སུ་ཌེན་གྱི་གཞོན་ནུ་མ།

༢༠༩༡ ལོ་ཟླ་༣་པའི་ནང་སི་ཊོ་ཁི་ཧོམ་གྲོང་ཁྱེར་དུ་གྷི་རི་ཊ་ཐན་སྦར་གྱིས་ལས་འགུལ་སྤེལ་སྐབས། པར་པ་ Anders Hellberg

རྩོམ་པ་པོ་ལྕམ་མདའ་ཐུབ་བསྟན་རིན་ཆེན།

༄༅། །[1]སུ་ཌེན་[Sweden]རྒྱལ་ཁབ་ནས་འཚར་ལོངས་བྱུང་བའི་གྷི་རི་ཊ་ཐན་སྦར་ནི། སྤྱི་ལོ་ ༢༠༠༢ ལོར་ཡབ་ས་ཝན་ཊི་ཐན་སྦར་དང་ཡུམ་མ་ལེན་ན་ཨིན་མན་གཉིས་ཀྱི་བུ་མོ་རུ་སྐྱེས་ཤིང་། ཁོ་མོ་ལོ་བདུན་བརྒྱད་ཙམ་ནས་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་དོ་སྣང་ཆེན་པོ་ཡོད་ཚུལ་ཁོ་མོ་རང་གིས་བཅར་འདྲི་ཞིག་གི་ནང་གསུངས་ཤིང་། མོ་རང་ཉིད་ཀྱིས་དོ་སྣང་བྱེད་ཕྱོགས་རྒྱུན་བསྐྱངས་བྱས་པ་བརྒྱུད། ལོ་བཅོ་ལྔ་སྟེ་སྤྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་༥ པའི་ནང་ཁོ་མོས་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་རྩོམ་ཞིག་སྤེལ་བ་དེར་བྱ་དགའ་ཐོབ་ཚུལ་ས་གནས་གསར་ཤོག་ནང་བཀོད་ཅིང་།

     ཟླ་བ་གསུམ་ཙམ་གྱི་རྗེས་ཏེ་སྤྱི་ཟླ་༨ པའི་ཁོ་མོ་སློབ་གྲྭར་མ་ཕྱིན་པར་རང་ཉིད་གཅིག་པུས་སུ་ཌྲིན་གཞུང་གི་གྲོས་ཚོགས་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཏེ། སྤྱི་ལོ་ ༢༠༡༥ ལོར་འཛམ་གླིང་གི་དབུ་ཁྲིད་ཚང་འཛོམས་ཐོག་[2]པེ་རེ་སིར་བཞག་པའི་ཁ་རླུང་འབག་བཙོག་གི་དཀའ་རྙོག་སྟངས་འཛིན་བྱེད་ཕྱོགས་ཀྱི་ཐད་གྲོས་ཆོད་བཞག་པ་དེ་ཉིད། སུ་ཌྲིན་གཞུང་གིས་ལག་བསྟར་ཚུལ་བཞིན་མ་བྱས་བར་དུ་ཁོ་མོས་ངོ་རྒོལ་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞེས་དམ་བཅའ་དང་བསྒྲགས་ངོ་རྒོལ་བྱས།  [3]སྦི་སྦི་གསར་ཁང་གིས་སྤེལ་བའི་ཁོ་མོའི་བརྙན་ཞིག་གི་ནང་། “ཝ་ཡེ། ངའི་མིང་ལ་གྷི་རི་ཊ་ཟེར་གྱིན་ཡོད། ང་ལོ་བཅོ་ལྔ་ཡིན་པ་དང་སུ་ཌྲིན་གཞུང་གི་གྲོས་ཚོགས་ཕྱི་ལོགས་ལ་གནམ་གཤིས་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སློབ་གྲྭ་བ་ཞིག་ཡིན” ཞེས་བཤད།

