གྲི་ཏྭ་ཐན་བྷརྒ་ཀྱི་མི་ཚེའི་ལོ་རྒྱུས་དང་མོའི་བསམ་བློའི་ཁ་ཕྱོགས་ལ་དཔྱད་པ།

གྲི་ཏྭ་ཐན་བྷརྒས་༢༠༡༩ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ད་གཏམ་བཤད་བཞིན་པ། པར་ཁུངས་ Photo: AP/PTI)

རྩོམ་པ་པོ་རྔ་བ་ཀུན་བཟང་སྒྲོལ་མ།

[གནད་བཏུས]    གྲི་ཏྭ་ཐན་བྷརྒ་[Greta Thunberg]ལགས་ཀྱི་མི་ཚེའི་ལོ་རྒྱུས་ལ་མཚོན་ན་འདས་པའི་མི་ལོ་བཅོ་བརྒྱད་ཙམ་གྱི་གོང་ལ་བྱུང་བས། གཞུང་ལུགས་ཞིག་ལ་དཔྱད་པ་ལྟར་དགག་གཞག་སྤང་གསུམ་གྱི་རྩོད་གླེང་མེད་ལ། ཡིག་ཆ་གལ་ཆེན་མང་པོ་ལ་དཔྱད་བསྡུར་དང་། དེའི་ཕ་མ་དང་སྐྱེས་ཚེས་ལོ་ཚིགས། མིང་སོགས་གཅིག་མཐུན་ཡིན་མིན་དེ་བས་ཀྱང་ཞིབ་འཇུགས་བྱེད་དགོས་དོན་མེད།དཔྱད་རྩོམ་འདི་གཙོ་བོ་རིམ་པ་གསུམ་ལ་དབྱེ་ཡོད།

དང་པོ། གྲི་ཏྭ་ཐན་བྷརྒ་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་། གཉིས་པ། མོའི་ལྟ་བ་དང་བསམ་བློའི་ཁ་ཕྱོགས། གསུམ་པ། མོའི་རེ་བ་དང་རྨི་ལམ་བཅས་སྐོར་ལ་ཕྱོགས་བསྡོམས་ཆ་ཚང་བ་ཞིག་ཡོང་ཐབས་སུ་བརྩོན་པ་ཆེར་བསྐྱེད་བྱས་ཡོད། ལྷག་པར་ཏུ་གཞོན་ནུ་མ་ལོ་ཆུང་ཞིག་གི་བསམ་བློའི་འཁྱེར་ཕྱོགས་ཀྱི་སྟེང་ནས་གོ་ལ་ཟླུམ་པོ་འདིའི་སྟེང་གི་མི་རབས་གཞོན་པའི་ནང་བསམ་བློའི་རང་དབང་དང་། ཐག་གཅོད། འགན་འཁྲི། ནུས་པ་སོགས་ལ་བག་ཆགས་ཇི་ལྟར་བཞག་ཡོད་མེད་ལ་ཡང་ཞིབ་ལྟ་ཞིག་བྱས་ཡོད།

[གནད་ཚིག]   མི་ཚེ། ལོ་རྒྱུས། ལྟ་བ། ཁ་ཕྱོགས། འགན་འཁུར།

ས་བཅད་དང་པོ། གྲི་ཏྭ་ཐན་བྷརྒ་ལགས་ཀྱི་མི་ཚེའི་ལོ་རྒྱུས། 

གནམ་གཤིས་འཐབ་རྩོད་པ་གྲི་ཏྭ་ཐན་བྷརྒ་ལགས་ནི་སྤྱི་ལོ་༢༠༠༣།༡།༣ ཉིན་སུ་ཝི་ཌིན་[Sweden]ཞེས་པའི་ལུང་པ་ལ་སྐྱེས་ཞིང་། མོའི་ཨ་མ་ནི་རང་ལོ་༥༢ དང་སྲོལ་རྒྱུན་གྱི་གླུ་གཞས་གཏོང་མཁན་ཞིག་ཡིན། ཨ་ཕ་ནི་རང་ལོ་༥༠ དང་སྒྱུ་རྩལ་འཁྲབ་སྟོན་པ་ཞིག་ཡིན། ཁྱིམ་ཚང་གི་ཁོར་ཡུག་ནང་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེན་པོ་ཡོད་དེ། མོའི་པོ་ལགས་ཀྱང་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་ཆེན་མོ་ཞིག་ཡིན། ད་ལྟའི་ཆར་རོལ་མོ་མཐོ་སློབ་(the Royal College of Music ) ཏུ་རོལ་མོ་དང་གླུ་གར་ཐོག་ལ་སློབ་གཉེར་གནང་དང་གནང་མུས་ཡིན། 

