མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཁན་སྐུ་ཞབས་རྣམ་རྒྱལ་ལགས་མཚམས་མདོར་བསྡུས།

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པ་རྣམ་རྒྱལ། པར་པ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

རྩོམ་པ་པོ་ཨ་སྐྱབས་རྒྱལ་སྲས།

“ང་རང་ནི་འབྲོག་པ་ཕལ་བ་ཞིག་ཡིན། ཆུང་དུས་ནས་ཕྱུགས་རྫི་བྱས། དལ་གྱིས་རང་སྦྱོང་བྱས་ནས་ཕྱུགས་ནད་སྨན་པའི་བྱ་བ་ལས། རང་ཉིད་ལོ༣༠ ཡས་མས་སུ་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་པ་ཡིན། དང་ཐོག་སྲུང་སྐྱོབ་བྱེད་སྐབས་ཉམས་མྱོང་མེད་ལ་དུས་རྒྱུན་དྲག་པོ་དང་རྩུབ་པོའི་ལམ་ནས་སྲུང་སྐྱོབ་བྱས་པ་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆེད་དུ་ཁ་ཁྲག་སྣ་ཁྲག་གདའ་བ་ནི་རྒྱུན་ལྡན་ཡིན། དེ་ནས་དལ་གྱིས་ཉམས་མྱོང་ཐོབ། ཁྲིམས་འགལ་རྔོན་པ་དེ་དག་ལ་ཁྲིམས་ཀྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་ཤེས། སྐབས་དེར་རང་གིས་ཁྲིམས་ཀྱི་སྐོར་སྦྱང་དགོས་བསམ་ནས། ཀྲུང་གོའི་རྩ་ཁྲིམས་བློར་འཛིན་རྒྱུ་འགོ་བརྩམས། དེ་ནས་ཞི་འཇམ་གྱི་ལམ་ནས་སྲུང་སྐྱོབ་ཀྱི་ལས་ཀ་ལས། དེའི་རྗེས་སུ་དགོ་དམར་བདག་སྐྱོང་གི་བྱ་བ་ལས། དགོ་དམར་སྲུང་པའི་སྲོལ་དེ་ས་གནས་སུ་གནའ་སྔ་མོ་ནས་ཡོད་པ་རེད། སྡེ་བའི་ལོ་ན་མཐོ་བ་མང་པོས་དགོ་དམར་སྲུང་མྱོང་། ༡༩༩༦ ལོ་ནས༡༩༩༧ལོའི་བར་དུ་འབྲོག་པ་རྣམས་ལ་རྩྭ་ས་བགོས། དེ་ནས་ཆུ་མགོ་དང་རྩྭ་ཐང་གི་གད་སྙིགས་འཐུས། གད་སྙིགས་འཐུ་པ་ནི་ང་རང་ལོ༣༥ ལོན་པ་ནས་མགོ་བརྩམས། སྐབས་དེར་ང་ལ་ལྐོག་ཏུ་འཕྱ་སྨོད་བྱེད་མཁན་ནི་མང་པོ་ཡོད། ཚང་མས་རྣམ་རྒྱལ་འདི་མི་སྨྱོན་པ་ཞིག་རེད། ཁོམ་སོང་ནས་ལས་རྒྱུ་མེད་ལ་གད་སྙིགས་འཐུ་གིན་ཡོད་ནི་རེད། ཟེར་བ་མང་པོ་ཡོད།” “ང་ལ་མཚོན་ན་རང་གི་ཕ་ཁྱིམ་སྲུང་སྐྱོབ་བྱེད་པ་ནི་འགན་ཁུར་མིན། དེ་ནི་ངའི་ཤ་དང་ཁྲག་ཏུ་ཞུགས་ཡོད་པའི་མི་ཚེའི་འོས་འགན་རེད། རྩྭ་ཐང་ཧྲིལ་བོར་གད་སྙིགས་ཀྱིས་ཁེངས་ཚར། ཆུ་མགོ་མང་པོ་ཡང་སྐམ་ཚར། གད་སྙིགས་དེ་འདྲ་མང་པོ་གང་ནས་ཡོང་ཟེར་ན། ༡༩༨༠ ཐམ་པ་ལོ་ནས་ཆུ་མིག་བརྒྱ་རྩའི་གནས་སྒོ་ཞེས་པ་བཙུགས་རྗེས། འགྲུལ་པ་མང་པོ་ཡོང་། དུས་མཉམ་དུ་གད་སྙིགས་མང་པོ་ཡང་ཐོན་བྱུང་”ཟེར།