       ཁོ་མོས་མུ་མཐུད་འཛིན་གྲྭ་འགྲོ་རྒྱུ་གཡུགས་ནས་རེས་གཟའ་པ་སངས་གང་ཡིན་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། འཛམ་གླིང་གི་སློབ་ཕྲུག་གཞན་ལ་ཡང་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་ཞུས། ཁོ་མོའི་ངོ་རྒོལ་ལས་འགུལ་དེ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་གདལ་ཤུགས་ཆེར་ཕྱིན་ཅིང་། རེ་སྐུལ་ཞུས་པ་བཞིན་རྒྱབ་སྐྱོར་གནང་མཁན་ཡང་རིམ་བཞིན་ཇེ་མང་དུ་སོང་ནས། འཛམ་གླིང་གི་ས་ཕྱོགས་གང་སར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སྤེལ་མཁན་མང་པོ་བྱུང་བ་དང་། [4]“hashtag # Friday For Future”ཞེས་པ་དེ་རིམ་བཞིན་དར་ཁྱབ་ཆེན་པོ་བྱུང་།

         སྤྱི་ལོ་ ༢༠༡༨  ཕྱི་ཟླ་༡༢ པའི་ནང་འཛམ་གླིང་གི་རྒྱལ་ཁབ་ཨ་རི་དང་། དབྱིན་ཡུལ། ཨོ་སི་ཁྲུ་ལི་ཡ། སྦེལ་ཇམ། ཉི་ཧོང་བཅས་ནས་སློབ་ཕྲུག་ཁྲི་གཉིས་ཙམ་གྱིས་ཁོ་མོའི་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱས། དེས་ཁོ་མོའི་ངོ་རྒོལ་ལས་འགུལ་དེ་རིམ་བཞིན་འཛམ་གླིང་ལ་དར་ཁྱབ་ཧ་ཅང་ཆེན་པོ་ཕྱིན་པ་དང་། མི་ས་ཡ་མང་པོས་ཁོ་མོར་རྒྱབ་སྐྱོར་དང་དགའ་མོས་བྱས། ཁོ་མོའི་མིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་འོས་མཁན་གྱི་མིང་ཐོའི་ནང་འཁོད། གལ་ཏེ་ཁོ་མོར་[5]ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ན། འཛམ་གླིང་ནང་གི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་དེ་ཆགས་རྒྱུ་རེད་ཅེས་སྦི་སྦི་སའི་གསར་ཁང་སོགས་ཀྱིས་སྤེལ།

          སྤྱི་ལོ་༢༠༡༩ སྤྱི་ཟླ་ ༤ བར་འཛམ་གླིང་གི་རྒྱལ་ཁབ་བརྒྱ་དང་བཅུ་ཙམ་ནས་སློབ་གྲྭའི་སློབ་མ་གཙོས་མི་ས་ཡ་གཅིག་ལྷག་གིས་གཟའ་པ་སངས་ཉིན་གྱི་གནམ་གཤིས་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སྤེལ་ཞིང་། ཁོ་ཚོའི་འབོད་སྒྲ་ནི། ཆབ་སྲིད་པ་དང་། ཚོང་བདག་གྲགས་ཅན་རྣམས་ཀྱིས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཛ་དྲག་གི་གནས་སྟངས་འདིར་འགན་ཁུར་དགོས་ཞེས་འབོད་སྒྲ་སྒྲོག་བཞིན་ཁྲོམ་གཞུང་ལ་བསྐྱོད། ལས་འགུལ་དེའི་སྐུལ་སློང་བྱེད་མཁན་གཙོ་བོ་ནི། གྷི་རིའི་ཊ་ཡིན། སྐབས་དེའི་ཁོ་མོའི་གཏམ་བཤད་དུ། “ངོ་མཚར་ལྡན་པའི་བྱ་བ་ཞིག་རྩོམ་པར། སུ་ཡང་ལོ་ན་ཆུང་དྲག་པའི་སྐྱོན་མེད།” ཅེས་བཤད།

སྤྱི་ལོ་ ༢༠༡༩ སྤྱི་ཟླ་༣ པའི་ནང་གྷི་རེ་ཊས་སྐུལ་སློང་བྱས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ངོ་རྒོལ་ལས་འགུལ་མཐའ་མ་དེར། འཛམ་གླིང་གི་རྒྱལ་ཁབ་བརྒྱ་དང་ཉི་ཤུ་རྩ་ལྔ་ནས་མི་ས་ཡ་གཅིག་དང་འབུམ་དྲུག་ཙམ་མཉམ་ཞུགས་ཀྱིས་ཁྲོམ་གཞུང་དུ་ངོ་རྒོལ་བྱས།

