རྔ་བ་ཀུན་བཟང་སྒྲོལ་མ།

རྔ་བ་ཀུན་བཟང་སྒྲོལ་མ།

དཔྱད་གླེང་།

                   སྦྲ་གུར་དང་རྩྭ་ཐང་ནས་ནར་སོན་ཞིང་། ལྷས་འདབས་ནས་འུར་རྡོ་འཕེན་མྱོང་བའི་འབྲོག་མོ་ཞིག་ལ་མཚོན་ན། མི་ལོ་ཉི་ཤུའི་གོང་གི་ཕ་ཡུལ་དང་དེའི་ཁོར་ཡུག་དག་འཁྲུལ་སྣང་མིག་གཡོར་ལྟར་མིན་པར་མིག་མཐོང་གསལ་གྲུབ་གྱི་རི་མོ་ཞིག་ཡིན། སྐབས་དེ་དུས་ཀྱི་རྩྭ་ཐང་དང་།  གངས་རི། རྫ་ལུང་། རྟ་ནོར་དག་གངས་འདབ་གྱི་མེ་ཏོག་གསེར་ཆེན་བཞིན། རང་བྱུང་གི་ཁ་རླུང་གཙང་མའི་ཁྲོད་ནས་འཚར་བས།  གནོད་གདུག་དང་རྫས་འགྱུར་གྱི་གནོན་ཤུགས་གང་ཡང་མེད་པར།  རི་མཐོ་ས་གཙང་གི་ཡུལ་ལ་རང་ཉིད་གང་འདོད་ལ་སྐྱེས་ཤིང་། རང་དབང་ངང་འཕེལ་ཁ་རྒྱས། ད་དུང་དབྱར་དགུན་སྟོན་དཔྱིད་མེད་ལ་རྩྭ་ཐང་ཀུན་ལྗང་ཐིང་ཐིང་དང་། རི་ལུང་ཐམས་ཅད་སྨུག་དྭངས་དྭངས། རྟ་ནོར་རྣམས་རྩྭ་ཐང་ན་གོས་དཀར་ཐང་ལ་གཤམ་པ་དང་ལྷན་དུ་ཞོགས་པའི་སྐྱ་རེངས་དང་ཉི་ནུབ་གྱི་མཛེས་སྡུག་ལ་རོལ་བའི་སྐལ་བ་ལྡན།།

        ལྷག་པར་དུ་ཨ་མྱེས་རྨ་ཆེན་ནི་རྩེ་མོ་གནམ་ལ་ཐུག་བཞིན་རྩ་བ་གཏིང་རིང་ཀླུ་ཡུལ་ལ་ཟུག་པའི་ཡོན་ཏན་ཀུན་འབྱུང་གི་དཔག་བསམ་ལྗོན་ཤིང་དང་ཆ་འདྲ་སྟེ།  ང་ལོ་བདུན་ཡིན་དུས་རྟ་རྒོད་པོ་ཞིག་གི་རྒྱབ་ལ་བཞོན་ནས་ཨ་ཡེ་མཉམ་དུ་དབྱར་རྩ་དགུན་འབུ་ལ་འགྲོ་དུས། ལམ་ཞོར་ནས་གྱ་གྱུའི་རི་མོ་བཞིན་མཐོང་མྱོང་།   དཀར་གསལ་གངས་རིའི་མདངས་དང་། རང་ཡུལ་གངས་རི་ཉིད་དུ་གནས་པའི་དྲི་མེད་རབ་མཛེས་ཀྱི་ཁོར་ཡུག་ཅིག་ན།  གངས་རི་འདི་ཆགས་ཤིང་། གཡས་གཡོན་དང་ཕྱོགས་བཞི་ཀུན་ཏུ་རང་བྱུང་གི་དྲི་བཟང་ཁྱབ་པ་དང་།  རྟ་ནོར་རི་དྭགས་ཀྱི་དབྱངས་གར་རོལ་མོ་སང་སང་། །