གྲི་ཏྭ་ཐན་བྷརྒ་ལ་ཆུང་དུས་ནས་བཟུང་རང་གཡེང་འཁྲུག་སྐྱོན།(Autism Spectrum disorder) ཞེས་པའི་ནད་ཅིག་བྱུང་ཡོད།  ནད་རིགས་དེ་དང་འབྲེལ་ཡོད་རྣམས་ནི་གནད་དོན་བྱེ་བྲག་ལ་ཧ་ཅང་གི་དོ་སྣང་དང་སྨོན་པ་ཤུགས་ཆེན་ཡོད་པས། མོས་ལོ་བརྒྱད་ཙམ་ནས་བཟུང་ཁོར་ཡུག་དང་གནམ་གཤིས་ལ་དོ་སྣང་དམིགས་བསལ་ཞིག་སླེབས་ནས་ལོ་མང་རིང་སེམས་ངལ་གྱི་ནད་བྱུང་བ་ཁོ་མོའི་ལོ་རྒྱུས་ནང་ལ་གསལ་འདུག

སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༨་ཚེས་༢༠སྟེ་རེས་གཟའ་པ་སངས་ཉིན་སུ་ཝི་ཌིན་གྱི་འོས་ཤོག་འཕངས་སྐབས་སུ་གྲི་ཏྭ་ཐན་བྷརྒ་ཀྱི་སེམས་ནས་མ་བཟོད་པར་སློབ་གྲྭ་ནས་ཐོན་ཏེ། གྲོས་ཚོགས་ཀྱི་སྒོ་ཁར་རང་ཉིད་གཅིག་པོ་བསྡད་ནས་གནམ་གཤིས་ཀྱི་དཀའ་ངལ་ལ་ཞི་བའི་ངོ་རྒོལ་བྱས་ཡོད། ཉིན་དང་པོར་རང་ཉིད་གཅིག་པུ་ཡིན་ན་ཡང་། རིམ་བཞིན་མོའི་བྱ་སྤྱོད་ཀྱིས་མི་མང་ལ་སྔར་མེད་ཀྱི་སེམས་འགུལ་ཞིག་ཐེབས་ཏེ ། འཛམ་གླིང་གི་ལུང་པ་ཕྱོགས་སོ་སོ་ནས་སློབ་མ་སྟོང་ཕྲག་འགའ་མཉམ་འཛོམས་ཐོག་ནས་དཔོན་རིགས་དང་ཚོང་པ། ཆབ་སྲིད་པ། ཚན་རིག་པ་སོགས་ལ་ཞི་བའི་ངོ་རྒོལ་བྱས་ཏེ།  མ་འོངས་པའི་རེས་གཟའ་པ་སངས་(Friday for future )ཞེས་པའི་ཉིན་མོ་ཞིག་ཀྱང་གསར་དུ་བྱུང་ཡོད་ལ། ཁོ་མོ་ནི་གོ་ལ་ཟླུམ་པོའི་སྟེང་གི་གནམ་གཤིས་ཀྱི་དཀའ་ངལ་ཐོག་ལ་འཐབ་བརྩོད་ཀྱི་ཞི་རྒོལ་གནང་མཁན་གྱི་བུད་མེད་ལོ་ཆུང་ཆེས་ཐོག་མ་དེ་ཡང་ཆགས་པ་དང་། སྤྱི་ལོ་༢༠༡༩ལོའི་འཛམ་གླིང་ནང་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་མཁན་མི་བརྒྱའི་ནང་ལ་སླེབས་ཡོད། ཞི་བདེའི་གཟེངས་རྟགས་ཀྱི་མིང་གཞུང་གི་ཁུངས་སུ་ཡང་ཁོ་མོའི་མཚན་བཟང་པོ་བསྒྲགས་ཡོད་པས། ཁོ་མོ་ནི་ནམ་ཡང་ཉམས་པ་མེད་པའི་གོ་ལ་སྤྱིའི་སྐར་མ་འོད་ཆེན་ཞིག་ཡིན། 