༢༠༢༡ལོར་གཞོན་སྐྱེས་ཁོར་ཡུག་ཚོགས་ཆེན་དུ་གཏན་བཤད་བྱེད་བཞིན་པའི་གྷི་རེ་ཊི།

།ཟླ་བ་དྲུག་ཙམ་གྱི་རྗེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་[6]འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་ཆེན་ཞིག་འཚོགས་ཤིང་། དེར་གྷི་རེ་ཊ་མཉམ་ཞུགས་གནང་། ཁོ་མོ་ཨ་རིར་བསྐྱོད་སྐབས་མཁའ་རླུང་འབག་བཙོག་གི་དཀའ་ངལ་ཆུང་དུ་གཏོང་ཆེད་གནམ་གྲུའི་ནང་མ་ཕྱིན་པར། གྲུ་བརྒྱུད་ནས་ཕྱིན་ཏེ་ཉིན་བཅོ་ལྔའི་རྗེས་ཨ་རིར་འབྱོར། སྤྱི་ལོ་༢༠༡༩ སྤྱི ་ཟླ་ ༩ པའི་ཚེས་ ༢༣ ཉིན་ཚོགས་འདུ་དབུ་འཛུགས་གནང་ཞིང་། སྐབས་དེར་ཚོགས་འདུ་གཙོ་སྐྱོང་བས་ཁོ་མོ་ངོ་སྤྲོད་གནང་བར།  ”གྷི་རེ་ཊའི་རང་ཉིད་གཅིག་པུས་གནམ་གཤིས་དང་འབྲེལ་བའི་དོན་སྙིང་ལྡན་པའི་ངོ་རྒོལ་ལས་འགུལ་དེ་སྤེལ་ནས་ལོ་གཅིག་ཙམ་ལས་སོང་མེད། འོན་ཀྱང་། བར་ལམ་ཞིག་ནས་ཁོ་མོས་སྤར་བའི་མེ་ལྕེ་དེར་ཕྲུ་གུ་གཙོས་མི་ས་ཡ་མང་པོས་དགའ་མོས་བྱས་པ་དང་། ལས་འགུལ་དེ་ནི་གོ་ལ་འདིར་དགོས་མཁོ་ཧ་ཅང་ཆེ་བའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཆགས་ཡོད། ཁྱེད་ཀྱིས་དེ་རིང་འཛམ་གླིང་གི་དབུ་ཁྲིད་རྣམ་པར་གསུང་རྒྱུ་ག་རེ་ཡོད” ་ཅེས་དྲིས་པར།

གྷི་རེ་ཊིས་གཏམ་བཤད་དབུ་བཙུགས་ཏེ། “ང་ཚོས་ཁྱེད་ཚོར་བལྟས་བསྡད་ཡོད། ཁྱེད་རང་ཚོའི་བྱེད་སྟངས་དེ་ཏག་ཏག་བསྡད་མི་འདུག དོན་དངོས་ཐོག་ང་ཚོགས་འདུ་འདིར་ཡོང་དགོས་དོན་མེད་ལ། དུས་ཚོད་འདིར་ང་རྒྱ་མཚོའི་ཕ་རོལ་གྱི་ངའི་སློབ་གྲྭར་ཡོད་དགོས། འོན་ཀྱང་། ཁྱེད་ཚོ་ཚང་མས་གཞོན་ནུ་རྣམས་ལ་རེ་བ་རྒྱབ་ནས་འདིར་འདུས་པ་རེད། ཁྱེད་ཚོས་དེ་ལྟར་བྱེད་ནུས་སམ། ཁྱེད་ཚོའི་ལག་བསྟར་མེད་པའི་ཚིག་སྟོང་པ་དག་གིས་གཞོན་ནུ་ངའི་རྨི་ལམ་བརྐུས་སོང་། ང་ད་ལྟའི་བར་མ་ཤི་བ་འདི་ངའི་བསོད་ནམས་རེད། མི་མང་པོ་ཞིག་དཀའ་སྡུག་མྱོང་བཞིན་པ་དང་འཆི་བཞིན་པ་རེད། ང་ཚོའི་གོ་ལ་འདི་རྩ་འཐོར་འགྲོ་འགོ་ཚུགས་འདུག འོན་ཀྱང་། ཁྱེད་ཚོས་བཤད་བཞིན་པ་ནི་སྒོར་མོའི་སྐོར་དང་། ལྷ་ཡི་ལོངས་སྤྱོད་ལྟ་བུའི་དཔལ་འབྱོར་ཡར་རྒྱས་མཐར་ཕྱིན་པ་ཞིག་གཏོང་རྒྱུ་དེ་རེད། ཁྱེད་ཚོས་དེ་ལྟར་བྱེད་ནུས་སམ།