          ལྟ་ཚུལ་དང་མྱོང་ཚུལ་འདི་དག “ཁྲུང་ཁྲུང་བྱང་དུ་འཕུར་བ་ལ།ཕག་པས་ཇུས་གཏོགས་བྱེད་དོན་མེད”ཟེར་བའི་དཔེ་འདྲ་བ་ཞིག་ག་ལ་ཡིན།  སྐབས་དེ་དག་གི་དབྱར་དགུན་དུས་བཞི་ཡི་གནམ་གཤིས་དོ་མཉམ་པ་དང་། རྩྭ་ཆུ་ནགས་གསུམ་གྱི་ཐོན་ཁུངས་བཟང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྐྱིད། རི་དྭགས་སེམས་ཅན་གྱི་འཕེལ་ཁ་དར་བའི་དངོས་མཐོང་ལ་དཔྱད་ན། གངས་རི་དེ་དག་གི་གལ་གནས་ལ་ལུང་རིགས་གང་ཡང་དགོས་དོན་མེད།  ཁ་དཔེར། “བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་ལ། །དབུལ་པོ་ནོར་མེད་འགྲན་མཁན་མང་”ཞེས་པ་ལྟར། གངས་རི་འདི་དག་སྲིད་འབྱོར་རིག་གསུམ་དང་རང་བྱུང་ཁོར་ཡུག་ཀུན་གྱི་གསོས་སྨན་ཡིན་ཀྱང་། གཡས་གཡོན་དང་ཕྱོགས་ཀུན་ལ་གཏོར་མཁན་དང་། ཟ་མཁན། འགལ་རྐྱེན་ཇེ་མང་དུ་འགྲོ།།  

         རྒྱུ་མཚན་འདི་དག་གི་དབང་གིས་ “ཨ་མྱེས་རྨ་ཆེན་དང་འབྲེལ་ནས་བོད་ཀྱི་གངས་རི་དང་གནམ་གཤིས་འགྱུར་ལྡོག་ལ་དཔྱད།” ཞེས་བྱ་སྟེ། ལོ་ཉི་ཤུ་གོང་གི་དངོས་ཐོག་བདེན་མཐོང་གི་རྣམ་པ་ལ་ཡང་བསྐྱར་དྲན་གསོ་ཞིག་དང་ཆབས་ཅིག  རང་རེའི་རྨད་དུ་བྱུང་བའི་གངས་རི་དང་རྩྭ་ཐང་དག་ལ་གཞན་གྱིས་དུག་ལྕེ་དང་སོ་བར་ནས་ཇི་ལྟར་རྨས་སྐྱོན་ཐེབས་པའི་གནད་དོན་ལ་ཞིབ་ལྟ་ཞིག་བྱེད་འདོད།

ས་བཅད་དང་པོ། 

«ཨ་མྱེས་རྨ་ཆེན་དང་འབྲེལ་བའི་བོད་ཀྱི་གངས་རི་སྤྱིའི་གལ་གནད་བཤད་པ།»

དེ་ཡང་སྐྱེ་ཁམས་ཁོར་ཡུག་དཔྱད་བརྗོད་པ་ Keke Chang [1]དང་།  Junyu Tao[2] གཉིས་ཀྱིས་བརྗོད་ཚུལ་ལ་“སྤྱི་ལོ་ 2010ནས་ 2022 བར་མཐོ་སྒང་ན་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་གངས་བཞུ་དང་གནམ་གཤིས་འགྱུར་ལྡོག་ཆེ་བས། བོད་ཀྱི་ཤར་ལྷོ་ནུབ་བྱང་ལ་སྔར་མེད་ཀྱི་གཏོར་བཤིག་བྱུང་འདུག་།”ཞེས་དཔྱད་བརྗོད་གནང་འདུག།  རྒྱུ་མཚན། ཤར་ནུབ་ལྷོ་བྱང་གི་ཕྱོགས་ན་གནས་པའི་བོད་ཀྱི་གངས་རི་ཏི་སི་དང་། ཇོ་མོ་གླང་མ། གཉན་ཆེན་ཐང་ལྷ།  ཡར་ལྷ་ཤམ་པོ། མི་ཉག་གངས་དཀར། རོང་བཙན་ཁ་བ་དཀར་པོ། རྨེ་རི་གངས་དཀར། གཉན་པོ་གཡུ་རྕེ། རི་བོ་ཉི་ཟླ་སོགས་ནི་སྣོད་བཅུད་སྲུང་བའི་མཁར་རྫོང་བཞིན། སྲོག་ལྡན་དང་སྲོག་མེད་ཀུན་གྱི་རྨང་རྡོ་ལྟར་ཆགས་ཡོད། ད་དུང་གངས་རི་དེ་དག་ནི་རང་བྱུང་སྐྱེ་ཁམས་དང་འབྲེལ་བའི་བོད་ཡུལ་གྱི་མཚོ་དང་། མཚེའུ། ལྗོན་ཤིང་། གཅན་གཟན། རི་དྭགས། འདབ་ཆགས། ནགས་ཚལ། སྤང་གཤོངས་རྣམས་ཀྱི་ཁྱིམ་གཞི་དང་འཚོ་བའི་སྲོག་ཤིང་ཡིན།།