ས་བཅད་གཉིས་པ། གྲི་ཏྭ་ཐན་བྷརྒ་ལགས་ཀྱི་ལྟ་བ་དང་བསམ་བློའི་ཁ་ཕྱོགས། 

༽ བྱམས་བརྩེ་ཆེ་བའི་བསམ་བློ་བ། 

ངས་འདི་ལྟར་ཉིན་དུ་མའི་རིང་ལ་གྲི་ཏྭ་ཐན་བྷརྒ་ལགས་ཀྱི་ལོ་རྒྱུས་དང་། གཏམ་བཤད། འབོད་ཚིག་ཁག་ལ་དཔྱད་བརྗོད་བྱས་པའི་ཁྲོད་ནས་བཤད་ན། ཁོ་མོའི་འཚོ་བའི་རྒྱབ་རྟེན་ལ་འགྱུར་མེད་བྲག་རི་ལྟ་བུའི་ཤེས་ལྡན་གྱི་ཕ་མ་གཉིས་ཡོད་པར་མངོན། ད་དུང་མོའི་བྱིས་དུས་ཀྱི་འཚོ་བ་ལ་མཚོན་ན་སྒྱུ་རྩལ་གྱི་དྲི་བཟང་ཁྱབ་པའི་ཁྱིམ་ཚང་ཞིག་ལ་སྐྱེས་བ་དང་གཅིག 

གཉིས་སུ་མོ་བྱིས་པའི་དུས་སུ་ཕ་མ་གཉིས་ཀྱི་དྲོ་སྐྱིད་ཀྱིས་བསྐྱངས་པའི་བྱིས་པ་ཞིག་བྱ་རྒྱུ་བྱུང་ཡོད་དེ། མོས་“ང་བསོད་ནམས་ཅན་རེད་འདུག། འོན་ཀྱང་མི་མང་གིས་སྡུག་བསྔལ་མྱོང་བིན་ཡོད།” ཅེས་གསུངས་པར་དཔྱད་ན། བྱམས་སེམས་ལ་བརྟེན་ནས་མི་དམངས་སྤྱི་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་པ་མ་གཏོགས། མི་སྒེར་གྱི་ཕུགས་བསམ་དང་རེ་བ་ཁོ་ནའི་དབང་དུ་སོང་ན། དུས་རབས་ཀྱི་འཚར་ལོངས་དང་བསྟུན་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་པ་ཡོང་དཀའ་བར་བཤད་ཡོད།  

༢༽ ཐག་གཅོད་ལེགས་པའི་བསམ་བློ་བ་། 

གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་བདག་ཅེས་པ་བདེན་པར་མཐོང་ལ། ནང་བསམ་བློའི་སྟོབས་ཤུགས་ཅན་གྲི་ཏྭ་ཐན་བྷརྒ་ལགས་ཀྱིས་འདི་ལྟར་གསུངས་འདུག་སྟེ། “ང་དེར་ཡོང་ནས་ཁྱེད་ཚོ་ལ་གཏམ་བཤད་སྤེལ་དགོས་དོན་མེད། ང་རྒྱ་མཚོའི་ཕར་ཁ་བརྒལ་ནས་སློབ་གྲྭར་ལོག་དགོས །འོན་ཀྱང་། ཁྱེད་ཚོས་ང་ཚོའི་རྗེས་སུ་རེ་བ་བྱེད། །  ཁྱེད་ཚོའི་ཚིག་སྐམ་པོ་དག་གིས་ངའི་བྱིས་དུས་ཀྱི་རྨི་ལམ་གཏོར་སོང་། ཁྱེད་ཚོ་བློ་ཁོག་ལ་”ཞེས་སྡུག་སྐད་ཤོར་ཡོད་དེ། 

གྲི་ཏྭ་ཐན་བྷརྒས་༢༠༡༩ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ད་གཏམ་བཤད་བཞིན་པ།

