གླེང་མ་མྱོང་བའི་༧རྒྱལ་བའི་ཁོར་ཡུག་གི་མཛད་འཕྲིན།

བོད་མི་ཞིག་གིས་སའི་གོ་ལར་ཕུལ་བའི་ཁོར་ཡུག་གི་ལེགས་སྐྱེས།

རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

ནང་དོན་གནད་བསྡུས།

            དཔྱད་རྩོམ་འདིའི་ནང་༧གོང་ས་མཆོག་གིས་བོད་མི་དང་རྒྱལ་སྤྱིའི་ཁྲོད་དུ་བོད་དང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་ལམ་སྟོན་བཀའ་སློབ་གནང་བའི་བརྒྱུད་རིམ་དང་། ༧སྐུ་སྒེར་གྱི་ཉིན་རེའི་མཛད་པའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་པ་གང་གནང་བ།  ཁོར་ཡུག་དང་འབྲེལ་བའི་བརྩམས་ཆོས་དང་གཟེངས་རྟགས་སོགས་ཀྱི་སྐོར་བྲིས་ཡོད།

            བརྡ་ཆད་གཙོ་བོ།  བོད་ཀྱི་ཁོར་ཡུག  རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག  ཁོར་ཡུག་སྲུང་སྐྱོབ།  ཨེ་ཤ་ཡའི་ཆུ་མཛོད།

སྔོན་གླེང་།

འོ་སྐོལ་འཚོ་གནས་བྱེད་པའི་ལྷོ་འཛམ་གླིང་འདིར་མིའི་འགྲོ་བ་མ་བྱུང་བའི་ལོ་ངོ་དུང་ཕྱུར་མང་པོའི་གོང་ནས་དུད་འགྲོའི་རིགས་བྱུང་བ་དང་། དེའི་ཡར་སྔོན་དུ་རྩི་ཤིང་དང་ནགས་ཚལ། རི་དང་གཙང་པོ་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་ཡོད་པ་ནི་དེང་ཆོས་ཚན་གཉིས་ཀས་ཐུན་མོང་དུ་འདོད། ནང་བཅུད་ཀྱི་སེམས་ཅན་དང་ལྷག་ཏུ་འགྲོ་བ་མིས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ལོངས་སྤྱད་ནས་ལོ་ངོ་ཁྲི་ཕྲག་མང་པོ་འགྲོ་བཞིན་ཡོད་ཀྱང་། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་མི་རྣམས་འདོད་རྔམ་གྱི་གཞན་དབང་ཇེ་ཆེར་སོང་ནས་བཟོ་ལས་འཕྲུལ་རིག་དར་རྒྱས་བཏང་རྗེས་འཚོ་བའི་དགོས་མཁོའི་ས་ཐིག་ལས་བརྒལ་བའི་ས་གཏེར་སྔོག་འདོན། ཤིང་ནགས་གཅོད་འབྲེག གཙང་པོ་དང་རྒྱུག་ཆུ་འབག་བཙོག་སོགས་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་རིང་བག་མེད་དུ་སྤྱད་འབྲས་སུ་གོ་ལ་ཡོངས་སུ་གནམ་གཤིས་ཚ་དྲོད་རྒྱས་པ་དང་། ཐན་པ་དང་ཆར་ཆུ་དུས་སུ་མ་བབས་པ་སོགས་ཀྱི་དཀའ་ངལ་རྣམས་ཚན་རིག་པ་སོགས་ཀྱིས་ལོ་མང་རིང་ཞིབ་འཇུག་གིས་རྙེད་རྗེས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གནད་དོན་ར་སྤྲོད་བྱུང་། ཤུགས་རྐྱེན་དེའི་འོག་ནས་སྤྱི་ལོ་ ༡༩༧༢ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་གཏན་འབེབས་བྱས་པ་དང་། ལོ་འདིར་རྒྱལ་སྤྱིའི་ནང་གི་རྒྱལ་ཁབ་༡༡༤ལྷག་མཉམ་འཛོམས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་ཚོགས་ཆེན་ཐེངས་དང་པོ་ ( Earth Summits ) ཚོགས་པ་ནས་བཟུང་ད་ལྟའི་བར་ཐེངས་ ༩ ཚོགས་ཡོད། [1]

སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་དང་ཕྱུག་བདག་ཅན་གྱི་སྒེར་པ་རྣམས་ཀྱིས་འཛམ་གླིང་སྤྱིའི་བདེ་སྡུག་ལ་སེམས་ཁུར་མ་བླངས་པར་སྒེར་སེམས་ཁོ་ནས་ད་དུང་མུ་མཐུད་ནས་ཁོར་ཡུག་ལ་གཏོར་བཅོམ་བྱས་ཚེ་འབྱུང་འགྱུར་ལོ་ངོ་༣༠༠ཡི་ནང་ལ་འཛམ་གླིང་གི་གཏེར་ཁ་ཡོངས་རྫོགས་ཟད་རྒྱུ་ཡིན་པ་ཚན་རིག་པ་རྣམས་ཀྱིས་སྔོན་དཔག་དང་།[2]ད་དུང་ལོ་རེ་ནས་ལོ་རེར་འཛམ་གླིང་ས་ཕྱོགས་གང་སར་ཚ་དྲོད་ཚོད་དཔག་ལས་བརྒལ་ནས་རྒྱས་བཞིན་པའི་སྙན་ཐོ་བཏོན་ཡོད་དེ།[3] དཔེར་ན། སྤྱི་ལོ་ ༢༠༠༣  ནས་༢༠༡༨ ལོའི་བར་སྟོབས་ལྡན་ཡོ་རོབ་ཏུ་དབྱར་དུས་སུ་ཚ་དྲོད་རྒྱས་པའི་རྐྱེན་གྱིས་མི་རྒན་གྲས་༦༠༠༠༠ཤི་བ་དང་[4]རྒྱལ་ཁབ་གཞན་རྣམས་ཀྱི་གནས་སྟངས་འདི་ལས་དཔོག་ནུས། སྤྱི་ལོ་༢༠༡༩ལོ་མཇུག་ནས་༢༠༢༠ལོའི་ལོ་མཇུག་བར་ལོ་གཅིག་ལ་འཛམ་གླིང་ཕྱོགས་གང་སར་སྔོན་བྱུང་མ་མྱོང་བའི་ཤིང་ནགས་ལ་མེ་ཤོར་བའི་དོན་རྐྱེན་དཔེར་མཚོན་ཙམ་ནི།  ཨ་རིའི་ཁཱ་ལི་ཧྥོ་ནི་ཡ ( California ) དང་། ཨོ་སི་ཀྲོ་སི་(Australia) དང་། སྦིར་ཛིལ། (Brazil)  ཀྲཀ་ཀི་ ( Turkey ) བཅས་སུ་བྱུང་བ་དང་། ལོ་དེ་གཉིས་ནི་སྤྱི་ལོ་ ༡༨༥༠ལོའི་རྗེས་ནས་གོ་ལའི་ཚ་དྲོད་ཆེ་ཤོས་སུ་གྱུར་བས།[5] ཁོར་ཡུག་ལ་དོ་སྣང་དང་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

འོ་ན། རྒྱལ་སྤྱིའི་ཁྲོད་མཚན་སྙན་ཡོད་པའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་པ་དང་དོ་ཁུར་བ་བོད་མི་ཞིག་ཡོད་དམ་ཞེ་ན། ཡོད་དེ།  དེ་ནི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡིན་ཞིང་། འདིར་དེའི་ཚུལ་མདོ་ཙམ་བརྗོད་ན།

འོ་ན། རྒྱལ་སྤྱིའི་ཁྲོད་མཚན་སྙན་ཡོད་པའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་པ་དང་དོ་ཁུར་བ་བོད་མི་ཞིག་ཡོད་དམ་ཞེ་ན། ཡོད་དེ། དེ་ནི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡིན་ཞིང་། འདིར་དེའི་ཚུལ་མདོ་ཙམ་བརྗོད་ན།

བོད་ཀྱི་ཁོར་ཡུག་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་དུ་བསྒྱུར་བའི་མཛད་ཆེན།

༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་རིང་པོ་མ་སོང་བར་བོད་ཀྱི་ཁོར་ཡུག་གི་སྐོར་ནས་གསུང་བཤད་རབ་དང་རིམ་པར་གནང་བར་མ་ཟད། དེ་ཡང་རྒྱ་དམར་གྱིས་བོད་ཀྱི་གཏེར་ཁ་སྔོག་འདོན་དང་། གདོད་མའི་ནགས་ཚལ་གཅོད་འབྲེག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་དོ་ཕོག་དང་། དེའི་མཇུག་འབྲས་སུ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་འཐུང་ཆུའི་མགོ་ཁུངས་སུ་གྱུར་བའི་ཁ་འབབ་བཞི་དང་། ཆུ་ཆེན་བཞི་སོགས་ལ་འབག་བཙོག་དང་བྲི་བ་སོགས་བྱུང་དང་འབྱུང་བཞིན་པས། རྒྱ་དཀར་ནག་དང་། འབར་མ། ཐཱེ་ལཎ་ཌ་སོགས་ཀྱི་མི་མང་དུང་ཕྱུར་མང་པོའི་ཉིན་རེའི་འཚོ་བར་གསབ་ཏུ་མེད་པའི་གནོད་སྐྱོན་བྱུང་དང་འབྱུང་བཞིན་པའི་སྐོར། བོད་ཀྱི་སྲིད་པའི་གངས་རི་དང་འཁྱགས་རོམ་རྣམས་ནི་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནམ་གཤིས་དྲོད་གྲང་དང་། ཆར་དུས་སོགས་ལ་ཧ་ཅང་གི་ལྟོས་ཚབས་ཆེ་བའི་སྐོར་ལམ་སྟོན་བཀའ་སློབ།[6]གསུང་བཤད་དང་གསུང་འཕྲིན། དུས་དེབ་སོགས་ཀྱི་གླེང་བརྗོད་དང་ཆེད་རྩོམ་མཛད་དང་མཛད་མུས་ཡིན།  དཔེར་ན། སྤྱི་ལོ་༡༩༨༧ ལོར་ཝ་ཤིང་ཀྲོན་དུ་ཚོགས་པའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་དོན་ཚན་ལྔ་ཅན་གྱི་བཀའ་སློབ་ཅིག་བསྩལ་བའི་དོན་ཚན་བཞི་པ་ནི་བོད་ཀྱི་ཁོར་ཡུག་གི་སྐོར་དང་། སྤྱི་ལོ་༡༩༩༢ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྦིར་ཛིལ་དུ་གོ་སྒྲིག་གནང་བའི་ཁོར་ཡུག་གི་ཚོགས་ཆེན་ (United Nations Conference On Environment and Development) དུའང་བོད་ཀྱི་ཁོར་ཡུག་གི་སྐོར་དང་བོད་ཀྱི་ལོ་རྒྱུས་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་ཚིག་དང་རི་རྒྱ་ཀླུང་རྒྱ་བསྡམས་པའི་རྩ་ཚིག་གི་སྐོར་སོགས་བཀའ་སློབ་གནང་ཏེ།[7][8] བོད་མི་དང་། རྒྱ་གར། རྒྱལ་སྤྱིའི་ཁྲོད་དུ་ལོ་ངོ་༤༠ལྷག་རིང་བོད་ཀྱི་ཁོར་ཡུག་གི་མགྲིན་ཚབ་གནང་ནས་བོད་ཀྱི་ཁོར་ཡུག་ནི་བོད་ཙམ་མ་ཡིན་པར་ལྷོ་ཤར་ཨེ་ཤ་ཡའི་ཁོར་ཡུག་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་སྐོར་རྒྱལ་སྤྱིའི་སྟེང་དུ་སྔར་མེད་གོ་རྟོགས་ཤུགས་སྤེལ་གནང་ནས་བོད་ནི་ཨེ་ཤ་ཡའི་ཆུ་མཛོད་དང་།[9] འཛམ་གླིང་ལྷོ་སྣེ་གསུམ་པ་སོགས་རྒྱལ་སྤྱིའི་ཁོར་ཡུག་གི་སྡེ་ཚན་ཁྲོད་དུ་ཆེས་གལ་གནད་ཅན་གྱི་སྣང་བརྙན་གསར་དུ་བསྐྲུན་ཡོད།

མདོར་བསྡུས་ན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་ཆེན་གསུམ་བསྐྱངས་ཡོད་དེ།

༡  བོད་ཡུལ་དུ་གཏེར་ཁ་སྔོག་འདོན་དང་ཆུ་རགས། ཤིང་ནགས་གཅོད་འབྲེག་ཚད་བརྒལ་གྱི་མཇུག་འབྲས་སུ་ཁ་འབབ་བཞི་དང་ཆུ་ཆེན་བཞི་ལ་འབག་བཙོག་དང་། དེའི་མཇུག་འབྲས་སུ་དེ་དག་ལ་བརྟེན་པའི་མི་མང་དུང་ཕྱུར་མང་པོའི་ཉིན་རེའི་འཚོ་བར་དོ་ཕོག་བྱུང་བ་སོགས་བོད་ཀྱི་ཁོར་ཡུག་གི་གནད་དོན་ནི་རྒྱལ་སྤྱིའི་ཁོར་ཡུག་གླེང་སྐབས་མི་གླེང་ཐབས་མེད་ཀྱི་ཁོར་ཡུག་གི་གནད་དོན་གལ་ཆེའི་གྲས་སུ་བསྐྱལ་གནང་ཡོད།

