དུས་ཆེན་གྱི་སྲོལ་ཕྱེས་ནས་ལྷ་བབས་དུས་ཆེན་ལ་གཏན་འཁེལ་གྱི་ཆོག་མཆན་ཐོབ།     སྤྱི་ལོ་2009ལོར། ཀྲུང་ཧྭ་ཨན་རན་ཚན་རྩལ་ཀུང་ཟིས་སྙིང་རྗེའི་བདག་པོ་ཞེས་པའི་མཚན་སྙན་གྱི་གཟི་བརྗིད་བྱ་དགའ་གནང་བ་དང་། བོད་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་བཅོས་བསྒྱུར་སྐོར་གྱི་བསམ་ཚུལ་ཞེས་པའི་དཔྱད་རྩོམ་ལ་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་དཔལ་འབྱོར་རྩོམ་རིག་གི་བྱ་དགའ་ཐོབ།     སྤྱི་་ལོ2010ལོར། ‹ལས་དབང་གི་གངས་རི་ལགས། ང་ལ་གསུངས་རོགས›ཞེས་པའི་སྙན་དེབ་པར་དུ་སྐྲུན། ལོ་དེར་བོད་ཀྱི་གསོ་བ་རིག་པའི་རྒྱུགས་འགྲན་ལ་ཞུགས་ནས་སྨན་པ་འབུམ་རམས་པའི་ལག་ཁྱེར་ཐོབ་ཐང་བླངས།  སྤྱི་ལོ་2012ལོར། སི་ཁྲོན་གསེར་རྟ་མཁན་སློབ་དགོན་ཁྲི་ཆེན་དར་རྒྱས་གླིང་གི་ཨ་སྐྱབས་རྒྱལ་སྲས་སྐུ་ཕྲེང་ལྔ་བ་ནམ་མཁའ་ཀློང་ཡངས་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་གྱིས་བསྟན་འགྲོའི་མགོན་དུ་བཞུགས།

ཁོང་ཚང་སློབ་གྲྭ་ཆེ་འབྲིང་སོགས་འགྲིམས་ཤིང་། སྔ་རྗེས་སུ་སྤྱི་ཚོགས་ཀྱི་ལས་རིགས་དུ་མར་ཞུགས་པ་དང་། ནང་སྒོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་ཐུགས་ཁུར་རྒྱ་ཆེར་གནང་སྟེ། སྤྱི་ལོ་2000ལོ་ནས་བཟུང་བོད་ཀྱི་སྐྱེ་ཁམས་རིག་པའི་དཔེ་ཆ་ཐོག་མ‹སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར›འབྲི་མགོ་ཚུགས་ཤིང་། སྤྱི་ལོ་2004ལོར་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་དང་། ལོ་དེར་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པWWFཞེས་པའི་ཐེབས་རྩ་ཚོགས་པའི་བྱ་དགའ་ཐོབ། སྤྱི་ལོ་2005ལོར་ལེ་བར་ཁྲི་ཡི་རྒྱང་སྐྱོད་ཀྱིས་བོད་ཀྱི་གནས་རི་དང་བླ་མཚོ་སྲུང་སྐྱོབ་བྱས་སྐབས། ལོ་དེ་ནས་མགོ་ཚུགས་ཏེ། ཚེ་རིང་རྣམ་དྲུག་གཙོར་བགྱིས་པའི་བོད་ཡུལ་སྟོད་སྨད་ཀྱི་བླ་རི་དང་། བླ་མཚོ། བླ་ཤིང་བཅས་གཞིར་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཐང་ག་ཉི་ཤུ་ཐམ་པ་དང་། མཐུན་པ་སྤུན་བཞིའི་བྱུང་རིམ་གཞིར་བྱས་པའི་སྤྱི་ཚོགས་་་འཆམ་མཐུན་སྐོར་གྱི་ཐང་ག་ཉི་ཤུ་ཐམ་པ་བཅས་ཁོར་སྲུང་དང་འཆམ་མཐུན་གྱི་ཞལ་ཐང་ཆེན་མོ་བཞེངས་མགོ་ཚུགས་ཤིང། སྤྱི་ལོ་2007ལོར། ཁོར་སྲུང་དང་འཆམ་མཐུན་སྐོར་གྱི་ཐང་ག་བཞི་བཅུའི་འགྲེལ་བཤད་བོད་རྒྱ་དབྱིན་གསུམ་བཅས་ལེགས་པར་གྲུབ་ཅིང་དབུས་ལྷ་ལྡན་ནས་རབ་གནས་ཞུས།