རང་གནས་སྲུང་དགོས་ཀྱང་གཞན་གནས་མི་སྲུང་བའི་ཆབ་སྲིད་པ་དང་། རང་སྲོག་གཅེས་ཀྱང་གཞན་སྲོག་མི་གཅེས་མཁན་གྱི་ཚོང་པ། འཕེལ་རྒྱས་འདོད་ཀྱང་ལག་ལེན་མེད་པའི་སྤྱི་ཚོགས། གསར་གཏོད་དགོས་ཀྱང་ཁྲིམས་ལུགས་མི་ཤེས་མཁན་གྱི་ཚན་རིག་པ་དག་གཅིག་རྗེས་གཉིས་མཐུད་ངང་ཁོར་ ཡུག་གཏོར་བཅོམ་བྱེད་དུ་ཡོང་དུས་ས་ཐོག་གི་འབུ་སྲིན་ཡིན་ཡང་བཟོད་དཀའ།   

ད་གཟོད་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་ཚན་རིག་གི་འཕེལ་རྒྱས། ཆབ་སྲིད་ཀྱི་གནས་སྟངས་ལ་ཚད་དང་མཚམས་མེད་པར་རང་སྣང་གང་ཤར་ཅན་ལ་འགྱུར་དུས། ས་ལོག་དང་ཆུ་ལོག  ནད་ལོག་སོགས་མང་བའི་དུས་རབས་ཞིག་གི་ཟུར་མགོ་ནས། གྲི་ཏྭ་ཐན་བྷརྒ་ལགས་ཀྱིས་རང་ཐག་རང་བཅད་ངང་ལམ་ཟུར་ལ་བསྡད་ནས་རང་ཉིད་གཅིག་པུས་ཞི་རྒོལ་བྱེད་པ་ནི་ཨ་ཆད་ཨུ་ཐུག་པ་ལས་དགའ་དྲགས་པ་ག་ལ་ཡིན།

༽ ཡིད་ཆེས་ཆེ་བའི་བསམ་བློ་བ།

ཡིད་ཆེས་ཡོད་ན་སྟོབས་ཤུགས་ཡོང་། གྲི་ཏྭ་ཐན་བྷརྒ་ལགས་ནི་རང་ཉིད་ལ་ཡིད་ཆེས་ལྷད་མེད་ཡོད་མཁན་ཞིག་རེད།  ཁ་ལ་ཉན་ཞིང་ཧུར་སེམས་ཆེ་བའི་སློབ་མ་ཞིག་ཀྱང་རེད། བྱིས་དུས་ནས་བཟུང་སྲོལ་རྒྱུན་རིག་གནས་ཀྱི་ཚུ་ཆད་དོ་སྙོམས་པའི་ཕ་མ་ཞིག་ཡོད་པས། མི་ཚེའི་ལམ་བུར་གོམ་པ་རེ་རེ་བཞིན་བརྟན་པོར་བསྐྱོད་དེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་དགོས་པའི་སྐུལ་མ་ཡང་གཏོང་མཁན་ཞིག་བྱུང་བས། མོ་རང་ཉིད་ལ་སྟོབས་ཤུགས་ལྡན་པའི་ཡིད་ཆེས་ཡོད་དེ།  མོས་“ཁྱེད་ལ་ནམ་ཡང་ལག་ལེན་ཡོད་དགོས། དཀའ་ཁག་ཅན་རིགས་ལ་འབད་དགོས། གང་ལགས་ཞེ་ན། སེམས་ཤུགས་ཆག་པ་དེ་ནམ་ཡང་འདམ་ཁ་ཞིག་མིན།”ཅེས་པ་དང་། “དེ་རིང་ནས་འགོ་འཛུགས་དགོས། དེ་རིང་ནི་སང་ཉིན་འགྲོ་སའི་ལམ་ཡིན། ཁྱེད་དགའ་ན་འདྲ། མ་དགའ་ན་འདྲ། གོ་ལ་ནི་འགྱུར་བ་ཅན་རེད།”ཅེས་བཤད་ཡོད།