       ལྷག་པར་དུ་བོད་ཀྱི་ཁོར་ཡུལ་ཉམས་ཞིབ་པ་སྐུ་ཞབས་ Yibo Yang [3] ལགས་དང་།  བསྟན་པ་རྒྱལ་མཚན[4]།  བསྟན་འཛིན་ཚུལ་ཁྲིམས[5]། Marcel Kurz[6]།  G.O.  dyhrenfurth[7]  རྣམས་ཀྱི་དཔྱད་རྩོམ་ནང་ལ“བོད་ཀྱི་གངས་རི་དང་མཚོ་མཚེའུ་སོགས་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་བརྟེན་གཞི་ཨ་མ་ལྟ་བུར་ཡིན”ཞེས་གསུངས་ཡོད། སྐད་ཆ་འདི་ལ་གནས་ལུགས་མེད་པར་ག་ལ་ཡིན།   མཐོ་ཞིང་བརྗིད་ཉམས་ལྡན་པའི་གངས་རི་དེ་དག་གི་མཐའ་སྐོར་ན་ཆགས་པའི་བྲག་རི་དང་། ནགས་རི། སྤང་རི། རྫ་རི་དག་ནི་བྱ་བྱེའུ་དང་རི་དྭགས་སྟོང་ཕྲག་མང་པོའི་འཚོ་གནས་ཡིན། དཔེར་ན།  ཤ་བ་དང་། གླ་བ། རྒོ་བ། རྐྱང་། རི་བོ། གོང་མོ། ཁུ་བྱུག འཇོལ་མོ། ཅོ་ཀ ཟེར་མོ། མཚོ་སྐྱར། དོམ་ཁྲ། གཡི། དྲེད་མོང་། ཕག་རྒོད། གསའ། ཁ་ཤྭ།  ཁང་བྱེའུ་བཅས་ནི་རང་བྱུང་ཁོར་ཡུག་ན་ཡོད་པའི་མཐོ་སྒང་གི་གཅེས་ནོར་དང་གསེར་དངུལ་ལས་ལྷག་པའི་རི་མཐོ་ས་གཙང་གི་རྒྱན་ཆ་ཏག་ཏག་ཡིན།།

