༄༅། །ཕུལ་བྱུང་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཁུ་འབྲོག་པ་གླེང་བ།                                

བོད་མཐོ་སྒང་གི་འབྲོག་པའི་སྦྲ་དང་ནོར་ནག པར་པ་ Reurinkjan

རྩོམ་པ་པོ་མཛོད་སྟག་འཇམ་དབྱངས།

[ནང་དོན་གནད་བསྡུས།] ཨ་ཁུ་འབྲོག་པ་ནི་སྐལ་བ་ཡ་ཐོག་ནས་དེ་རིང་གི་བར་དུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བསམ་བློ་བ་དང་། ལས་འགུལ་བ། ཚན་རིག་པ། རྩོམ་པ་པོ། གཏམ་བཤད་པ། དྲིལ་བསྒྲགས་པ། ཚོང་པ་སོགས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་སྐྱེས་པ་ནས་མ་འཆི་བར་དུ་ལས་ཀ་བྱེད་མཁན་གྱི་འཛམ་གླིང་གི་སྐྱེས་བུ་གཅིག་པོ་དེ་ཡིན་ནོ།།

[བརྡ་ཆད་གཙོ་བོ།]   ཁོར་ཡུག  སྲུང་སྐྱོབ།  ཨ་ཁུ།  འབྲོག་པ།

སྔོན་དུ་འགྲོ་བའི་གཏམ།

ནང་པའི་ཆོས་ཀྱི་གཞུང་ནས་ཕྱི་སྣོད་ཀྱི་ཁོར་ཡུག་དང༌། ནང་བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་དང་འབྲེལ་བ་དམ་པོ་ཡོད་པར་བརྗོད། དེ་ལ་ཨ་ཁུ་འབྲོག་པས་ཡིད་ཆེས་གཙང་མ་བྱེད་པ་མ་ཟད་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྲུང་སྐྱོབ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་བྱེད་ཀྱིན་ཡོད་པ་ནི། སྔོན་གྱི་གསུང་རབ་དག་ཏུ་གསལ་བ་དང་། དེང་གི་ཚན་རིག་དང་ཧ་ཅང་མཐུན་པ་མ་ཟད། དེ་ནི་རླབས་ཆེན་གྱི་བསམ་བློ་དང་ཀུན་སྤྱོད་ཅིག་ཀྱང་རེད།

         ལོ་ངོ་སྟོང་ཕྲག་མང་པོའི་བྱུང་བ་ཡོད་པའི་བོད་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་འདི་ལ་འཇིག་རྟེན་མྱི་ཡིས་འདོད་རྔམས་ཀྱི་ཕྱག་རིང་བརྐྱངས་དང་རྐྱོང་བཞིན་པའི་སྐབས་འདི་ཡིན་རུང་། ཨ་ཁུ་འབྲོག་པའི་ཆོས་དད་དམ་རྨོངས་དད། ཡང་ན། ཡུལ་སྲོལ་ལམ་གོམས་གཤིས་གང་ཡིན་མིན་དང་། བཟང་ངན་གང་ཡིན་བཤད་རུང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི། མིག་མཐོང་ལག་ཟིན་ཡིན་པ་དེ་རེད།  དེ་ཡང་རང་ཉིད་འབྲོག་ཕྲུག་ཅིག་ཡིན་པའི་ཆ་ནས་འདིར་དམིགས་བསལ་གྱི་བཤད་འདོད་པ་ནི། ཨ་ཁུ་འབྲོག་པའི་ཡུལ་སྲོལ་གོམས་གཤིས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་དེ་ཡིན། རྒྱུ་མཚན་ནི། ངག་རྒྱུན་དང་དངོས་མཐོང་གང་མང་ཞིག་དང་མཉམ་དུ་ཡར་འཚར་བའི་རྐྱེན་གྱིས་རང་ཉིད་ཀྱི་ཁོར་ཡུག་ནས་མགོ་བཟུང་ན་ལེགས་པར་སྙམ།