བཤད་ཚུལ་ལྟར་ན། སྔོན་ཆད་ས་འདི་ནི་མཚོ་སྐོར་ས་ཁུལ་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོབ་ཐོབ་པའི་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གི་གནས་མལ་གཙོ་བོ་ཡིན་ལ། རླབས་ཆུ་སྔོན་མོའི་བར་གསེང་དང་། ལྗང་མདོག་གི་གཟན་རྩྭའི་གསེབ་ན་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་ལ། འདི་ནི་ཁོ་ཚོའི་བདེ་སྐྱིད་ཀྱི་ཁྱིམ་གཞི་དྲོན་མོའང་ཡིན། ཡིན་ནའང་། མིའི་རིགས་ཀྱིས་དཀྲོག་འདེད་དང་སྐྱེ་ཁམས་ཉིན་རེ་བཞིན་ཇེ་བཙོག་ཏུ་གྱུར་བས། ཁོ་ཚོའི་ཁྱིམ་གཞི་ལ་གཏོར་བརླག་ཚབས་ཆེན་ཐེབས་ཤིང་། འུ་ཐུག་ཐབས་ཟད་ངང་མཚོ་ཁ་དང་ཁ་བྲལ་སོང་ལ། དེ་ནས་བཟུང་ཡིད་དུ་འོངས་པའི་གཟུགས་བརྙན་དེ་དག་སླར་ཡང་མི་རྣམས་ཀྱི་མིག་མདུན་དུ་མངོན་མ་བྱུང་མོད། དགའ་འོས་པ་ལ་བོད་རིགས་འབྲོག་པ་དཀྱུས་མ་རྣམ་རྒྱལ་ནས་གད་སྙིགས་འཐུ་བ་སོགས་བྱམས་དང་སྙིང་རྗེས་སྐྱེ་ཁམས་ལ་སྲུང་སྐྱོབ་དང་བདག་གཉེར་བྱས་པས། ད་ལོར་ཁྲུང་ཁྲུང་སྐེ་ནག་དང་དགོ་དམར་རེ་གཉིས་ཡང་བསྐྱར་ཕྱིར་སླེབས་བྱུང་ལ། ཁོ་ཚོས་ཡང་བསྐྱར་འཆམ་མཐུན་མཉམ་གནས་ངང་བུ་རབས་ཚ་རྒྱུད་སྤེལ་ཏེ། ལོ་ཟླ་རིང་མོ་སྐྱེལ་ཐུབ་པ་བྱུང་བས། སེམས་ཅན་དེ་དག་འབྲོག་མི་རྣམ་རྒྱལ་ལ་བརྩེ་མདངས་ཟབ་མོ་ཆགས་ཡོད།

ཁོང་གིས་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་ལ་ཁྱིམ་གཞི་གསར་བ་བཙུགས། མཚོ་ཆུང་ནོར་བུ་ནི་ཁྲུང་ཁྲུང་སྐེ་ནག་གི་ཁྱིམ་གཞི་ཡིན་པར་མ་ཟད། འབྲོག་མི་རྣམ་རྒྱལ་གྱི་ཕ་སའང་ཡིན། མཚོ་ཆུང་ནོར་བུ་ནས་སྐྱེས་པའི་འབྲོག་མི་རྣམ་རྒྱལ་ལ་མཚོན་ན། ཕ་ས་མ་མོའི་བྲང་དང་འདྲ་བ་དེ་ལ་དངོས་ནས་རང་གིས་བློས་མི་ཆོད་པའི་བརྩེ་དུང་དང་ཞེན་ཆགས་ཟབ་མོ་ཡོད་དེ། བླ་མཚོར་མཆོད་པའི་གནས་དེ་ནས་ཁྲུང་ཁྲུང་སྐེ་ནག་དང་འགྲོགས་པའི་སྣང་བརྙན་གསོན་པོ་ཡོད་པ་དང་། དྲན་ཚུལ་ལ་ཆུང་དུས་སུ་མཚོ་ཆུང་ནོར་བུའི་ཁ་ན་ཁྲུང་ཁྲུང་སྐེ་ནག་ཧ་ཅང་མང་ཞིང་། དབྱར་དུས་ཀྱི་མཚམས་སྤྲིན་དམར་པོའི་ཁྲོད་ན་རྣམ་རྒྱལ་ཀྱིས་རྒྱུན་ཏུ་ཁོ་ཚོ་དང་མཉམ་གནས་འབྲེལ་འདྲིས་བྱེད་པའི་ཁྲོད་ནས་ཉི་མ་སྐྱེལ་བར་མ་ཟད། ཁོ་ཚོས་ཁ་ཟས་འཐུ་བ་དང་། རྩེད་འཇོར་རོལ་བ། གཤོག་འགྱུར་ངོམས་པ་སོགས་ལ་གཡེངས་ཏེ་ཁོང་གི་བྱིས་དུས་ལ་འཆར་སྣང་དང་བདེ་སྐྱིད་ཚད་མེད་སྦྱིན་ཡོད།