ཁྱེད་ཚོས་ང་ཚོར་མགོ་སྐོར་གཏོང་བཞིན་ཡོད། འོན་ཀྱང་། ད་ཆ་གཞོན་སྐྱེས་རྣམས་ནི་ཁྱེད་ཚོས་མགོ་སྐོར་བསླུ་བྲིད་གཏོང་བཞིན་པ་དེར་ངོས་འཛིན་གསལ་པོ་བརྙེད་ཡོད། མ་འོངས་མི་རབས་གསར་པ་རྣམས་ཀྱིས་ཁྱེད་རང་ཚོར་བལྟས་བསྡད་ཡོད། ད་དུང་མུ་མཐུད་མགོ་སྐོར་གཏོང་རྒྱུའི་གདམ་ཁ་བྱས་ན། ངས་བཤད་རྒྱུ་ལ། ནམ་ཞིག་ཁྱེད་རང་ཚོས་ང་ཚོར་དགོངས་སེལ་ཞུ་དགོས་པའི་དུས་ཤིག་ཆགས་ན། ང་ཚོས་ནམ་ཡང་གུ་ཡངས་གཏོང་ཐབས་མེད། ང་ཚོས་ནམ་ཡང་སྣང་མེད་དུ་འཇོག་གི་མིན། ད་ལྟ་ང་ཚོས་འཛམ་གླིང་འདིར་ཐིག་གཅིག་འཐེན་ཟིན་པས། དེས་མི་རྣམས་གཉིད་ལས་བསླངས་ཡོད། ཁྱེད་རང་འདོད་པ་ཡོད་རུང་མེད་རུང་། འགྱུར་བ་དེ་ཡོང་ངེས་རེད་ཅེས་བཤད་པས། ཚོགས་བཅར་བ་ཡོངས་ནས་ཁོ་མོར་དགའ་བསུ་ཚད་མེད་ཞུས།

སྤྱི་ལོ་༢༠༡༩ ལོའི་ཊིམ་མེ་གྷ་ཛིན་གྱི་(Time Magazine)དུས་དེབ་ཀྱི་མདུན་ངོས་སུ་ཁོ་མོའི་པར་བཀོད། ཁོ་མོར་[7]དུས་བབ་དུས་དེབ་གྱིས་༢༠༡༩་ལོའི་མི་ཞེས་པའི་མཚན་གནས་དེ་སྤྲད་ཅིང་། མཚན་གནས་དེ་ཐོབ་མཁན་གྱི་ལོ་ན་ཆུང་ཤོས་དེའང་གྱུར།

ཊིམ་མེ་གྷ་ཛིན་གྱི་(Time Magazine)དུས་དེབ་ཏུ་འཁོད་པའི་གྷི་རེ་ཊི།

ཁོ་མོ་ཨ་རིར་གཙོས་ནུབ་ཕྱོགས་རྒྱབ་ཁབ་རྣམས་ཀྱི་ཚོགས་པ་མང་པོས་སྐད་ཆ་བཤད་དུ་གདན་འདྲེན་ཞུས་ཤིང་། གྲགས་ཅན་གསར་ཁང་ཕལ་མོ་ཆེས་བཅར་འདྲི་དང་སྐད་ཆ་བཤད་དུ་བོས་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཁོ་མོར་གཟེངས་བསྟོད་ཀྱི་བྱ་དགའ་ཡང་སྣ་མང་ཐོབ།