དབྱིང་གཉིས་ཐན་རྫས་མེད་པའི་འགྲོ་སྐྱོད། པར་པ་ Reurinkjan

དང་པོ། ཨ་ཁུ་འབྲོག་པས་ཤིང་ནགས་རང་འདོད་ཀྱིས་གཅོད་གཏུབ་མི་བྱེད་པར་མོ་དང་རྩིས། སྐར་མ་ཡག་ཉིན་གཟའ་སྐར་འཕྲོད་ཉིན་གང་ལྟར་ཡང་རྣམ་རྟོག་མེད་པའི་ཆེད་དུ་སྐུ་རིམ་སོགས་གང་ལེགས་བྱས་ནས་ཀ་བ་དང་གདུང་མ་འགའ་རེ་ལེན་པ་ལས། གང་འདོད་བག་མེད་ལོངས་སྤྱོད་མི་བྱེད་པ་མ་ཟད། ས་རྡོ་བེད་སྤྱོད་ནས་རྡོ་ཁང་དང་ས་ཁང་། ད་དུང་མཁར་རྡུང་ནས་ཁང་པ་སོགས་ཕུག་གིན་ཡོད་པ་ནི། གནའ་ཡི་རྒྱལ་ཁང་དག་ལས་ཤིན་དུ་གསལ། ཁོར་ཡུག་ལ་གནོད་པའི་ཤིང་ནགས་དང་རྡོ་སོལ་སོགས་མེ་རུ་མི་འབུད་པར་ནོར་གནག་གི་ལྕི་བ་འབུད་ཀྱིན་ཡོད་པ་མ་ཟད། དེའི་ཐལ་བ་དབྱར་དུས་རྩྭ་ཐང་ལ་གཏོར་གྱིན་ཡོད་པ་དང་དགུན་དུས་ཆབ་ཆེན་དང་མཉམ་དུ་བསགས་ནས་དཔྱིད་དུས་རྩྭ་སའི་ནང་དུ་གཏོར་གྱིན་ཡོད་པ་དེའི་རྩྭ་དང་སྐྱེས་དངོས་སྐྱེ་འཕེལ་ལ་ཕན་པ་མ་ཟད། ས་གཞིའི་རྒྱུ་སྤུས་སྲུང་སྐྱོབ་ལ་ཡང་ཕན་གྱིན་ཡོད། ཚན་རིག་པ་ལ་ལས་བཤད་ན། ལྕི་བའམ་ཐལ་ནི་ལུད་ཡག་ཤོས་དང་བོད་ཀྱི་ལྕི་བས་དུ་བའི་ནད་རིགས་མང་པོ་སེལ་གྱིན་ཡོད་པ་ཡང་བཤད་འདུག

གཉིས་པ། ཡ་མཚན་པ་ཞིག་ལ་ལྗོན་ཤིང་གསར་འཛུགས་བྱེད་ནས་ཚེ་ཐར་ལ་གཏོང་སྲོལ་ཡོད་པ་མ་ཟད་སྲོག་ཤིང་ཟེར་ནས་ཤིང་དམིགས་བསལ་བ་ཡང་རང་ངོས་ནས་སྐུད་པའམ་བལ་སོགས་བཏགས་ནས་བདག་པོ་རྒྱག་པ་རེད། དེ་མ་ཟད་མཚོ་ལ་ལར་བླ་མཚོ་ཟེར་ནས་བདག་གཅེས་བྱེད། ད་དུང་བདག་མེད་སེམས་ཅན་དང་བྱ་བྱེའུ་མང་པོ་ཞིག་ལ་ཡུལ་ལྷ་གཞི་བདག་གི་སྒོ་ཟོག་གམ་ལྷ་བྱ་ཡང་ན་འདྲེ་བྱ་རེད་ཟེར། དེ་དག་ལ་མྱི་སུ་ཡིན་རུང་གནོད་པ་མི་བྱེད། རྒྱུ་མཚན་ནི། ལྗོན་ཤིང་དང་། མཚོ་དང་མཚེའུ་ལ་ཀླུ་གནས་ཡོད་པའི་དེ་ལ་གནོད་འཚེ་བྱས་པ་ཡིན་ན། རྐང་ལག་ཞ་བོར་གྱུར་བའམ་རྨ་འདྲ་མིན་སོགས་འབུད་པ་ལ་ཡིད་ཆེས་ཡོད་པ་མ་ཟད་སྲོག་ཤིང་ལ་གནོད་འཚེ་བྱེད་ན། རང་ཉིད་ཀྱི་སྲོག་གམ་བླ་ལ་མི་བཟང་བའི་ལྟ་ཚུལ་དང་བསམ་བློ་ཡོད། དེ་མ་ཟད་རྒྱུག་ཆུའི་ནང་ལ་གཅིན་སྐྱག་གམ་ཁ་ལུད་སྣ་ལུད་འཕངས་ན། ཚེ་ཕྱི་མར་བར་དོའི་ཁམས་ནས་རྣམ་ཤེས་ཀྱིས་དེ་དག་ཕྱིར་འཚོལ་དགོས་པའི་ལྟ་སྲོལ་དང་བསམ་སྲོལ་ཡང་ཡོད། བསམ་བློ་དང་ཀུན་སྤྱོད་འདི་ལས་རང་བྱུང་ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་བྱེད་པར་ཕན་ནུས་བླ་མེད་ཐོན་ཡོད།

