ཁོར་ཡུག་སྲུང་སྐྱོབ།

རིགས་ཞེན་པ།

  • གཞས་ཚིག་ཡིན།

རི་ཆུ་གཏེར་ཁ་ཁོར་ཡུག་རང་འཛོམས་ཡིན།།
ཕ་ས་སྤང་ལྗོངས་མཛེས་སྡུག་ལྷ་ཡུལ་ཡིན།།
མེས་པོས་གནང་བའི་གཏེར་རྫས་སྙིང་ནོར་ཡིན།།
སྲུང་སྐྱོབ་ཐུབ་ན་གངས་རིའི་དཔའ་རྒོད་ཡིན།།

དུས་ཀྱི་འཕོ་འགྱུར་རླུང་ཁའི་མར་མེ་ཡིན།།
བཙན་གནོན་གཡོ་ཇུས་སྒྱུ་མའི་འཕྲུལ་འཁོར་ཡིན།།
གཏེར་གྱི་དགྲ་བོ་འཇིགས་རུང་གཤིན་རྗེ་ཡིན།།
སྔོན་འགོག་ཐུབ་ན་གངས་རིའི་བུ་རྒོད་ཡིན།།

གངས་རིའི་ནང་བཅུད་ངང་མོའི་ཁྱུ་ཚོགས་ཡིན།།
འཚོ་གནས་གཡུ་མཚོ་བསྐམ་ན་དྭ་ཕྲུག་ཡིན།།
རང་ས་བདག་སྐྱོང་ཚང་མའི་འོས་འགན་ཡིན།།
བདག་སྐྱོང་ཐུབ་ན་གངས་རིའི་ཕོ་རྒོད་ཡིན།།

༢༠༡༤- ༡ – ༢༩