སྤྱི་ལོ་2015ལོར། ཁོར་སྲུང་གླིང་ཞེས་པའི་དྲྭ་རྒྱའི་གླེང་སྟེགས་ཤིག་བཙུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཁོར་སྲུང་མི་སྣ་དག་ལ་བོད་མིའི་འདུ་ཤེས་ལྟ་བའི་སྟེང་གི་ཕྱིའི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་འགྲོ་བ་བྱུང་ཚུལ་བཅས་གཞིར་བགྱིས་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སློབ་ཁྲིད་མཛད་ནས་སློབ་མ་མང་པོ་བསྐྱངས།

དབྱར་སྒའི་ཁོར་ཡུག་སྐྱོབ་བགྲོ་གླེང་།

སྤྱི་ལོ་2016ལོ་ནས་ད་ལྟའི་བར་ལོ་རེ་བཞིན་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་བསྡུས་ནས་ཚོགས་ཐོག་དུའང་སྟོད་མངའ་རིས་སྐོར་གསུམ་ནས་སྨད་མདོ་སྨད་བླ་བྲང་གི་བར་གྱི་ཁོར་སྲུང་མི་སྣ་མང་པོ་གདན་དྲངས་ཤིང་། ལོ་རེའི་ཁོར་སྲུང་བྱ་བའི་སྤྱི་བསྡོམས་དང་ལོ་རྗེས་མའི་འཆར་གཞི་བཅས་གཏན་ཁེལ་མཛད་ཀྱིན་ཡོད་པར་མ་ཟད། ཚོགས་མི་དེ་དག་གིས་ཀྱང་ས་ཁུལ་སོ་སོ་ནས་ཚོགས་པ་བསྡུས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་། ལས་ཀ་ལག་བསྟར་བགྱི་བཞིན་པ་གདའ།

མདོར་ན། ཨ་སྐྱབས་རྒྱལ་སྲས་ཚང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བསྟན་བཅོས་མཛད་ཡོད་པ་དང་། ཁོར་སྲུང་ཤེས་བྱ་དྲིལ་བསྒྲགས་སོགས་བརྒྱུད་ཁོར་སྲུང་མི་སྣ་མང་པོ་གསོ་སྐྱོང་གནང་ཡོད་པ་བཅས་སྒང་པ་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་རྣམ་ཀུན་སེམས་ཀྱིས་བརླན་ནས་ཁོར་སྲུང་ཕྱོགས་ཀྱི་བྱ་བ་རླབས་ཆེན་རབ་དང་རིམ་པ་མང་པོ་བསྒྲུབ་པ་དང་མཉམ་ཞུགས་ཀྱང་བྱས་མྱོང་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་ཟབ་སྦྱོང་།

སྤྱི་ལོ་2017ལོའི་ཟླ་8པའི་ཚེས་16ནས་ཚེས་18ཉིན་བར། ཀན་ལྷོ་ཁུལ་ཞིང་འབྲོག་རིག་གནས་ཡར་སྐུལ་ཚོགས་པ་དང་། ཀན་ལྷོ་ཁུལ་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་གཉིས་ཀྱིས་དབྱར་སྒའི་ཁོར་ཡུག་སྲུང་སྐྱོབ་བགྲོ་གླེང་ཚོགས་འདུ་དེ་ཀན་ལྷོ་ཁུལ་ཀླུ་ཆུའི་མཚོ་ཉིན་ནས་འཚོགས་ཤིང་། ཚོགས་སྟེང་དུ་འཆད་ཁྲིད་དགེ་རྒན་ཨ་སྐྱབས་རྒྱལ་སྲས་ནམ་མཁའ་ཀློང་ཡངས་ཚང་དང་། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་འཇུ་བཀྲ་ཤིས་བཟང་པོ་དང་། མཚོ་སྔོན་པོ་གསེར་ཉ་སྲུང་སྐྱོབ་པ་རྒན་རྣམ་རྒྱལ་སོགས་གདན་འདྲེན་ཞུས་པ་དང་། ཀན་ལྷོ་ཁུལ་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམ་པའང་ཞུགས་ཡོད།  ཀན་ལྷོ་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་ཞུ་ཚིག་བསྐུར་ཡོད་པ་མ་ཟད། ད་དུང་ཀན་ལྷོ་ས་ཁུལ་གྱི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཅུ་ཕྲག་ལྷག་དང་ཚོགས་མི་བརྒྱ་ཕྲག་ལྷག་ཡོང་ཡོད། ཀན་ལྷོ་ཁོར་སྲུང་ཅུའུ་ཡི་འགོ་ཁྲིད་མི་སྣས་བགྲོ་གླེང་ཚོགས་འདུ་ལ་མདོ་འཛིན་བྱས། 