        ཕྱོགས་མཚུངས་གོང་དུ་བརྗོད་པའི་གངས་རི་དག་ནི་ཡལ་འདབ་མེད་པའི་ཤིང་སྐམ་དང་བྱ་རིགས། རི་དྭགས་ཀྱི་ཚང་ཙམ་ཞིག་ག་ལ་ཡིན། གོ་ལའི་རང་བྱུང་ཐོན་ཁུངས་ཀྱི་མ་མ་ལྟ་བུར་གྱུར་ཡོད། དཔེར་ན། ཆུའི་རིགས། སྨན་རྩྭའི་རིགས་དང་། ནས་རིགས།  མར་རིགས། ཆང་རིགས།  ཟངས་རིགས། ལྕགས་རིགས། གསེར་རིགས། དངུལ་རིགས། རག་རིགས། ཚྭ་ཆུ་རིགས། རྩི་ཤིང་རིགས་སོགས་ནི་ཚན་རིག་གི་དུས་རབས་ལ་འགྲོ་བ་སྤྱིའི་སྲིད་འབྱོར་རིག་གསུམ་གྱི་ཐོན་ཁུངས་གལ་ཆེན་ཡིན་པར་དཔྱད་བརྗོད་པ་རྩེ་གཞུང་སྐལ་བཟང་དང་། བསོད་ནམས་ཆོས་དར། སྐུ་ཞབས་ Joseph Shea[8],  Wu Guangjian[9],  Yang Wei[10] སོགས་ཀྱིས་དཔེ་དོན་རྟགས་གསུམ་ཐོག་ནས་ར་སྤྲོད་གནང་འདུག། འོན་ཀྱང་།  ཁ་དཔེར། ཚེར་མའི་ཤིང་ལ་བརྟེན་བྱས་ན། །གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ།། ཞེས་པར་ལྟར།  བོད་ཀྱི་གངས་རི་འདི་དག་ནི་རང་གི་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། ཤེས་རིག། ཁོར་ཡུག་ཙམ་མ་ཟད་།  ཤར་ནུབ་རྒྱལ་ཁབ་དུ་མ་ཞིག་གི་འཚོ་གནས་དང་འབྲེལ་ཡོད་ཀྱང་། རྒྱ་དམར་པོའི་བཙན་ཤུགས་ལ་བརྟེན་དགོས་པས། སྣོད་བཅུད་སྲུང་བའི་གངས་ཆུ་རྣམས་ཤན་པའི་ལག་མགོ་ནས་ཟགས་པའི་ཁྲག་ཐིགས་བཞིན་དུས་ཚོད་རེ་རེའི་བར་ནས་མཐོང་མེད་འཇའ་འོད་བཞིན་བཞུ་འགྲོ་བཞིན་ཡོད་པ་མིག་མཐོང་གཟུགས་གྲུབ་ལོས་ཡིན།།

ས་བཅད་གཉིས་པ།

«ཨ་མྱེས་རྨ་ཆེན་[11]དང་འབྲེལ་བའི་བོད་ཀྱི་ཁོར་ཡུག་སྤྱིའི་འགྱུར་ལྡོག་གི་ཉེན་ཁ།»

ས་བཅད་གཉིས་པའིབཤད་བྱ་གཙོ་བོ་ནི་ཨ་མྱེས་རྨ་ཆེན་དང་འབྲེལ་ནས་བོད་ཀྱི་ཁོར་ཡུག་སྤྱིའི་འགྱུར་ལྡོག་དང་དེའི་ཉེན་ཁ་སྐོར་དེ་ཡིན། དཔྱད་དོན་གཙོ་བོ་ཨ་མྱེས་རྨ་ཆེན་ཞེས་པ་གང་ཡིན་པ་དང་།ལོ་རྒྱུས་ཁྲོད་ནས་གངས་རི་འདི་ཇི་ལྟར་གལ་ཆེན་ཞིག་ལ་ཆགས་ཡོད་མེད་གོང་ནས་བརྗོད་ཟིན་པ་ལྟར། ངག་ཐོག་དང་ཡིག་ཐོག་གཉིས་ཀའི་ཆ་ནས་ལོ་རྒྱུས་བཤད་ཚུལ་མི་འདྲ་བར་སྣང་།ངག་ཐོག་ནས་བཤད་ན་ཨ་མྱེས་རྨ་ཆེན་ནི་རྩ་བའི་ལོ་རབས་དུ་མའི་ཡར་སྔོན་ནས་བཟུང་མདོ་སྨད་རྨ་ཆུའི་ཡུལ་འདི་ཡི་གཙུག་ཏོར་ལྟར་མཐོ་ཞིང་ལོ་རྒྱུས་ཀྱི་ཕུགས་ཐག་རིང་བའི་ལྷ་རི་ཞིག་ལ་ངོས་འཛིན་དང་། རྩོམ་པ་པོ་ཕུན་ཚོགས་དང་སྟག་གོ་རྒྱལ་གཉིས་ཀྱིས་བརྩམས་པའི་ “རྨ་ཆེན་གངས་རིའི་གཏམ་རྒྱུད་ཐོར་བུ།”[12]  ཞེས་པའི་ནང་ལ་ངག་རྒྱུན་དང་འབྲེལ་བའི་ལོ་རྒྱུས་བཀོད་པ་དང་། ད་དུང་ཨ་མྱེས་རྨ་ཆེན་ནི་ཡུལ་དེ་དང་དེའི་མེས་པོའི་ཤེས་རིག་ཡོད་དོ་ཅོག་གི་ཁུངས་དང་འབྲེལ་བ་ཆགས་ཡོད་སྟབས།རྨ་ཆུ་རང་གི་ལོ་རྒྱུས་ཤེས་རྟོགས་དགོས་ན་ངེས་པར་དུ་ཨ་མྱེས་རྨ་ཆེན་གྱི་ལོ་རྒྱུས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཙང་།  གངས་རི་འདི་ལ་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་དང་། མདོ་སྨད་ཀྱི་ངོ་མཚར་མཛེས་ལྗོངས་མང་པོ་ཞིག་གནས་འདིར་ཡོད་པ་ཁ་གསལ་བརྗོད་འདུག   ཡང་མདོ་སྨད་ལོ་རྒྱུས་ཆེན་མོ[13]ལས། འཛམ་གླིང་ས་སྒང་ཧྲིལ་པོའི་དབུ་རྩེ་འདི་རུ་ཆགས་པའི་གདོང་དམར་བོད་པའི་ཁྱིམ་གཞིས་འདི་རུ་གངས་རི་དང་མཚོ་ཆེན་ཁག་ནི་མི་རིགས་ཤིག་གི་མཚོན་རྟགས་དང་སྣོད་བཅུད་ཀུན་གྱི་ཁྱིམ་གཞིས་ལྟ་བུར་ཞིག་ཡིན་པ་བརྗོད་ཡོད།