༢ བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་འཁྱགས་རོམ་བཞུས་འབྲས་སུ་རྒྱ་གར་སོགས་སུ་ཆར་དུས་དང་དབྱར་དགུན་དྲོད་གྲང་སྙོམས་པར་འབྲེལ་བ་དམ་ཟབ་ཡོད་པའི་སྐོར།

༣ རྒྱ་རིགས་བོད་ཡུལ་དུ་གནས་སྤོས་ཤུགས་ཆེན་ལ་བརྟེན་ནས་བོད་ཀྱི་བྱ་དང་ཉ། རི་དྭགས་གཅན་གཟན་སོགས་ཉུང་དུ་ཕྱིན་ནས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གནོད་པའི་སྐོར།

༧གོང་ས་མཆོག་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཤུགས་རྐྱེན།

དེང་འཇིག་རྟེན་འདིར་ཁོར་ཡུག་སྲུང་སྐྱོབ་པ་སྐུ་འཚོ་བཞུགས་ཀྱི་གྲས་སུ་རྒྱལ་སྤྱིའི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ནས་ལམ་སྟོན་བཀའ་སློབ་མང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲས་སུ་༧གོང་ས་མཆོག་ཡོད་བཞིན། དེ་ཡང་༧མགོན་པོ་མཆོག་ནས་སྤྱི་ལོ་༡༩༨༦ལོར་འཛམ་གླིང་ཁོར་ཡུག་གི་ཉིན་མོར་སྩལ་བའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་གསུང་འཕྲིན་དང་།[10]  སྤྱི་ལོ་༡༩༨༨ ལོར་སི་ཌས་སྦག་ (Strasbourg) ཏུ་ཡོ་རབ་གྲོས་ཚོགས་སུ་སྩལ་བའི་བཀའ་སློབ་ལས་བོད་དང་རྒྱལ་སྤྱིའི་ཁོར་ཡུག་གི་སྐོར།[11]  སྤྱི་ལོ་༡༩༨༩ལོར་ཎོ་བྷེལ་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ནས་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱིས་ཁོར་ཡུག་གི་དཀའ་ངལ་སེལ་དགོས་པའི་བཀའ་སློབ་དང་།[12] གཟེངས་རྟགས་སུ་གནང་བའི་དངུལ་གྱིས་འབྲས་བུ་ཅན་གྱི་ཤིང་སྣ་མང་པོའི་ས་བོན་ཉོས་ཏེ་འཛམ་གླིང་གི་ས་ཕྱོགས་གང་སར་འདེབས་འཛུགས་གནང་བ།[13] སྤྱི་ལོ་༡༩༩༠ལོར་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་བཙན་བྱོལ་ནང་གི་རང་དབང་(Freedom In Exile)དང་།[14]བོད་ (My Tibet) ཅེས་པའི་དཔེ་དེབ་དུའང་བོད་དང་རྒྱལ་སྤྱིའི་ཁོར་ཡུག་དམིགས་སུ་བཀར་ནས་བྲིས་ཡོད།

སྤྱི་ལོ་༡༩༨༨ ལོར་སི་ཌས་སྦག་ (Strasbourg)

༧གོང་ས་མཆོག་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཤུགས་རྐྱེན།

            དེ་བཞིན་དུ། སྤྱི་ལོ་ ༡༩༩༠ ལོར་འཛམ་གླིང་གི་ས་གཞིའི་ཉིན་མོའི་དུས་དྲན་དང་། སྤྱི་ལོ་ ༡༩༩༡ ལོར་ཨ་རིའི་གཞུང་འབྲེལ་ཁོར་ཡུག་དུས་དེབ་དང་། སྤྱི་ལོ་༡༩༩༡ ལོར་འཛམ་གླིང་གཅེས་ཉར་ལྷན་ཚོགས་ཀྱི་སྟེང་དུ་ཁོར་ཡུག་དང་འབྲེལ་བའི་གསུང་འཕྲིན་བསྩལ་བ་ཡོད། སྤྱི་ལོ་ ༡༩༩༢ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྦིར་ཛིལ་དུ་གོ་སྒྲིག་གནང་བའི་ཁོར་ཡུག་གི་ཚོགས་ཆེན་ (United Nations Conference On Environment and Development) ཐོག་དང་། སྐབས་དེར་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་ཐུག་འཕྲད་ཀྱིས་ཁོར་ཡུག་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་རྒྱས་པར་གནང་།[15]སྤྱི་ལོ་ ༢༠༡༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ ( Paris 2015 UN Climate Change Conference ) ཕཱ་རི་སིར་ཚོགས་པའི་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ལ་དྲ་ཐོག་ནས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་བཀའ་སློབ་གནང་བ་[16] སོགས་དེང་གི་བར་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་འདུ་དང་བགྲོ་གླེང་ཆེ་ཆུང་སྣ་ཚོགས་ཀྱི་སྟེང་དུ་ལམ་སྟོན་བཀའ་སློབ་གནང་བར་མགྲོན་འབོད་དང་ཆེས་ཤུགས་རྐྱེན་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་མི་སྣར་ངོས་འཛིན་ཞུ་བཞིན་ཡོད།  