འགྱུར་ལྡོག་གི་མེ་ལྕེ་འབར་བའི་དུས་རབས་འདིར། རང་ཉིད་ཀྱི་ཡིད་ཆེས་དང་འབད་པ་ལ་བརྟེན་ནས་སྤྱི་དོན་བསྒྲུབས་ན། ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། འགན་འཁུར་ཀྱི་ལྟ་བ། རིན་ཐང་གི་ལྟ་བ། མི་ཚེའི་ལྟ་བ། ལས་ཀ་འདེམས་པའི་འདུ་ཤེས་བཅས་ཡོང་ཐུབ།ཡིད་ཆེས་ནི་ཚེ་གང་གི་ཁ་ཕྱོགས་གཏན་འཁེལ་བྱེད་པའི་བསམ་བློའི་འདུ་ཤེས་གལ་ཆེན་ཞིག་ཡིན་པ་གྲི་ཏྭ་ཐན་བྷརྒ་ལགས་ཀྱི་དཀའ་སྤྱད་ཀྱི་རྔུལ་ཆུ་གྲངས་མེད་ཟགས་པའི་འབྲས་བུ་ལས་མངོན་ཐུབ་པ་སྨོས་མི་དགོས།

གྲི་ཏྭ་ཐན་བྷརྒ་དབྱི་ཏ་ལའི་སློབ་མ་ཚོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་སྐོར་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༡༩།༤།༡༩

ད་དུང་དུས་རབས་ཉེར་གཅིག་པའི་མི་རྣམས་དཔལ་འབྱོར་གྱི་བྲན་གཡོག་ཏུ་གྱུར་ནས། དཔལ་འབྱོར་གྱི་མཁོ་སྒྲུབ་ཅི་ཙམ་བཟང་ན་དེའི་ཚད་ཀྱིས་སེམས་ལ་སྡུག་བསྔལ་དང་དངངས་སྐྲག་མང་བ་དང་།ཚན་རྩལ་རིག་པ་ཅི་ཙམ་གྱིས་ཡར་རྒྱས་འགྲོ་བ་དེའི་ཚད་ཀྱིས་ནད་རིགས་དང་། དམག་འཁྲུག། འཐབ་འཛིང་མང་དུ་ཕྱིན་ཏེ་ཕྱི་དངོས་པོའི་འཕེལ་རྒྱས་དང་ནང་བསམ་བློ་དོ་མ་སྙོམས་པའི་ཁོར་ཡུག་ལ་ཕན་མེད་གནོད་སྐྱོན་བྱུང་བ་མོ་ལ་བློ་ཕམ་དང་ང་ཚོ་ཚང་མས་བསམ་བློ་ནན་པོ་གཏང་དགོས་པ་བརྗོད་ཡོད། 

༤༽ དྲང་བདེན་ཆེ་བའི་བསམ་བློ་བ།

དྲང་བདེན་མེད་ན་རེ་བ་དང་རྨི་ལམ་མེད། གྲི་ཏྭ་ཐན་བྷརྒ་ལགས་ཀྱིས་“དྲང་བདེན་དང་གཅིག་སྒྲིལ་ཡོད་ན། ང་ཚོ་ནམ་ཡང་ཉམས་མི་སྲིད།”ཅེས་བཤད་དེ། རང་གཞན་སུ་ཡིན་ཡང་བྱ་གཞག་ཚང་མ་ངོ་ལྐོག་མེད་པར་ཕྱི་གསལ་ནང་གསལ་དང་། བདེན་པ་བདེན་ཐུབ། དྲང་པོ་དྲང་གཞག་ངང་ལེགས་འགྲུབ་ཐུབ་ན། ང་ཚོ་ཉམས་པ་མེད་པའི་གོ་འདིར་གནས་ཐུབ་པ་དང་། དེ་ལ་བརྟེན་ནས། སུ་ལ་ཡང་ཡིད་ཆེས་སྟེར་ཐུབ་པ་ཡིན། ཡིད་ཆེས་ནི་འགྲོགས་འདྲིས་ཀྱི་གཞི་རྟེན་ཡིན། མོ་རང་ཉིད་ཀྱི་བསམ་བློ་དང་ལྟ་བ་ནི་ནམ་ཡང་དྲན་བདེན་མཆོག་ཏུ་བཀུར་མཁན་ཞིག་ཡིན། 