གོང་བཀོད་ཀྱི་གནད་དོན་ལ་དཔྱད་ན། མདོ་སྨད་སྣོད་བཅུད་གཉིས་ཀྱི་མ་མ་འབྱུང་ལྔའི་གཞིས་ཁྱིམ་ལྟ་བུའི་ཨ་མྱེས་རྨ་ཆེན་ནི་གདོང་དམར་བོད་ཀྱི་ལྷ་གསོལ་རིག་གནས་ཞིག་དང་། དེང་རབས་འཛམ་གླིང་ཁོར་ཡུལ་སྨྲ་བ་རྣམས་ཀྱིས་སྲུང་སྐྱོབ་གྱི་ཡུལ་ལ་འགྱུར་དོན།  དང་པོ། བོད་ཀྱི་ལྷ་གསོལ་རིག་གནས་ལ་རྒྱ་ནག་གཞུང་ནས་སྲུང་སྐྱོབ་མེད་པའི་ཉེན་ཁ་དང་། ཨ་མྱེས་རྨ་ཆེན་དང་ཆ་འདྲ་བའི་བོད་ཀྱི་གངས་རི་དུ་མ་ཞིག་ཉིན་རེ་བཞིན་མཐོང་མེད་དུ་འགྱུར་བའི་བློ་འཚབ་མཐོང། གཉིས་པ། ཨ་མྱེས་རྨ་ཆེན་ནི་ཡི་དམ་མགོན་པོ་རྣམ་གསུམ་དང། ཡུལ་ལྷ་སྟོང་ཕྲག་སྣ་ཚོགས་ཀྱིས་བསྐོར་བ་མ་ཟད། རང་བྱུང་ནོར་ཀྱི་དཔང་མཛོད་ལྟ་བུར་ཞིག་ཡིན་ཡང་། སྤྱི་ལོ་༢༠༠༥་ནས་༢༠༢༢ བར་གངས་རིའི་གཡས་གཡོན་ཀུན་ལ་གཏེར་ཁ་སྔོག་འདོན་དང་ཁོར་ཡུལ་གཏོར་བཤིག་ཚད་མེད་བྱུང་བ། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་གྱི་ཚོགས་འདུའི་[14] ཁྲོད་ནས་བོད་ས་ཁྱོན་ཡོངས་ཀྱི་གཏེར་ཁ་སྔོག་འདོན་དང་། གངས་རུད། གངས་ཞོད་སོགས་ཀྱི་གནས་བབས་ཉིན་རེ་བཞིན་ཛ་དྲག་ཇེ་ཆེར་འགྲོ་བ་འབོད་ཚིག་བསྒྲགས་འདུག  གནས་ཚུལ་དེ་དག་དབང་གི་ཨ་མྱེས་རྨ་ཆེན་དང་འབྲེལ་བའི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་བབ་ཡིན་ན་འདྲ། རང་བྱུང་ཐོན་ཁུངས་ཡིན་ན་འདྲ།  རྩྭ་ཆུ་ནགས་གསུམ་ཡིན་ན་འདྲ།  ནད་རིགས་འཕེལ་རིམ་ཡིན་ན་འདྲ། སྔར་མེད་ཀྱི་འགྱུར་ལྡོག་ཞིག་འགྲོ་དང་འགྲོ་བཞིན་ཡོད་དོ།།