Warsaw, Poland in 2013 Photo by Jeremy Russell/OHHDL

མདོར་ན།   རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་༧གོང་ས་མཆོག་གི་ལམ་སྟོན་ཆེན་མོ་གསུམ་གནང་ཡོད་དེ།

༡ དེང་སྐབས་ཤར་ནུབ་ཀྱི་རྒྱལ་ཁབ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་སྔར་ལས་ཆེ་རུ་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་ཁོར་ཡུག་གནད་དོན་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དཀའ་ངལ་མ་ཡིན་པར་འཇིག་རྟེན་སྤྱིའི་དཀའ་ངལ་ཡིན་པ་ངོས་འཛིན་གྱིས་རྒྱལ་ཁབ་ཆེ་ཆུང་ཚང་མས་འགན་མཉམ་འཁུར་དགོས་པའི་ལམ་སྟོན།

༢ རྒྱལ་སྤྱིའི་ཆབ་སྲིད་མི་སྣ་གཙོ་གྲས་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་མཉམ་ཞུགས་དང་། ཁོར་ཡུག་གི་དཀའ་ངལ་ཕལ་ཆེ་བ་ནི་མིའི་ཀུན་སྤྱོད་ལས་བྱུང་བས་ཀུན་སྤྱོད་ལ་སྒྱུར་བཅོས་ཀྱིས་སྤྱི་སེམས་དང་། གཞན་ཕན། སྙིང་རྗེ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་ཡོན་གྱི་སྡེ་ཚན་དུ་འཇོག་དགོས་པའི་ལམ་སྟོན།

༣ ཁོར་ཡུག་དང་དཔལ་འབྱོར་རྒྱ་སྐྱེད་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་འགྲོ་དགོས་པ་ལས་མཐའ་གང་རུང་དུ་ལྷུང་མི་རུང་བ་དང་། གོ་ལ་ནི་ང་ཚོ་འགྲོ་བ་མིར་དབང་བའི་ཁྱིམ་གཅིག་པུ་ཡིན་པའི་འདུ་ཤེས་འཛིན་དགོས་པའི་གལ་གནད་ཀྱི་ལམ་སྟོན་གནང་བ་བཅས་ཡིན།