གསུམ་པ། ཨ་ཁུ་འབྲོག་པས་རང་ཉིད་ཀྱི་རྣམ་དཔྱོད་དང་ལག་རྩལ་ལ་བརྟེན་ནས་ཁོར་ཡུག་ལ་ཕན་ཐོགས་མི་དམན་པ་རེ་འཇོག་གིན་ཡོད། དཔེར་ན། ནོར་གནག་གི་ཁུ་ལི་དང་རྩིད་པ། ལུག་གི་བལ། ད་དུང་དེ་དག་གི་པགས་པ་སོགས་བེད་སྤྱོད་ནས་སྦྲ་ནག་དང་ཀླད་ནག སྒོ་ཡོལ་དང་ཏ་ལེན། ཉལ་གོས་དང་ཕྱིང་བ། ཆུ་མིག་དགུ་སྒྲིག་དང་མདུད་པ་དགུ་རྒྱག ལྷམ་དང་གདན། ཕྱིང་ཞྭ་དང་འུར་ཆ། རྟ་མཐུར་སྐེ་ཐག ཀོ་གྲུ། དྲ་ཐག རྩག་པ་དང་སྒྱེ་མོ། རྐྱལ་པ། ཐག་པ་ཚ་རའི་སློག་པ་སོགས་བཟོས་ནས་རང་གི་དགོས་མཁོ་སྐོང་གིན་ཡོད་པ་མ་ཟད། ཟ་རྒྱུ་འཐུང་རྒྱུ་འགྲིམ་འགྲུལ་ཚང་མ་རང་གི་སྒོ་ཁ་ནས་འཚོལ་གྱི་ཡོད། འདི་དག་ལས་ལྷག་པར་མཁོ་བའི་ཡོ་བྱད་རེ་དགོས་ན། དངོས་ཟོག་ཕན་ཚུན་བརྗེ་བའི་ཉོ་ཚོང་ལམ་ལུགས་(Barter system)(易货系统 )ནས་དགོས་འདོད་སྒྲུབ་བཞིན་ཡོད། དེ་བས་དུས་བཞིའི་ནང་ནས་དགུན་དུས་གཅིག་པོ་མ་གཏོགས་ཁང་པའི་ནང་ན་སྡོད་ཀྱིན་མེད། ས་རི་སྡེ་ཐུན་མོང་ལ་དབང་བའི་དབྱར་དགུན་སྟོན་དཔྱིད་མེད་པར་རྩ་བཟང་ས་དང་ཆུ་མོད་ས་ལ་འགྲོ་བཞིན་ཡོད་པར་བརྟེན་སྐྱེ་ཁམས་ལ་ཧ་ཅང་ཕན་པ་ཡིན།