གསེར་ཉ་སྲུང་སྐྱོབ་ཆེད་དུ་དར་ཐོག་གི་གད་སྙིགས་འཐུ་བཞིན་པའི་རྣམ་རྒྱལ། པར་པ་མ་ཤེས།

རྒན་རབས་པས་བཤད་ན། གནའ་སྔ་མོར་སློབ་དཔོན་པདྨས་ཕྲག་ཟུང་ལ་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་ཐེགས་ཏེ་མཚོ་སྔོན་པོའི་འགྲམ་རྒྱུད་ནས་ཆོས་གསུངས་ལ། ཁོང་གིས་སྐབས་དེའི་མཚོ་སྔོན་པོའི་ཤར་རྒྱུད་ཐམས་ཅད་ཐན་པ་ཆེ་ཞིང་ས་རྒོད་ཡིན་པར་གཟིགས་ཏེ། ཕྱག་གི་ཕྲང་རྡོག་༡༠༨ པོ་ས་དེར་གཏོར་ཅིང་ཕྲེང་རྡོག་ས་ལ་བབས་པའི་ཤུལ་དེ་དེང་སྐབས་ཀྱི་ཆུ་མིག་༡༠༨ དུ་གྱུར་ལ། ཆུ་མིག་རིམ་གྱིས་བཞུར་ཏེ་རྫིང་བུ་ཞིག་འཁྱིལ་བ་དང་། དེ་ནི་ད་ལྟའི་མཚོ་ཆུང་ནོར་བུ་རེད། སློབ་དཔོན་གྱིས་རྗེས་སུ་བཟུང་བའི་ཁྲུང་ཁྲུང་སྐེ་ནག་དེ་གཉིས་ཀྱིས་མཚོ་སྟེང་ནས་དགྲ་འདུལ་གཉེན་སྐྱོང་གི་ལས་མང་བོ་སྒྲུབ་སྟེ་འགྲོ་བ་ཡོངས་ལ་མགོན་སྐྱབས་མཛད་པས། ས་དེའི་སྲུང་མ་ལྟ་བུར་གྱུར་ཅིང་། ངག་རྒྱུན་འདི་ལྟ་བུ་ཡོད་པའི་རྐྱེན་གྱིས་ས་དེའི་འབྲོག་དམངས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་བརྩི་བཀུར་ཆེན་པོ་བྱེད་ལ། ཁོ་ཚོའི་མིག་ལམ་དུ་ཁྲུང་ཁྲུང་སྐེ་ནག་ནི་ཁོ་ཚོའི་སེམས་སྟེང་གི་མགོན་སྐྱབས་དང་ཡིད་ཀྱི་བདེན་པ་བདར་ས་རེད།

དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བ་ནས། མཚོ་སྔོན་པོའི་མཐའ་སྐོར་ཏུ་ཆུ་རྐ་བརྐོ་བ་དང་ཐོན་ལས་གསར་འབྱེད་ཀྱི་བྱ་འགུལ་ཇེ་མང་དུ་སོང་ཞིང་། མི་ཕྱུགས་ཀྱི་གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་གྱུར་ལ། མཁའ་དབུགས་ཇེ་བཙོག་དང་། རྩྭ་ཐང་བྱེ་ཟེགས་སུ་གྱུར་བས། མ་གཞི་རྩྭ་རུས་བཟང་བའི་རྩྭ་ཐང་དེ་རིམ་བཞིན་བྱེ་ཐང་གིས་ཁྱུར་མིད་བྱས་ཤིང་། ས་རྒོད་ཐང་རྒོད་དུ་གྱུར་ལ། ལྷག་པར་ཏུ་མཚོ་སྔོན་པོའི་ཤར་བྱང་ནས་ཁོད་ཡངས་པའི་གཞུང་ལམ་གསར་བཟོ་བྱས་པ་དེས། མཚོ་ལྷོ་དང་མཚོ་བྱང་བར་གྱི་འབྲེལ་འདྲིས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་མོད། ས་དེའི་ལྷིང་འཇགས་དང་རང་དབང་ལ་གཏོར་སྐྱོན་ཐེབས་ཡོད་དེ། མི་མང་བོས་གང་འདོད་དུ་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་ལེན་པ་དང་ཉ་འཛིན་པ་སོགས་བྱས་པས། ཁྲུང་ཁྲུང་སྐེ་ནག་གིས་འཚོ་བར་དཀའ་ངལ་དང་ཚེ་སྲོག་ཉེན་ཁ་ལ་ཕྲད་པའི་ཚོར་རྟོགས་བྱུང་སྟེ། ཞེ་འཁྲང་བཞིན་དུ་མཚོ་ཆུང་ནོར་བུ་དང་ཁ་བྲལ་འགོ་བརྩམས་ལ། རིམ་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཏེ། ད་ལྟ་གཉིས་མ་གཏོགས་ཤུལ་ན་ལུས་མེད།

བལྟས་བལྟས་ལ་ཡིད་དུ་འོང་བའི་ཁྲུང་ཁྲུང་སྐེ་ནག་ཇེ་ཉུང་དུ་སོང་བས། འབྲོག་མི་རྣམ་རྒྱལ་གྱི་སེམས་པ་འཁྲང་ཞིང་། རང་ནུས་ཡོད་དགུ་བཏོན་ནས་ཁྲུང་ཁྲུང་སྐེ་ནག་གཙོ་བྱས་པའི་རི་སྐྱེས་སྲོག་ཆགས་ཡོངས་ལ་སྲུང་སྐྱོབ་དང་ཕ་ས་ཕ་ཡུལ་ལ་བདག་སྐྱོང་བྱེད་པའི་དམ་བཅའ་སྙིང་ལ་བཀོད་དེ། ཡང་དང་ཡང་དུ་ཁྲུང་ཁྲུང་སྐེ་ནག་གི་ཆེ་བ་བརྗོད་ཅིང་འཛིན་མི་རུང་བའི་ཁ་ཏ་སློབ་གསོ་དང་། འུ་ཚུགས་ཅན་ལ་ཁ་རྡུང་ཡང་བཏང་མོད། སུ་ཞིག་གིས་བྱིས་པ་ཞིག་གི་ཁ་ལ་ཉན་ནམ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཅི་ཡང་མེད་པའི་ཀླ་ཀློ་འུ་ཚུགས་ཅན་དེ་ཚོ་སྔར་བཞིན་འཚང་འོང་བར་མ་ཟད། ཁོང་ལ་གཅར་རྡུང་ཡང་ཐེབས་མྱོང་། ཁོང་གི་བྱ་བ་ལ་འགོག་ཤུགས་དང་དཀའ་ངལ་ཅི་ལྟར་ཆེ་ཡང་ཆོད་སེམས་ལ་འགྱུར་བ་གཏན་ནས་བྱུང་མ་མྱོང་སྟེ། ༡༩༩༤ ལོ་ནས་བཟུང་། གཉོམ་ལག་རྒྱས་ཤིང་བློ་སྤོབས་འཛོམས་པའི་གསར་རྒོད་རྣམ་རྒྱལ་ཁོང་དངོས་སུ་དམངས་ཁྲོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་པ་ཆུང་ཆུང་ཞིག་ཏུ་གྱུར་ལ། སྡེ་བའི་ན་གཞོན་སྐོར་ཞིག་བསྡུ་རུབ་བྱས་ཏེ། ཕྱུགས་འཚོ་ཞོར་ཏུ་རྟ་ལ་བཅིབས་ནས་ས་རྒྱ་ཆེ་ཞིང་མུ་མཐའ་བྲལ་བའི་རྩྭ་ཐང་དང་། གཡའ་རི་དང་བྲག་རི། ལང་ལོང་གི་བྱེ་ཐང་ཆེན་མོ་སོགས་སུ་སྐོར་ཞིབ་བྱས་ལ། གནད་དོན་ལ་ཕྲད་ཚེ་བཀག་འགོག་དང་གོ་སྐོན་བློ་འགུགས་བྱས་པས། མི་རྣམས་ཀྱི་སེམས་སུའང་ཁོང་ལྟ་བུའི་སྐྱེ་ཁམས་སྲུང་སྐྱོབ་དཔུང་སྡེ་ཞིག་ཡོད་པ་ཚོར་རྟོགས་བྱུང་སྟེ། རི་དྭགས་རྔོན་འདོད་ཀྱི་ལས་དེ་མཚམས་བཞག་པ་རེད།