ཉིན་རེའི་མཛད་པའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་པ།

༧གོང་ས་མཆོག་ནི་བོད་ཀྱི་ཁོར་ཡུག་དང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ནས་རྒྱལ་སྤྱིའི་ཚོགས་ཆེན་དང་བགྲོ་གླེང་སོགས་སུ་རྒྱུན་དུ་ནས་རྒྱལ་སྤྱིའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཆེས་ཐོག་མར་གང་ཟག་སྒེར་ངོས་ནས་འགོ་འཛུགས་དགོས་པའི་སློབ་སྟོན་གནང་མཁན་ཞིག་ཡིན་པར་མ་ཟད།[17]སྐུ་སྒེར་ནས་ཀྱང་ཉིན་རེའི་མཛད་པའི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་པ་གང་མང་ཞིག་མཛད་བཞིན་ཡོད། དཔེར་ན། སྐུ་སྒེར་ལ་མཚོན་ན་གློག་ལ་གྲོན་ཆུང་དང་སེར་སྣ་གནང་མི་དགོས་ཀྱང་ཕོ་བྲང་གི་གཟིམ་ཁང་གང་ཞིག་ལས་ཕྱི་རུ་ཡུད་ཙམ་ཕེབས་སྐབས་ཀྱང་གློག་གཟིམ་གནང་བ་དང་། སྐུ་སྒེར་གྱི་ཆུ་ལ་ཟད་རྒྱུ་དང་སེར་སྣ་གནང་མི་དགོས་ཀྱང་ཁྲུས་གཞོང་(Bath)དུ་སྐུ་གསིལ་མི་གནང་བར་ཆུ་སྦུག་(Shower)ལས་སྐུ་གསིལ་གནང་བ། སྐུ་སྒེར་ལ་མཆོད་རྒྱུར་ཕོངས་པ་མེད་ཀྱང་རྒྱུན་དུ་གསོལ་ཀྲུམ་ཧ་ཅང་ཉུང་བར་མཆོད་གནང་བ། ཕྱག་ཡིག་སོགས་འབྲི་ཆེད་ཤོག་བུར་སེར་སྣ་གནང་མི་དགོས་ཀྱང་ཤོག་སྟོང་ཟུར་ཙམ་ཡང་འཇོག་མི་གནང་བ་སོགས་རྒྱུན་དུ་ཐུགས་སྣང་མཛད་པ། གཞན་ལའང་དེ་ལྟར་གནང་དགོས་པའི་ལམ་སྟོན་བཀའ་སློབ་ཤུགས་ཆེན་གནང་བཞིན་ཡོད།[18] དཔེར་ན། སྤྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དུས་འཁོར་དབང་ཆེན་གནང་སྐབས་སུ་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་ལ་བོད་མི་རྣམས་ཀྱིས་གཅན་གཟན་གྱི་པགས་རིགས་རྒྱན་གོས་གྱོན་པ་ནི་དུས་རབས་དང་མི་འཚམས་ཤིང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཡོད་པའི་བཀའ་སློབ་ལམ་སྟོན་[19]དེ་གཅིག་པུས་ཀྱང་བོད་ནང་པགས་རིགས་རྒྱན་གོས་ཀྱི་ཆེད་བདག་མེད་རི་དྭགས་དང་གཅན་གཟན་རྔོན་རྒྱག་མཁན་དེ་ནས་བཟུང་རྒྱུན་ཆད་པར་གྱུར་བས་༧གོང་ས་མཆོག་གིས་བོད་ནང་དང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་མགྲིན་ཚབ་པར་བོད་མི་སུས་ཀྱང་སྒྲུན་དུ་མེད་པའི་མཛད་ཆེན་བསྐྱངས་ཡོད།

ཁོར་ཡུག་དང་འབྲེལ་བའི་བརྩམས་ཆོས།

“ང་ཚོའི་ཁྱིམ་གཅིག་པུ།”

ཁོར་ཡུག་དང་འབྲེལ་བའི་བརྩམས་ཆོས།

༧གོང་ས་མཆོག་གིས་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་ནི་སྤྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས་བོད་མི་རྣམས་ལ་བླང་དོར་གྱི་བཀའ་སློབ་གནང་སྐབས་སུ་འཕྲོད་བསྟེན་དང་འབྲེལ་ནས་ཁོར་ཡུག་གི་སྐོར་བཀའ་སློབ་ཡང་ཡང་ཕེབས་པ་དང་། སྤྱི་ལོ་ ༡༩༧༩ ལོ་ནས་སྤྱི་ལོ་ ༢༠༡༨ ལོའི་བར་རྒྱལ་སྤྱི་དང་རྒྱ་གར་སོགས་སུ་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་གྲངས་ལས་འདས་པ་གནང་བ་རྣམས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་བསྒྲིགས་བྱས་པའི་དབྱིན་དེབ་གཉིས་དང་། བོད་ཡིག་གི་དེབ་གཅིག[20] ༧གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་གཅིག[21] ༧གོང་ས་མཆོག་སྐུ་ངོ་མས་སྤྱི་ལོ་༡༩༩༢ ལོར་དབྱིན་ཡིག་ཏུ་བོད་ཀྱི་སྲིད་པའི་གངས་རི་རྣམས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ལ་གལ་ཆེ་བའི་ཆེད་རྩོམ་དང་། སྤྱི་ལོ་༡༩༩༣ ལོར་བོད་ཡིག་ཏུ་ལྗོན་ཤིང་ཁོར་ཡུག་ཁྲོད་གལ་ཆེ་བའི་ཆེད་རྩོམ།[22] སྤྱི་ལོ་༡༩༩༠ ལོར་དབྱིན་ཡིག་ཏུ་ལྗགས་རྩོམ་མཛད་པའི་བཙན་བྱོལ་ནང་གི་རེ་བ་དང་། བོད་ཅེས་པའི་དཔེ་དེབ། སྤྱི་ལོ་༡༩༩༩ ལོར་ལྗགས་རྩོམ་མཛད་པའི་སྟོང་ལོ་གསར་པའི་ཀུན་སྤྱོད་དུའང་ཁོར་ཡུག་གི་སྐོར་ས་བཅད་ཟུར་དུ་མཛད་ཡོད། སྤྱི་ལོ་ ༢༠༢༠ ལོར་རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་གྲགས་ཅན་འཇར་མན་པ་ཕྷན་ཛི་ (Franz Alt) དང་ལྷན་དུ་ང་ཚོའི་ཁྱིམ་གཅིག་པུ་ (Our Only Home :  A Climate Appeal To The World) ཞེས་པ་ཁོར་ཡུག་གི་དཔེ་དེབ་གཅིག་ལྗགས་རྩོམ་མཛད་གནང་ཡོད།