འབྲོག་པའི་རུ་སྤོར་བཞིན་པ། པར་པ་ Reurinkjan

དེ་མ་ཟད་ཨ་ཁུ་འབྲོག་པའི་དབྱར་ས་དང་དགུན་ས། སྟོན་རུ་དཔྱིད་རུ་ཟེར་ནས་ནམ་དུས་རེ་རེ་ལ་ས་ཆ་རེ་རེ་ལ་གནས་སྤོར་བྱས་ནས་འགྲོ་བའི་སྲོལ་བཟང་གིས་སྤང་ཐང་གི་རྩ་སྐྱེ་བར་ལ་ཕན་པ་མ་ཟད་སྒོ་ཕྱུགས་དག་གིས་མེ་ཏོག་དང་རྩི་ཏོག་གི་ས་བོན་རི་ལུང་གང་སར་འགྲེམས་པ་དང་གཏོར་བ། ད་དུང་སྐྱེལ་འདྲེན་སོགས་ལ་ཕན་པ་ནི་ད་ལྟ་ཚན་རིག་པས་ར་སྤྲོད་བྱེད་བཞིན་ཡོད་པ་དེ་རེད།

བཞི་པ། མདོར་ན་ཨ་ཁུ་འབྲོག་པའི་ཚེ་གང་པོར་ཁོར་ཡུག་སྲུང་སྐྱོབ་བྱས་པའི་དགེ་མཚན་ནི། ཤིང་ནགས་གཅོད་པ་ལས་འཛུགས་པ་མང་བའི་འཛམ་གླིང་གི་ཚ་དྲོད་(Global warming)(地球暖化)མི་འཕེལ་པ་དང་རི་མི་ཉིལ་བ། ས་མི་རུད་པ། འབྱུང་བཞིའི་(Four elements)(四个要素)གནོད་པ་མེད་པ་ལ་ཕན་གྱིན་ཡོད་པ་དང་། རྒྱུག་ཆུ་གཙོ་བོར་གྱུར་བའི་མཚོ་དང་མཚེའུ། ཆུ་ཕྲན་དག་ལ་སྦགས་བཙོག་མ་བྱས་པས་མྱི་དང་སེམས་ཅན། རྩི་ཤིང་མ་ཟད་ཆུའི་འཁོར་རིམ་(water circle)(水圈)ལ་ཡང་ཕན་གྱི་ཡོད། དུས་བཞིར་གནས་སྤོར་བའི་སྤང་ལྗོངས་ལ་དྭངས་གཙང་གི་རྫས་ལུད་བླུགས་པ་དང་སེམས་ཅན་གྱིས་རྩ་རྩི་ཤིང་གི་ས་བོན་གང་སར་བཀྲམ་པས་(Dispersal of seeds by animals)(动物分散种子)ཡུལ་ལྗོངས་སམ་སྤང་ཐང་ལ་ཕན་ཐོགས་ཡོད་པར་མ་ཟད་ད་དུང་བདག་མེད་སེམས་ཅན་དང་བྱ་རིགས་དག་ལ་གནོད་པ་མི་བྱེད་པའི་ཟས་ཀྱི་བརྒྱུད་འཁོར་(Food chain)(食物链)ལ་ཕན་པ་ཡོད།

ལྔ་པ། ད་དུང་ཨ་ཁུ་འབྲོག་པས་རང་གི་ལག་རྩལ་དང་ནུས་པ་ལ་བརྟེན་ནས་ཟ་འཐུང་དང་གྱོན་པ་སོགས་རྫས་འགྱུར་གྱིས་ལྷད་སྐྱོན་མ་འདྲེས་པར་འཚོ་བ་རོལ་བའི་གོམས་གཤིས་གཙང་མ་དང་བཟང་པོ་འདིས་སྦགས་བཙོག་བཞིའི་(Four pollution)(四个污染)དཀའ་ངལ་མེད་པའི་ཕན་ཐོགས་ཡོད་པ་མ་ཟད་མཁའ་དབྱིངས་བླ་བྲེ་(Ozone layer)(臭氧层)ལ་སྲུབས་ཀའམ་བུ་ག་མི་ཡོང་པ་ལ་ཕན་པ་ནི་ཁ་སང་དེ་རིང་མིག་མཐོང་ལག་ཟིན་ཡིན་པ་དེའོ།། །།