༢༠༢༢།༡༠།༤།


[1] <<Distribution characteristics and potential ecological risk assessment of heavy metals in soils around Shannan landfill site, Tibet>> 

[2]   ‹‹ Evolution of research topics on the Tibetan Plateau environment and ecology from 2000 to 2020: a paper mining»

[3]     «Tibetan Plateau Uplift and Environmental Impacts: New Progress and Perspective» “Institute of Tibetan Plateau Research, Chinese Academy of Sciences”

[4]    «The Tibetan Plateau: Why it Matters to the Indian Subcontinent» by   Tempa Gyaltsen’ Environment Research Fellow at the Tibet Policy Institute

[5]    «Militarisation of the Tibetan Plateau and its Significance» by Dr. Tenzin Tsultrim Environment Research Fellow at the Tibet

[6] https://www.ncbi.nlm.nih.gov/pmc/articles/PMC4071559/

[7] https://www.jstor.org/stable/41144338 

[8] http://www.climatecentral.org/news/scientists-racing-to-unravel-ice-avalanche-mystery-20678  

[9]   https://bulletinofcas.researchcommons.org/cgi/viewcontent.cgi?article=1396&context=journal

[10][10]https://ui.adsabs.harvard.edu/abs/2021GeoRL..4894651W/abstract#:~:text=Vanishing%20Glaciers%20at,Show%20affiliati 

[11] “གངས་རི་ཞིག་རྨ་རྒྱལ་སྤོམ་ར་དང་རྨ་རྒྱལ་གངས་རི་ཡང་ཟེེར། མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཡོད། དེའི་མཐོ་ཚད་རྒྱ་མཚོ་ངོས་ལས་སྨི༦༢༨༢ཡོད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སར་གནས་པའི་གཞི་བདག་ཆེན་པོ་ཞིག་གི།”སྨོན་ལམ་ཚིག་མཛོད་ལས་དྲངས།