རྒྱལ་སྤྱིའི་ཁོར་ཡུག་དང་འབྲེལ་བའི་གཟེངས་རྟགས།  

༧གོང་ས་མཆོག་ནི་དེང་རྒྱལ་སྤྱིའི་ཁྲོད་དུ་ཆེས་མཚན་སྙན་ཆེ་བའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་པ་དང་ལམ་སྟོན་པའི་གྲས་སུ་བགྲང་བཞིན་ཡོད། ཡིན་ནའང་། ༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཁོར་ཡུག་གི་གཟེངས་རྟགས་ཕུལ་ཡོད་མེད་ཀྱི་སྐོར་ནས། འབྲེལ་ཡོད་ཀྱི་ཡིག་ཆ་མང་པོར་ལྟ་ཀློག་བྱས་ཀྱང་རྙེད་སོན་མ་བྱུང་ཞིང་། དགའ་ལྡན་ཕོ་བྲང་གི་ལས་བྱེད་ལ་[23]དེའི་སྐོར་བཀའ་འདྲི་ཞུས་པར་མེད་སྐོར་གསུངས་བྱུང་། ༧མགོན་པོ་མཆོག་ལ་ཁོར་ཡུག་གི་གཟེངས་རྟགས་གཅིག་ཀྱང་ཕུལ་མེད་པ་ནི་ཕལ་ཆེར་ཁོར་ཡུག་སྐོར་ལ་ལས་འགུལ་དངོས་སུ་རྒྱ་ཆེན་པོ་མ་སྤེལ་བ་དང་། ཡང་ན་འབྲེལ་ཡོད་རྣམ་པས་མཚམས་སྦྱོར་དང་ཐུགས་སྣང་མ་གནང་བས་ཀྱང་ཡིན་སྲིད་སྙམ། ཡིན་ནའང་༧གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༤༠ལྷག་རིང་བོད་ཀྱི་ཁོར་ཡུག་དང་རྒྱལ་སྤྱིའི་ཁོར་ཡུག་ཐོག་ཕྱག་ལས་གནང་བའི་མཛད་པ་ནི་བོད་དང་རྒྱལ་སྤྱིའི་ཁོར་ཡུག་གི་ལོ་རྒྱུས་སུ་འཁོད་འོས་པའི་མཛད་ཆེན་ཞིག་དང་། བོད་མི་ཞིག་གི་རྒྱལ་སྤྱིར་ཕུལ་བའི་ཁོར་ཡུག་གི་ལེགས་སྐྱེས་ཤིག་ཀྱང་ཡིན་ནོ།  །ཞེས་འདིར་༧གོང་ས་མཆོག་གིས་བོད་དང་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལམ་སྟོན་བཀའ་སློབ་དང་། མཛད་པ་སྤྱི་སྤམ་ཙམ་ལས་ཞིབ་པར་མ་སྤྲོས་སོ། ། སྤྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༩ ཉིན།  

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་བཞུགས་སྒར་ནས།


[1] www.research.un.org/un Documentation:Environment/conferences

[2] Our only home, A Climate Appeal to The Word, by HH.Dalai Lama with Franz Alt page:104

[3] www.bbc.com/what is climate Change?

[4] Our only home, A Climate Appeal to The Word, by HH.Dalai Lama with Franz Alt page:103

[5] www.bbc.com/what is climate Change?