རྣམ་རྒྱལ་གྱིས་བྱ་ལ་ཐུག་བཞིན་པ། པར་པ་མ་ཤེས།

༡༩༩༦ ལོའི་ཟླ༥ བའི་ཉིན་ཞིག་ལ། ཁྲུང་ཁྲུང་སྐེ་ནག་ཆ་གཅིག་གར་ཡོང་མེད་པར་མཚོ་ཆུང་ནོར་བུར་བབས་བྱུང་ལ། ཡུན་རིང་ལ་རེ་སྒུག་བྱས་པའི་སྣང་བརྙན་དེ་སླར་ཡང་འབྲོག་མི་རྣམ་རྒྱལ་གྱི་མིག་ལམ་དུ་ཐོན་པས། ཁོང་སེམས་འགུལ་ཐེབས་ཤིང་དབུགས་རྒྱུན་བཅད་དེ་ཡུན་རིང་ལ་རྒྱང་བལྟ་བྱས་ལ། མགྲོན་པོ་རྩ་ཆེན་དེ་དཀྲོག་པར་འཇིགས་ཏེ་ཉིན་མང་བོར་ཉེ་སར་གཅར་མ་ཐུབ། རེད་དེ་འབྲོག་མི་རྣམ་རྒྱལ་གྱི་དབང་གིས་ཁོར་ཡུག་གི་བདེ་འཇགས་ཅུང་ཟད་ཐོབ་པ་འདྲ་སྟེ། ཁྲུང་ཁྲུང་སྐེ་ནག་ཆ་དེ་ལྷོད་ལ་བབས་ཤིང་ཞེད་སྣང་མེད་པའི་སྒོ་ནས་གང་འདོད་དུ་ཁ་ཟས་འཐུ་བ་དང་། རྩེད་འཇོར་གཡེང་བ། གཤོག་འགྱུར་ངོམས་པ་སོགས་བྱས། རྣམ་རྒྱལ་གྱི་ཁྱིམ་ནི་མཚོ་ཆུང་ནོར་བུའི་ཆུ་མིག་༡༠༨ པོ་འཕྱུར་བའི་ས་དེར་ཆགས་ཤིང་། ཁྲུང་ཁྲུང་སྐེ་ནག་གི་ཚང་ནི་ཁོང་ཚང་གི་རྩ་རྭའི་ནང་ཡིན། ཁོས་རྩ་རྭའི་ནང་དུ་མི་གཅིག་ཀྱང་འོང་དུ་མི་འཇུག་པར་མ་ཟད། སྒོ་ཟོག་ཀྱང་ཅི་ནུས་ཀྱིས་འགྲོ་རུ་མི་འཇུག་ལ། རང་ཁྱིམ་གྱི་ཤ་ཟས་དུམ་བུར་གཏུབ་ནས་མཚོ་ཁར་གཏོར་ཅིང་ཉིན་འགའ་རེའི་བར་ནས་ཁོང་དང་ཁོང་གི་བྱིས་པ་གསུམ་པོ་རེས་སྐོར་ནས་ཁ་ཟས་སྐྱེལ་བའི་ལས་དེ་མཚམས་ཆད་མ་མྱོང་། དེ་ལྟར་ཁྲུང་ཁྲུང་སྐེ་ནག་དང་ཁོ་ཚོ་ཕན་ཚུན་འདྲིས་ཤིང་ཆ་རྒྱུས་ཡོད་པར་གྱུར་ཏེ། ཉེ་སར་བཅར་ནས་འབྲེལ་གཏུགས་དང་ཁ་ཟས་སྟེར་ཐུབ་པར་གྱུར་ལ། ཁྲུང་ཁྲུང་སྐེ་ནག་གིས་ཀྱང་དགའ་ཀྲོག་ཀྲོག་གིས་ཁ་ཟས་འཐུ་ཞིང་སྐད་རྒྱག་པར་མ་ཟད། མགོ་བོ་གུག་གུག་ངང་སྐྱིད་པའི་གར་ལ་རྩེན། ཁྲུང་ཁྲུང་སྐེ་ནག་ཆ་དེ་ལོ་རེའི་ཟླ་༣ པའི་སྔོན་ལ་འཕུར་འོངས་ཤིང་ཟླ་༡༠ པའི་ནང་ཞེ་འཁྲང་བཞིན་དུ་ཕྱིར་འཕུར་འགྲོ་ལ། བསྟུད་མར་ལོ་འགའི་ནང་ཕྲུ་གུ་བཅུ་ཁ་ཞིག་ཏུ་འཕེལ་བར་མ་ཟད། ས་དེར་གཏན་ཆགས་ངང་འཚོ་སྡོད་བྱས་པ་རེད། ཁྲུང་ཁྲུང་སྐེ་ནག་ཆ་དེ་ས་དེར་ཞེན་ཆགས་དོན་ནི་རྣམ་རྒྱལ་ཁྱིམ་མི་གང་བོས་ལོ་མང་རིང་ཁོ་ཚོར་སེམས་གཏིང་གི་ཁྲག་དང་སེན་མགོའི་རྣག་གང་མང་ཕུད་པས་ཡིན་ལ། གཉེན་ཉེ་ལྟ་བུའི་སེམས་ཁུར་དང་གཅེས་སྐྱོང་བྱས་བས་ཀྱང་ཡིན།

