ཁོར་ཡུག་གི་གདུང་འབོད།

གཙང་སྨྱོན།

ཕྱི་ཡི་འཇིག་རྟེན་ཡིད་དུ་འོང་ཡང་ནང་བཅུད་མེད་ན་ཆུ་ཤིང་སྙིང་།།

ནང་བཅུད་འཇིག་རྟེན་ཕུན་སུམ་ཚོགས་ཀྱང་ཕྱི་སྣོད་མེད་ན་དོན་གྱིས་སྟོངས།།

ཕྱི་ནང་སྣོད་བཅུད་གཅིག་ལ་གཅིག་བརྟེན་རྟེན་འབྱུང་དངོས་པོའི་གཤིས་ལུགས་ལ།།

བསམ་ཞིང་གཟིགས་པའི་འབྱུང་བའི་ལྷ་མོས་དུས་ཀུན་འགྲོ་བའི་མགོན་དུ་བཞུགས།།

 

འོག་གཞི་རླུང་གི་དཀྱིལ་འཁོར་སྟེང་ལ་ཆུ་རླུང་དཀྱིལ་འཁོར་རབ་ཆགས་ཤིང་།།

གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་རི་རབ་ལྷུན་པོའི་ཕྲེང་བ་ཅན།།

གཉའ་ཤིང་འཛིན་དང་རོལ་མཚོ་བདུན་སོགས་ཆོས་མངོན་མཛོད་ནས་གསུངས་པ་ཡི།།

འཇིག་རྟེན་ཆགས་ཚུལ་འདི་ལ་གཟིགས་ཀྱང་འབྱུང་བཞི་འཇིག་རྟེན་རྩོམ་གཞིའི་རྒྱུ།།

 

སྔོན་གྱི་དུས་སུ་འགྲོ་བ་མི་རྣམས་ལྷིང་འཇགས་འཚོ་བས་སྐྱིད་སེ་སྐྱིད།

བདག་མེད་རི་དྭགས་ཁྱུ་ནས་ཁྱུ་ཚོགས་བག་མེད་ངང་ནས་རྒྱུ་སེ་རྒྱུ།།

རིམས་ནད་མེད་ཅིང་འབྱུང་བཞིའི་གནོད་པ་མིག་གིས་མཐོང་རྒྱུ་དཀོན་སེ་དཀོན།།

གདོད་མའི་འཚོ་བར་སླར་ཡང་ཐེངས་གཅིག་རོལ་རྒྱུ་བྱུང་ན་དགའ་བ་ལ།།

 

གདོད་ནས་དག་ཅིང་མཛེས་པ་རབ་འཕྲོག་ནོར་འཛིན་སྒེག་མོའི་ལང་ཚོ་ལ།།

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་པས་བཅུ་དྲུག་བུ་མོའི་འཛུམ་ཞལ་བཀྲ།།

ཡིད་འོང་གཙང་ལེགས་རང་བྱུང་ཁམས་ཀྱི་ཁོ་ར་ཁོར་ཡུག་སྣུམ་པོ་དེས།།

སུམ་རྩེན་གནས་ལ་ཅོ་འདྲི་ནུས་པས་བརྒྱ་བྱིན་སྐྱེངས་ཏེ་རྒྱང་ལ་བྲོས།།

 

རྩྭ་ལྗང་གཡུ་ལོ་གདན་དུ་བཏིངས་པས་རྟ་ནོར་ལུག་གི་ཤ་ཤེད་རྒྱས།།

རྫ་ཆུ་བསིལ་མའི་འགྱུར་ཁུག་ངོམས་པས་རྫི་བོའི་དབྱངས་རྟ་བྲག་ལ་འཐིམས།།

རྩ་ཆེའི་སྨན་སྣའི་དྲི་བསུང་འཐུལ་བས་རྐང་དྲུག་འཕུར་ལྡིང་གར་ལ་རྩེན།།

ཡུལ་འདིའི་དགེ་མཚན་མ་ལུས་བརྗོད་པར་དཔྱིད་ཀྱི་ཕོ་ཉའི་སྨྲ་ལྕེ་ངལ།།

 