རྒྱུ་མཚན། མོའི་གཏམ་བཤད་ཞིག་གི་ནང་དུ། སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོ་གཞིར་བཟུང་ནས་ང་ཚོའི་མི་རབས་གཞོན་པ་དག་ལ་རང་ཁྱིམ་དྲོ་མོ་ཞིག་དགོས་ལ། གནའ་དེང་གང་གི་སྐབས་ཡིན་ཡང་རུང་སྟེ། དུས་རབས་སོ་སོ་དང་སྤྱི་ཚོགས་སོ་སོའི་དོན་དངོས་ཀྱི་གནས་ཚུལ་དག་བཤད་དགོས་པའི་འགན་ཞིག་དང་།  དུས་རབས་དེ་དག་ཏུ་འཚོ་ཞིང་སྤྱི་ཚོགས་དེ་དག་ཏུ་གནས་པའི་མི་རབས་གཞོན་པ་དག་གི་ཉིན་རེའི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་གྱི་ངོས་ནས་བལྟས་ཀྱང་དྲང་བདེན་ནི་ཕུགས་བསམ་མངོན་འགྱུར་ཡོང་བའི་ཐབས་ཤིག་ལ་ངོས་འཛིན་གནང་ཡོད།  

དེའི་ཕྱིར། མོ་ནི་དྲང་བདེན་དང་ལས་འབྲས་སྲུང་བའི་བུད་མེད་ཁྱད་འཕགས་ཞིག་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོངས་པ་གཞིར་བཟུང་ནས་ཞུམ་མེད་ཀྱི་སྙིང་སྟོབས་དང་། བཅོས་མིན་གྱི་ལྷག་བསམ་གཉིས་ཟུང་འབྲེལ་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པ་མངོན་སུམ་རྩོད་མེད་དོ། 

ས་བཅད་གསུམ་པ།  གྲི་ཏྭ་ཐན་བྷརྒ་ལགས་ཀྱི་རེ་བ་དང་རྨི་ལམ།

ཕུགས་བསམ་ལྡན་པའི་སྐྱེ་བོ་ཞིག་གིས་རང་གི་རེ་བ་དང་རྨི་ལམ་མངོན་འགྱུར་ཡོང་ཆེད་དཀའ་ངལ་ཁྱད་དུ་བསད་དེ་འབད་བརྩོད་བྱས་ན་མཚོ་ནང་དུ་རྡོ་འཕངས་པ་བཞིན་ག་ལ་ཡིན། ལོ་རྒྱུས་ཐོག་ལ་སུབ་དཀའ་བའི་གྲུབ་འབྲས་དང་མི་མང་གི་གདེང་འཇོག་ཆེན་པོ་ཐོབ་པ་གྲི་ཏྭ་ཐན་བྷརྒ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཁྲོད་ནས་རྟོགས་ཐུབ། 

མོའི་ནང་བསམ་བློའི་རང་དབང་དང་སྙིང་སྟོབས། ཡིད་ཆེས། དྲང་བདེན་སོགས་ཀྱི་ལྟ་བ་ལ་གོ་ལ་སྤྱི་ཡིས་རྗེས་སུ་ཡི་རངས་ཆེན་པོ་བྱེད་པ་མ་ཟད། མོ་ཡི་ཉམས་པ་མེད་པའི་འབད་པ་དང་སྤོབས་པ་ལ་དེ་བས་གུས་བཀུར་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། 

འོ་ན་མོ་ལ་རེ་བ་དང་རྨི་ལམ་གང་ཡོད་དམ། གནད་དོན་གང་ལ་མོའི་དེང་རབས་སྤྱི་ཚོགས་སུ་འགྲོ་བ་མིའི་རིགས་ཀྱི་རྒྱུད་ལ་མ་འདངས་བ་དང་ཉེན་ཁ་མཐོང་ངམ། ཁོ་མོས་གོང་གི་གཏམ་བཤད་དག་ལ་དཔྱད་ན་གཙོ་བོ་རིམ་པ་བཞི་ཙམ་ཐོག་ལ་འབད་པ་གནང་བར་མཐོང་ཏེ། 