རི་དྭགས་རྨས་མར་རྨ་ལས་བྱས་ཏེ་བྱིས་པར་རི་དྭགས་སྲུང་སྐྱོབ་སློབ་བཞིན་པའི་རྣམ་རྒྱལ། པར་པ་མ་ཤེས།

ཁོང་གིས་དགོ་དམར་རྭ་མགོ་མ་༦ ཆེ་རུ་བསྐྱངས། རྒྱུས་ལོན་པ་ལྟར་ན། དགོ་དམར་ལ་ཀྲུང་ཧྭ་གཙོད་རྭ་མགོ་མ་ཡང་ཟེར། མིག་སྔར་མཚོ་སྔོན་པོའི་ཤར་རྒྱུད་དང་། བྱ་གླིང་། གཡོན་འབྲུ་བཅས་ས་ཁུལ་གསུམ་དུ་ཁྱབ་ཡོད་ལ། ༡༩༩༤ ལོ་ནས་༢༠༠༡ལོའི་བར་གྱི་སྡོམ་རྩིས་ལྟར་ཚོད་དཔག་བྱས་ན། སྤྱིའི་གྲངས་ཀ་༢༠༠ གཡས་གཡོན་ལ་སླེབས་ཤིང་། དགོ་དམར་ཆེས་ཆེ་བ་དེ་མཚོ་སྔོན་པོའི་ཤར་རྒྱུད་དུ་གནས་ལ། ཕལ་ཆེར་༡༢༠ ལྷག་ཡོད།  ཁོ་ཚོ་ཉེན་ཁར་སྐྱེལ་བའི་རྒྱུ་རྐྱེན་ནི་མིའི་བྱ་འགུལ་གྱིས་ཤན་ཤུགས་ཚབས་ཆེན་ཐེབས་ཡོད་དེ། མཚོ་སྔོན་པོའི་མཐའ་སྐོར་གྱི་སྡོད་ཁང་འཛུགས་སྐྲུན་དང་འདུ་ཚོགས་ཇེ་མང་དུ་སོང་བ་དང་། ཞིང་ས་རྒྱ་སྐྱེད་པ། སྒོ་ཟོག་ཚད་བརྒལ་གྱིས་འཚོ་བ་སོགས་གྱིས་དགོ་དམར་འཚོ་སྡོད་ཀྱི་མཁའ་དབྱིངས་ཇེ་ཆུང་དང་རྩྭ་ས་བཙན་བཟུང་བྱས་ནས། ཁོ་ཚོའི་ལྟོགས་སྐོམ་སེལ་ཐབས་ལ་གནོན་ཤུགས་སྤྲད་པར་མ་ཟད། མཚོ་སྔོན་པོའི་ཤར་ནུབ་ཀྱི་རིགས་རྒྱུད་ཁ་བྲལ་དུ་བཏང་བས། རིགས་རྒྱུད་ཇེ་ཆུང་ནས་ཇེ་ཆུང་དང་། ཐ་ན་རིགས་རྒྱུད་སྤེལ་མ་ཐུབ་པར་ཆད་ལ་ཉེ་ཤིང་། རང་རྒྱལ་ཁོ་ནར་ཡོད་པའི་འོ་འཐུང་སྲོག་ཆགས་ཁྲོད་གྲངས་ཀ་ཆེས་ཉུང་བའི་གྲས་ཡིན། ༡༩༩༩ ལོའི་རྒྱལ་ཁབ་ཉེན་གནས་སྲོག་ཆགས་བསྒྲགས་ཡིག་ཁྲོད་དགོ་དམར་ནི་ཉེན་ཁ་ཚབས་ཆེན་ཐེབས་པའི་གྲས་ཡིན་ལ། མིག་སྔར་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མནའ་མཐུན་ཚོགས་པས་དགོ་དམར་དེ་འཛམ་གླིང་ཉེན་གནས་སྲོག་ཆགས་ཀྱི་གྲས་སུ་བཞག་སྟེ། གོ་ལ་ཧྲིལ་བོའི་དགོ་དམར་སྲུང་སྐྱོབ་འཆར་གཞི་ཞེས་པའི་དཔེ་ཆའི་ནང་ཉེན་གནས་སྲོག་ཆགས་ཨང་དང་བོར་གྱུར་བ་རེད།