སྤྱི་ལོ་༢༠༡༩ནས་ལོ་གསུམ་བསྟུད་མར་ཁོ་མོའི་མིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་འོས་མཁན་གྱི་མིང་ཐོའི་ནང་འཁོད་ཅིང་། འདི་ལོར་ཁོ་མོར་གཟེངས་རྟགས་དེ་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད།

སྤྱི་ལོ་༢༠༢༠ ནས་ ༢༠༢༡ ནང་ནད་ཡམས་ཀྱི་ཛ་དྲག་གི་རྐྱེན་པས་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་དེ་ཙམ་སྤེལ་བའི་གོ་སྐབས་མ་བརྙེད། དྲྭ་ལམ་ཁག་ནས་འཛམ་གླིང་གི་མི་སྣ་གལ་ཆེན་དག་དང་ལྷན་དུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་མང་པོའི་ནང་མཉམ་ཞུགས་བྱས།

སྤྱི་ལོ་༢༠༢༡ཟླ་༡ཚེས་༡༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གྷི་རེ་ཊ་གཉིས་གཙོས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དྲྭ་ལམ་ཐད་གཏོང་ཚོགས་འདུ་ཞིག་འཚོགས་པ་གུས་པ་རང་ཉིད་ནས་ཀྱང་ཐད་གཏོང་ལ་ལྟ་རྒྱུའི་གོ་སྐབས་བྱུང་། གྷི་རེ་ཊ་ནི་ཉེ་བའི་ལོ་ཤས་ནང་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་གཞོན་ནུ་ཞིག་ཏུ་གྱུར་ཅིང་། ཁོ་མོའི་གཤིས་ཀ་ནི། སྙིང་སྟོབས་ལྡན་ཞིང་། བསམ་ཕོད་པ་དང་བཤད་ཕོད་པ། བྱེད་ཕོད་པ་བཅས་ཀྱི་ན་ཆུང་བུད་མེད་གཞན་ལ་མཐོང་དཀོན་བའི་ཡོན་ཏན་དང་ལྡན་པ་ཞིག་གོ། །།


[1] སུ་ཌིན་ནི་ཡོ་རོབ་གླིང་ཕྲན་གྱི་མངའ་ཁོངས་ཀྱི་རྒྱལ་ཁབ་ཅིག་ཡིན།

[2] པེ་རེ་སི་ནི་ཧྥ་རན་སིའི་རྒྱལ་ས་ཡིན།

[3] དབྱིན་ཡུལ་དུ་རྟེན་གཞི་བྱེད་པའི་སྦི་སྦི་སི་གསར་ཁང་ནི་༡༩༩༧ལོར་འགོ་བཙུགས་པ་དང་།

   འཛམ་གླིང་ནང་གསར་ཁང་གྲགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ལ། གསར་ཁང་འདིས་སྤེལ་བའི་གནས་ཚུལ་དག་ཚད་ལྡན་བརྩི་ཡི་ཡོད།

[4] ”hashtag# Friday For Future” ཞེས་པ་འདི་སྐབས་དེའི་ལས་འགུལ་གྱི་མིང་གི་ཚུལ་དུ་བརྗོད་ཀྱི་ཡོད།

[5] ནོ་ཝེར་གཟེངས་རྟགས་ཞེས་པ་འདི་༡༩༠༡ ལོར་དབུ་བཙུགས་ཤིང་། འཛམ་གླིང་ནང་ བྱས་རྗེས་ཆེན་པོ་འཇོག་མཁན་གྱི་མི་སྣ་དག་ལ་འབུལ་གྱི་ཡོད།

[6] འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནི་དམག་ཆེན་གཉིས་པ་མཇུག་བསྒྲིལ་མཚམས་ཏེ་༡༩༤༥ལོ་ནས་འགོ་བཙུགས་ཤིང་།

    ད་ཆ་རྒྱལ་ཁབ་བརྒྱ་དང་དགུ་བཅུ་གོ་གསུམ་གྱི་མཉམ་སྦྲེལ་ཞིག་ཡིན།

[7]འཛམ་གླིང་ནང་གྲགས་ཅན་གསར་ཁང་ཊིམ་མེ་གྷ་ཛིན་ནི་༡༩༢༣ ལོར་དབུ་བཙུགས་ཤིང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་ཡོད།