  • དང་པོ། ཁོར་ཡུག་སློབ་གསོ་དང་དེའི་ཁ་ཕྱོགས་ལ་འཕེལ་རྒྱས་ཡོང་ཐབས།
  • གཉིས་པ་ནི། མི་རབས་རྒན་པའི་ཀུན་སྤྱོད་ཁྲོད་ཀྱི་ལག་ལེན་མེད་པའི་སྟོང་ཆ་སྐོང་ཐབས། 
  • གསུམ་པ་ནི། ཚན་རིག་པ་དང་ཚོང་དཔོན་དག་གི་ལུས་ཀྱི་འགྲོ་འདུག་སྤྱོད་གསུམ་བག་ཡོད་དང་དྲན་ཤེས་བསྟེན་པའི་སྒོ་ནས་འགྲོ་ཐབས།
  •  བཞི་བ་ནི། མི་སྒེར་སོ་སོ་ནས་འགྲོ་བ་ཀུན་ལ་ཉི་མ་ལྟ་བུའི་ཕན་པའི་ལས་ཅི་ནུས་བསྒྲུབ་ཐབས་བཅས་སོ།

རྒྱུ་མཚན་ཅིའི་ཕྱིར་མོས་ང་ཚོ་ལ་རེ་བ་དང་རྨི་ལམ་དེ་འདྲ་ཞིག་བཅོལ་བཞིན་ཡོད་དམ། བསམ་བློ་དང་ཀུན་སྤྱོད་ཀྱི་ཕོངས་བའི་དུས་རབས་ཞིག་ཏུ་འགྱུར་བ་དང་གཅིག གཉིས་ནས་ཕྱི་སྣོད་འཇིག་རྟེན་ཀྱི་ཁམས་འདིར་རི་རབ་ཁང་ཁྱིམ་དང་། གླིང་དང་གླིང་ཕྲན་རྩི་ཤིང་ནགས་ཚལ། སྤང་ལྗོངས་དང་རྩྭ་ཐང་ཆུ་ཀླུང་། མཚོ་དང་མཚེའུ་སོགས་ཉིན་རེ་བཞིན་སྐམ་འགྲོ་བ་དང་མེད་པར་འགྱུར་བའི་ཉེན་ཁའི་ཆེད་དུ་རེད་ལ། 

ད་དུང་། སྐམ་སར་གནས་པའི་རི་དྭགས་དང་གཅན་གཟན། འདབ་ཆགས། འབུ་སྲིན་གྱི་རིགས་ཇེ་ཉུང་དང་། མཚོ་དང་མཚེའུ་ལ་གནས་པའི་ཉ་དང་ཆུ་སྲིན། རུས་སྦལ་སོགས་ཀྱི་ཚེ་སྲོག་ལ་བདག་སྐྱོང་དང་སྲུང་སྐྱོབ་ནན་ཏན་མ་གནང་ན་འགྲོ་བ་མིའི་བདེ་ཐང་དང་འཕྲོད་བསྟེན་ལ་ཉམས་རྒུད་འབྱུང་ཉེ་བས། གྲི་ཏྭ་ཐན་བྷརྒ་ལགས་ཀྱིས་ང་ཚོ་ལ་རེ་བ་སྟོང་གི་འབོད་བརྡ་བསྒྲགས་པས། བདེ་སྡུག་གི་ཚོར་བ་མྱོང་མཁན་གྱི་མི་ཞིག་ཡིན་ན་མ་བརྗེད་ཨང་། 

ངས་འདི་ལྟར་ཉིན་འགའི་རིང་ལ་མོའི་ལོ་རྒྱུས་དང་གཏམ་བཤད་དག་ལ་རྒྱུས་མངའ་ཆེར་ལོན་ཐུབ་མེད་པས་ང་ལ་ཆེན་པོ་ཆེན་པོ་ཞིག་གླེང་བའི་སྤོབས་པ་མེད། འོན་ཏེ། ངས་མོའི་སྙིང་སྟོབས་ལ་ཡི་རངས་དང་དུས་བཟང་གི་ཉིན་ཞིག་བྱུང་ན། མོ་ལ་འཚིག་ཇ་ཕོར་བ་གང་བླུགས་ནས་བཀའ་དྲིན་ཆེ་ཞུ་ན་འདོད་ཡོད། ཀློག་པ་པོ་ཁྱེད་ལ་ཡང་བཀའ་དྲིན་ཆེ་ཞུ།