[12]  “ དེ་ཡང་ངག་རྒྱུན་དུ་ལོ་སྟོང་ཕྲག་འགའི་ཡར་སྔོན་དུ་ཡབ་བསེ་རུ་ངང་ཡག་དང་། ཡུམ་ཨ་ནེ་བན་རི་གཉིས་ཀྱིས་རི་ལ་བདུན་གྱི་མར་གཤམ། གསེར་རྡེའུ་ཕྱུག་མོའི་ཡར་གཤམ་དུ་སྲས་རྨ་རྒྱལ་སྦོམ་ར་སྐུ་འཁྲུངས། རྨ་ཆེན་གངས་རི་ཁོང་དགུང་ལོ་བཅོ་ལྔ་བཞེས་དུས་ཕྱོགས་སོ་སོར་ཡུལ་སྐོར་དུ་ཕེབས་པ་ན་རྨ་ཀླུང་རིང་མོའི་གཡོན་འགྲམ། མེ་ཏོག་ཐང་﹙གླིང་སྒྲུང་ནང་གི་“འདུ་ར་སྟག་ཐང་ཕྲ་མོ”ཡིན་པར་བཤད﹚གི་གོང་རོལ་ནས་ན་ཆུང་བུ་མོ་ཞིག་ལ་ཞེ་ཆགས་ཤིང་། ཁོང་རྒྱུན་དུ་བུ་མོ་དེ་ཡོད་སར་སོང་བ་ཡབ་ཡུམ་གཉིས་ཀྱིས་ཚོར། ཁོང་གཉིས་དེར་ཡིད་འཐད་མ་བྱུང་བར་ཁ་ཏ་ཇི་ལྟར་བྱས་ཀྱང་ཁོང་བཙན་ཤེད་ཀྱིས་འགྲོ་བས་མཇུག་མཐར་ཡབ་ཡུམ་གཉིས་ཐབས་ཟད་དེ་ཁོ་ལ་འདི་སྐད་ཟེར། “ཁྱོད་རང་ངེད་ཀྱི་བུ་ཆུང་གཅིག་པུ་ཡིན་པས་བློས་འདོར་དཀའ་ཡང་། ཁྱོད་རང་བཙན་ཤེད་ཀྱིས་འགྲོ་ན་དེ་བཞིན་དུ་གྱིས་ཤིག ཁྱོད་ཀྱི་མགོའི་ཕྱིང་ཞྭ་ནམ་ཡང་ངེད་གཉིས་ཀྱི་མིག་གི་མཐོང་སར་འཇོག་དགོས། དེ་ལྟར་མི་བགྱིད་ན་ད་ནས་བཟུང་འུ་ཅག་གི་བར་དུ་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་མེད” ཅེས་སྨྲས་པས། ཁོས་ཀྱང་དེ་ལྟར་བྱེད་རྒྱུ་ཁས་བླངས་ནས་རྨ་ཡུལ་གྱི་བུ་མོ་དེའི་ཁྱོ་ག་བྱས་ཏེ་རྨ་ཀླུང་རིང་མོའི་གཡོན་འགྲམ་ན་གངས་དཀར་གྱི་ཕྱིང་ཞྭ་ཀྲོང་ངེར་དགུང་ལ་བཏེགས་ཏེ་ད་ལྟའི་བར་དྲིན་ལྡན་གྱི་ཕ་མ་གཉིས་ལ་བསྟན་འདུག ད་ལྟ་དངོས་གནས་ཨ་ནེ་བན་རི་དང་བསེ་རུ་ངང་ཡག་གི་རི་རྩེ་ལྷང་ངེར་མཐོང་འདུག གཞན་ཨ་ནེ་བན་རིའི་རི་འདབས་ནས་མཚེའུ་ཡིད་དུ་འོང་བ་ཞིག་ཡོད་པ་དེར་བྱིན་རླབས་ཆེ་ཞེས་ཡུལ་མི་ཀུན་གྱིས་རྒྱུན་དུ་ཕྱག་སྐོར་བྱེད། དགུན་དུས་སུ་མཚོ་གླང་བརྒྱུགས་པ་རེད་ཅེས་མཚེའུ་དེར་གཡས་གཤགས་གཡོན་གཤགས་བྱས་ཡོད་ལ་དབྱར་ཁ་མཚེའུ་ནང་ནས་གླང་དམར་པོ་ཞིག་མི་ལ་ལས་དངོས་སུ་མཐོང་མྱོང་སྐད། གླང་དེ་མི་སུས་མཐོང་ན་དེ་ལ་རྒྱུའི་འཕེལ་ཁ་དར་བའི་སྔ་ལྟས་ཡིན་ཟེར། དངོས་གནས་མཚེའུ་དེ་ལས་སྐབས་སྐབས་སུ་སྒྲ་སྙན་སྣ་ཚོགས་གྲགས་འོངས་ཤིང་། དེ་ནི་ཀླུ་དང་ཀླུ་མོ་རྣམས་མཚེའུ་ནང་དུ་གར་ལ་རྩེན་པ་རེད་ཟེར། ཡུལ་དེའི་མི་རྣམས་ཀྱིས་མཚེའུ་འདི་ནི་རྨ་ཆེན་གངས་རིའི་ལྟེ་ཁྲག་ཡིན་པར་བཤད་དོ།།”

[13] རྩོམ་པ་པོ།ཧོར་གཙང་འཇིགས་མེད་ལགས།   

[14] https://worldenvironment.in/conference.html