འཆད་ཁྲིད་གདན་འདྲེན་དགེ་རྒན་ཨ་སྐྱབས་རྒྱལ་སྲས་ཚང་གིས་གསུང་རྒྱུར། ཐོག་མར་ཁོར་སྲུང་བ་དག་གིས་བྱམས་དང་སྙིང་རྗེ་ཡིས་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། ཉེ་རིང་ཆགས་སྡང་མེད་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། ཕྱི་ནང་གི་སྣོད་བཅུད་ཀྱི་རྟེན་འབྲེལ་ལ་བསྟུན་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། སེམས་ཀྱི་ཁོར་ཡུག་གཙོ་བོར་བཟུང་ནས་སྲུང་སྐྱོབ་བྱས་ན་ཕྱི་སྣོད་ཀྱི་གད་སྙིགས་ཇེ་ཉུང་དུ་འགྲོ་བ། ནང་བཅུད་ཀྱི་སེམས་ཅན་ལས་མི་གཙོ་བོ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འཆད་ཁྲིད་གནང་། 

ཀྲུང་གོ་གུང་ཁྲན་ཏང་གིས་ནུས་ཤུགས་ཡོད་དགུས་རི་བོ་སྔོ་ཞིང་ཆུ་བོ་དྭངས་པ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་མི་རྣམས་ཀྱི་རྒྱུད་ལ་ཆགས་པར་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ་དང་། ཧུར་ཐག་སྒོས་མཛེས་སྡུག་གི་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེས་མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་གོ་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཡར་སྐུལ་བྱེད་པར་ཤན་ཤུགས་ཆེན་པོ་ཐེབས་ཡོད། དེ་བས་ཀྲུང་གོ་གུང་ཁྲན་ཏང་གི་གཙོ་འཛིན་རྣམས་དང་ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་རྣམས་ཀྱིས་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་བྱ་བ་ཀུན་གྱི་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་བཞིན་པའི་དུས་སྐབས་དང་བསྟུན་ནས། ཁོང་གིས་བཙུགས་པའི་མདོ་དབུས་མཐོ་སྒང་ཁོར་ཡུག་སྲུང་སྐྱོབ་གླིང་གིས་ཀྱང་སྤྱི་ལོ་2018ལོའི་ཟླ་8པའི་ཚེས་24ཉིན་ནས་ཚེས་26ཉིན་བར་མདོ་སྨད་གཅན་ཚ་མདའ་མོ་གཡང་རྫོང་དང་ཡུལ་རེབ་གོང་རིག་འབྱུང་གྲོང་གཉིས་ནས༼ང་ཚོས་ལྗང་མདོག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད།༽ཅེས་པ་བརྗོད་བྱ་ཡིན་པའི་མདོ་དབུས་མཐོ་སྒང་ཁོར་ཡུག་སྲུང་སྐྱོབ་བགྲོ་གླེང་སྐབས་གཉིས་པ་ཚོགས་པའི་སྟེང་དུའང་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་འཆད་ཁྲིད་དགེ་རྒན་ཨ་སྐྱབས་རྒྱལ་སྲས་ཚང་གི་མདུན་ནས་སླད་མར་བསང་ནང་དུ་གོས་སྣ་སོགས་མི་འཕེན་པ་དང་། ལོ་སར་དང་བསང་ཕུད་སྐབས་ཤོག་སྦག་མི་རྒྱག་པ། སྐོམ་ཆུ་འཐུང་ཚར་རྗེས་སྣོད་སྟོང་གང་སར་མི་གཡུགས་པ། ལོ་སར་གྱི་སྐབས་སུ་སྐོམ་ཆུ་ཉུང་ཙམ་ཉོ་རྒྱུ་བཅས་ལ་མནའ་བཅད་པ་དང་། མདའ་ཤིང་རློན་པ་གང་བྱུང་དུ་བཅད་དེ་མདའ་མི་གཏོད་པ་དང་། རང་རང་གི་ཆུང་མར་ནམ་རྒྱུན་བརྙས་བཅོས་དང་ཐུབ་ཚོད་མི་བྱེད་པའི་རེ་བ་བཏོན།

མདོར་ན། ཨ་སྐྱབས་རྒྱལ་སྲས་སྐུ་ཕྲེང་ལྔ་བ་ཚང་གིས་མདོ་དབུས་མཐོ་སྒང་གི་སྣོད་བཅུད་གཉིས་ཀྱི་ཆེད་དུ་འཆད་ཁྲིད་གནང་བ། ཕྱག་དཔེ་མཛད་པ། ཚོགས་པ་འཛུགས་པ་ལ་སོགས་པའི་མཛད་འཕྲིན་སྐྱོང་བཞིན་སྐུ་ཚེ་གཞན་དོན་དུ་སྟིམ་བཞིན་པ་ཡིན་ནོ།།  །།