རྣམ་རྒྱལ་གྱིས་བཤད་ན། དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བ་དང་བརྒྱད་ཅུ་བར། མི་མང་བོས་ལག་ཏུ་མེ་མདའ་ཐོགས་ནས་ས་འདིའི་དགོ་དམར་གང་འདོད་དུ་རྔོན་ལ། མི་འདི་དག་ནི་གོང་རིམ་པའི་མི་ཡིན་པས་ཐོན་ཐེངས་རེར་འབྲོག་པ་མང་ཚོགས་ལ་སྡུག་བསྔལ་དང་ཞེ་སྡང་ཅི་འདྲ་བསླངས་ཡང་། མཆུ་ཁ་བསྡམ་དགོས་པར་མ་ཟད། ཐབས་ཟད་པའི་སྒོ་ནས་གདུག་རྩུབ་པ་དག་གི་གནོད་འཚེ་ལ་གཡོལ་ཆེད། དགོ་དམར་དག་ལྐོག་ནས་མི་མེད་ལུང་སྟོང་དང་བྱེ་ཐང་ཆེན་མོར་སྐྱེལ་ལ། དགོ་དམར་ཀྱི་གནས་མལ་དེ་ལྟར་ཇེ་ཆུང་དང་། ཁྱུ་ཚོགས་ཁ་ཐོར་ཏུ་བཏང་ནས་རྩྭ་ཆུ་དང་རྒྱང་བཀྱེས་པས། ས་འདིའི་དགོ་གྲངས་ཐད་ཀར་མར་བབས་ནས་༣༠ལྷག་ལས་མེད།

འབྲོག་མི་རྣམ་རྒྱལ་གྱིས་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་པ་དེར་མཚོ་སྔོན་པོའི་མཚོ་ཤར་ལུག་གསོ་རྭ་བའི་མགོ་ཁྲིད་ཀྱིས་ཁས་ལེན་ཐོབ་པ་དང་། ཟླ་རེའི་ཟླ་ཕོགས་སྒོར་༤༠༠རེ་བྱིན་མོད། འབྲོག་མི་རྣམ་རྒྱལ་གྱིས་སྒོར༤༠༠ བོ་ཕྱིར་སྲུང་སྐྱོབ་བྱ་བའི་ཁྲོད་བཀོལ་བ་རེད། ཁོང་ཉིན་གསུམ་བཞི་རེའི་བར་ནས་འཕྲུལ་རྟར་ཞོན་ནས་བལྟ་ཞིབ་ལ་འགྲོ་ཞིང་། ཟླ་རེའི་སྣུམ་རིན་གཅིག་པུ་ལའང་སྒོར ༤༠༠ དགོས་པར་མ་ཟད། ཁོང་རང་གི་གསོག་དངུལ་སྒོར་ཁྲི་བཅུ་ཁ་ཞིག་བཀོལ་ཏེ། བྱེ་ཟེགས་སྐམ་པོའི་ཁྲོད་དུ་སྡོང་བོ་བཙུགས་པ་རེད།