འོན་ཏང་ལྔ་བདོ་སྙིགས་མའི་དུས་འདིར་འགྲོ་བའི་བསོད་ནམས་ཐུར་ལ་བཞུད།།

རང་བྱུང་ཁོར་ཡུག་སྦགས་བཙོག་ཐེབས་པས་ནད་རིགས་བཞི་བརྒྱ་རྩ་བཞི་འཕེལ།།

རྟ་བདུན་དབང་པོའི་ཚ་དྲོད་རྒྱས་པས་སྲིད་པའི་གངས་རི་མར་ལྟར་བཞུར།།

རྒྱ་མཚོའི་འཕེལ་ཁ་ཇེ་ཆེར་འཕྱོ་བས་གྲོང་དང་གྲོང་ཁྱེར་དམྱལ་བར་བསྟིམས།།

 

རང་བྱུང་རྒྱལ་མོའི་ལྟོ་བ་བཤགས་པས་ས་འཛིན་སྟོང་གི་ཁ་དོག་རྒས།།

ཚང་ཚིང་ནགས་ཀྱི་སྲོག་རྩ་བཅད་པས་བྱེ་རྡུལ་སྐྱ་བོའི་རླུང་འཚུབ་རྒོད།།

དྭངས་བསིལ་དལ་འགྲོར་གད་སྙིགས་བསྲེས་པས་སྲོག་ལྡན་ཀུན་གྱི་གྲེ་འགྱུར་ཉམས།།

འབྱུང་བཞིའི་ལྷ་མོ་རབ་ཏུ་ཁྲོས་ཏེ་ས་ཆེན་འགུལ་བའི་ཉེར་བསྡོགས་བརྩམས།།

 

འཕྲུལ་ཆས་སོ་འཁོར་གྲོགས་སུ་སྦྲན་ནས་རྐང་འཐུང་ལྗོན་པའི་རྨང་ནས་བཅད།།

འཁོར་རིགས་སྣ་བརྒྱའི་དུ་ཞགས་འཁྲིགས་པས་མཁའ་ལམ་ཡངས་པོ་མོག་པོར་བསྒྱུར།།

བཟོ་གྲྭ་སྟོང་གི་རྫས་རླངས་བཞུར་བས་མཁའ་དབྱིངས་བླ་བྲེར་བུ་ག་བརྟོལ།།

དབྱིག་འཛིན་བུ་མོ་སྐྱོ་བས་གདུང་སྟེ་ཁྲག་གི་མཆི་མ་ཤམ་ཤམ་བཞུར།།

 

མུ་མེད་རྩྭ་ཐང་རྨང་ནས་སློག་པས་གྱི་ལིང་རྟ་ཕོའི་འཚེར་སྐད་ཡལ།།

གཤིན་པོའི་ཞིང་ཐང་གྲོང་དུ་བསྒྱུར་བས་གཡང་དཀར་ལུག་གི་རྣམ་ཤེས་འཁྲེང་།།

ནེམ་ལྗང་སྤང་ལྗོངས་དུམ་བུར་བཏུབས་པས་གྲེ་སེར་འབྲོང་གི་འདུར་རྒྱུག་རྒོད།།

མྱ་ངམ་ཐང་དུ་སྲོག་ཆགས་ཁྱུ་ཡིས་འུ་དོད་འབོད་པ་བཟོད་ལགས་སམ།།

 

གྲོང་ཁྱེར་མི་རྣམས་ཚ་བས་མ་བཟོད་དབེན་འཇགས་གྲོང་གསེབ་ཕྱོགས་ལ་འདུར།།

བཏུང་བྱའི་ཆུ་རྣམས་མི་གཙང་ཆགས་པས་གངས་ཆུ་དྭངས་མོར་སྙིང་ནས་སྨོན།།

ཕྱི་མཛེས་ནང་རུལ་རྫས་འགྱུར་ཟས་ཀྱིས་ནད་རིགས་དགུ་བཅུའི་བྱུར་དྲངས་པས།།

རང་བྱུང་ལྷུན་སྐྱེས་ཁ་ཟས་དག་ནི་དུས་རབས་འདི་ཡི་སྨན་མཆོག་གྱུར།།

 