[6] གངས་རིའི་སྐོར་གྱི་ཆེད་རྩོམ། དབྱིན་ཡིག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད། སྤྱི་ལོ། ༡༩༩༢ ཟླ་༧ ཚེས་༢༦ ཉིན་ཨ་རིའི་བདུན་རེའི་གསར་ཤོག་ ( NewsWeek ) ཏུ་འགྲེམས་སྤེལ་གནང་།

[7] ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཤོག་གྲངས། ༤ བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་པར་འགྲེམས་ཞུས།     སྤྱི་ལོ ༢༠༠༩

[8] སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྐྱེ་ཤིང་འདེབས་འཛུགས་དགོས་པའི་རྩ་ཚིག་དང་། ཆོས་རྒྱལ་རབ་བརྟན་ཀུན་བཟང་གིས་རི་རྒྱ་ཀླུང་རྒྱ་བསྡམས་པའི་རྩ་ཚིག   ཁོང་གཉིས་དུས་རབས་བཅུ་བཞི་པ་དང་བཅོ་ལྔའི་མི་སྣ་ཡིན།

[9] གངས་རིའི་སྐོར་གྱི་ཆེད་རྩོམ། དབྱིན་ཡིག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད། སྤྱི་ལོ། ༡༩༩༢ ཟླ་༧ ཚེས་༢༦ ཉིན་ཨ་རིའི་བདུན་རེའི་གསར་ཤོག་ ( NewsWeek ) ཏུ་འགྲེམས་སྤེལ་གནང་།

[10] ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཁོར་ཡུག་ལམ་སྟོན་དང་། བྱམས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ཕྱོགས་བསྡེབས། ཤོག་གྲངས། ༡ དགའ་ལྡན་ཕོ་བྲང་ཡིག་ཚང་ནས་པར་དུ་བསྐྲུན།  སྤྱི་ལོ་༢༠༡༥

[11] www.bod.asia /༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱའི་འབྲེལ་ལམ་ཐོག་གལ་ཆེའི་གསུང་བཤད་ཁག

[12] www. nobelprize.org/the 14th Dalai Lama-Acceptance Speech

[13] ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཤོག་གྲངས། ༥༢ བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་པར་འགྲེམས་ཞུས། སྤྱི་ལོ ༢༠༠༩

[14] བཙན་བྱོལ་ནང་གི་རང་དབང་། ཤོག་གྲངས། ༥༢༧   བོད་འགྱུར་མ། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ་༢༠༡༧

[15] www.dalailama.com/universal Responsibility and the Global Environment address at the Rio Earth Summit

[16] www.theguardian.com/cop21:Paris climate change conference 2015

[17] ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཁོར་ཡུག་ལམ་སྟོན་དང་། བྱམས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ཕྱོགས་བསྡེབས་ལས། འཛམ་གླིང་འདིར་ཞབས་འདེགས་ཀྱི་ལེགས་སྐྱེས་ནི་མུ་མཐའ་མེད་པ་ཞིག་ཡོད། མི་སྒེར་སོ་སོའི་ངོས་ནས་ལེགས་སྐྱེས་འབུལ་རྒྱུ་ནི་ཆུང་ཆུང་ཞིག་ཡིན་ནའང་། དེ་དག་གང་ཐུབ་ཅི་ཐུབ་ཀྱིས་ལེགས་སྐྱེས་འབུལ་རྒྱུ་གལ་ཆེན་པོ་ཡིན།   ཤོག་གྲངས། ༩   དགའ་ལྡན་ཕོ་བྲང་ཡིག་ཚང་ནས་པར་དུ་བསྐྲུན།  སྤྱི་ལོ་༢༠༡༥

[18] Our only home, A Climate Appeal to The Word, by HH.Dalai Lama with Franz Alt page:83

[19] ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཤོག་གྲངས། ༡༣༨ བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་པར་འགྲེམས་ཞུས།     སྤྱི་ལོ ༢༠༠༩

[20] ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་སྩལ་བའི་བླང་དོར་ལམ་སྟོན། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་པར་འགྲེམས་ཞུས། སྤྱི་ལོ ༢༠༠༩

[21] ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཁོར་ཡུག་ལམ་སྟོན་དང་། བྱམས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ཕྱོགས་བསྡེབས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་པར་དུ་བསྐྲུན།  སྤྱི་ལོ་༢༠༡༥

[22] སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ། སྤྱི་ལོ་༡༩༩༣ ལོར་མཛད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཁོར་ཡུག་ལམ་སྟོན་དང་། བྱམས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ཕྱོགས་བསྡེབས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་པར་དུ་བསྐྲུན།  སྤྱི་ལོ་༢༠༡༥              

[23] ༧གོང་ས་མཆོག་གི་གཟེངས་རྟགས་ཀྱི་སྐོར་ནས་ཕྱག་ལས་གནང་མཁན་རྒན་སངས་རྒྱས་ལགས།