གསེར་ཉ་སྲུང་སྐྱོབ་ནི་༢༠༡༠ ལོ་ནས་དངོས་སུ་མགོ་ཚུགས་པ་ཡིན། དང་ཐོག་སྲུང་མཁན་རང་དང་ཉེ་མི་༢་ ནས ༡༠ མ་གཏོགས་མེད། དུས་རྒྱུན་མཚོ་དཔྱད་ལ་སོང་། ནག་ཚོགས་དང་སྲིད་གཞུང་མཉམ་འབྲེལ་ཀྱི་ཉ་བདའ་མཁན་མང་པོ་དང་ཐུག དེ་ནས་དལ་གྱིས་མདའ་བཞི། གསེར་ཆེན་། རྐང་ཚའི་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ། སྲུང་སྐྱོབ་བྱེད་མཁན་ཡང་མི་༡༠༠ ནས་༢༠༠ ལྷག་བྱུང་། དེའི་རྗེས་སུ་རྒྱའི་གསར་འགོད་པ་འགའ་དང་འབྲེལ་བ་བྱས། ནང་ལོགས་ཀྱི་རྒྱ་མི་དང་ལེན་པ་མང་པོ་བསྡུས་ནས་མཉམ་དུ་མཚོ་དཔྱད་དུ་སོང་། རྔོན་པ་དང་ནག་ཚོགས་སོགས་པར་དང་བརྙན་དུ་བླངས། ཐེངས་གང་མང་ཞིག་ལ་ནག་ཚོགས་ཀྱིས་འཇིགས་སྐུལ་ནས་ “ང་ཚོ་ཡང་བྲོས་མྱོང་། ཡིན་ཡང་དེ་ནས་གསར་འགོད་པ་ཚོས་གསེར་ཉ་སྲུང་སྐྱོབ་ཀྱི་བྱ་བ་དེ་ཁྱབ་བསྒྲགས་མཛད། གསར་འགོད་པ་མང་པོ་ད་དུང་དངོས་སུ་ཡོང་ནས་ང་ཚོ་དང་མཉམ་དུ་མཚོ་དཔྱད་དུ་སོང་། སྲིད་གཞུང་ལ་གནོན་ཤུགས་བྱིན། བརྙན་ཐུང༢༠ ཁ་ལྷག་བཟོས། པོད་འཕྲིན་[weibo] སོགས་སུ་ཁྱབ་བསྒྲགས་གང་མང་མང་མཛད། གསར་འགོད་པ་དང་དང་ལེན་པ་མང་པོ་རང་འགུལ་གྱིས་ཡོང་།

དང་ལེན་པ་ཡོང་ན་ང་ཚོར་ཕན་ཆེན་པོ་ཐོགས་ངེས། མང་པོ་སློབ་མ་རེད། བསམ་བློ་ཡག་པོ་ཡོད་ལ་བརྩོན་པ་ཡང་ཆེ།” ཟེར་ལ། དལ་གྱིས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལ་ཡང་དོ་སྣང་ཆེན་པོ་ཐོབ།

ང་ཚོ་ཡིད་འགུལ་ཐེབས་པ་ནི། ཐོབ་དང་གྲགས་པ་ཅི་ཡང་མི་དགོས་པའི་འབྲོག་མི་རྣམ་རྒྱལ་གྱི་གདོང་ན་ནམ་ཡང་ལྷོད་གཡང་དང་བག་ཕེབས། བཟོད་སེམས་དང་ཡིད་ཆེས་བཅས་ལས། དམངས་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་པ་ཞིག་གི་འཚུབ་ཆ་དང་སྡུག་མུས་ཡེ་ནས་མེད་པ་དེ་རེད། ། ཅེས་པའང་མཚོ་སྔོན་ནང་བསྟན་ལོ་དེབ་དང་མཚོ་སྔོན་པོའི་ལོ་རྒྱུས། མཚོ་སྔོན་པོའི་དྲྭ་བའི་སྟེང་གི་བཅར་འདྲི་དང་སྐུ་དངོས་ལ་མྱི་ཚེ་གང་བོར་མཉམ་ཞིབ་ཁ་བརྡ་བྱས་པའི་བརྒྱུད་རིམ་སོགས་ལས་སྦྱར་བའོ། །

སྨྲས་པ།

རྩྭ་མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
ཤིང་མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
སྐྱེས་པ་ཉམས་པ་མེད་པར་ཡང་། །
གོང་ནས་གོང་དུ་འཕེལ་བར་ཤོག །