ཁྲ་རིང་བེའུའི་རྩེད་འཇོའི་བར་ནས་ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་ཆད།།

གདུག་ཅན་རྔོན་པའི་རྒྱ་རྙིའི་འོག་ནས་དམར་ཡག་སྟག་གི་མཆོངས་ལྡིང་ཉམས།།

འདོད་རྔམས་ཉ་པའི་ལྕགས་ཀྱུའི་རྩེ་ནས་གསེར་མིག་ཉ་མོའི་འཁྱུག་འགྲོས་རྒུད།།

ཚན་རིག་བུ་མོའི་ཁ་གཡང་ཁྲོད་དུ་སྐྱེ་འགྲོའི་སྲོག་གི་དམུ་ཐག་ཆད།།

 

འདོད་ཆགས་ཆུ་བོའི་རླབས་རྒྱུན་ཕྲ་མོས་རིན་ཆེན་གཏེར་ཁའི་བང་མཛོད་གཏོར།།

ཞེ་སྡང་སྤྲུལ་གྱི་མེ་ཤུགས་འཕུར་མདས་རི་སྐྱེས་སྟོང་གི་རྨི་ལམ་དཀྲོགས།།

གཏི་མུག་མུན་པ་མཐའ་ནས་སྒྲིབ་པས་ཀུན་གསལ་ཡངས་པོའི་མཐོང་ལམ་བཀག།

ད་ནི་མི་བཟོས་འཇིག་པ་འདི་ལས་སྐྱོབས་པའི་ནུས་པ་སུ་ལ་མཆིས།།

 

གློ་བུར་རང་བྱུང་གནོད་འཚེ་འབྱུང་ཚེ་ཤེད་རློམ་མི་རྣམས་གཉོད་རེ་ཆུང་།།

ནུས་མེད་རྒས་པོའི་བརྟུལ་ཞུགས་བཟུང་ནས་ཡི་དམ་ལྷ་ཚོར་ཁ་རེ་བཏང་།།

བདེ་མོའི་ཐང་གཤོངས་འགྲིམས་པའི་དུས་ལ་སྙན་མོ་གླུ་ཡིས་ཡིད་རེ་གསོ།།

འཇིག་པའི་འཕྲང་ལམ་འཕྲལ་དུ་སླེབས་ཚེ་ཨོ་རྒྱན་པད་འབྱུང་སྙིང་ནས་དྲན།།

 

ཁ་སང་ཆག་སྒོ་དེ་རིང་བསྐྱལ་བས་ད་ཡོད་འགྲོ་བ་མྱངས་པ་བཞིན།།

དེ་རིང་ཆག་སྒོ་སང་ལ་བསྐྱལ་ན་མི་རབས་རྗེས་མར་གནོད་ངེས་པས།།

རང་བྱུང་ཁོར་ཡུག་གཙང་སྲུང་བྱེད་རྒྱུ་ཁྱེད་ཀྱི་འགན་འཁྲི་ཡིན་ལགས་ན།།

ངེད་ཚོ་ཚང་མས་རང་སྲོག་ཇི་བཞིན་མ་ཡུམ་ནོར་འཛིན་གཅེས་པར་འབུངས།།

 

ལྷ་ཡིས་བསྩལ་བའི་ལེགས་སྐྱེས་འདི་ཡང་རང་བྱུང་ཁོར་ཡུག་ཡིན་ལགས་ཤིང་།།

མེས་པོས་བཞག་པའི་ནོར་སྐལ་འདི་ཡང་རང་གནས་ས་གཞི་ཡིན་ལགས་ན།།

འགྲོ་མིའི་ཚེ་སྲོག་ཁྲི་མ་འབུམ་གྱི་འཕྲལ་ཡུན་བདེ་སྐྱིད་འབའ་ཞིག་ཆེད།།

ཉིན་མཚན་ཡུལ་ལ་བལྟོས་པ་མེད་པར་ཁོར་ཡུག་ལེགས་པར་སྲུང་འཚལ་ལོ།། །།

 

སྨྱུག་མིང་།  གཙང་སྨྱོན།