སེར་ཤུལ་རིན་ཆེན་དོན་གྲུབ།

སེར་ཤུལ་རིན་ཆེན་དོན་གྲུབ།

ནང་དོན་གནད་བསྡུས།– བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱིའི་གནས་ཚུལ་ཉུང་བསྡུས་དང་། བོད་ཀྱི་རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ། དེ་དག་གི་གལ་ཆེའི་རང་བཞིན་སྐོར་ལ། དེང་རབས་ཞིབ་འཇུག་རྩོམ་ཡིག་གི་འབྲི་ཚུལ་དང་མཐུན་པར་དཔྱད་གླེང་བྱས་ཡོད།།

གནད་ཚིག— སྐྱེ་ཁམས་ཁོར་ཡུག གནམ་གཤིས། རི་བོ།

སྔོན་གླེང་།

སྤྱི་ཚོགས་ཀྱི་གནས་བབ།

ད་ལྟའི་སྤྱི་ཚོགས་ལ་མཚོན་ན་གོ་ལ་གཅིག་གྱུར་གྱི་སྤྱི་ཚོགས་ཤིག་ཡིན། གོ་ལ་གཅིག་གྱུར་གྱི་གོ་དོན་ཡང་། ས་སྒང་ཧྲིལ་བོ་འདིར་འཚོ་བའི་འགྲོ་བ་མི་རྣམས་གཅིག་ལ་གཅིག་རྟེན་གྱིས་འཚོ་བའི་སྤྱི་ཚོགས་ཤིག་ཏུ་གྲུབ་ཟིན་པ་ལ་གོ་ཆོག གནས་སྟངས་འདི་འདྲ་ཞིག་ལ་ཁོར་ཡུག་དང་གནམ་གཤིས་གཉིས་ཀྱང་གཅིག་ལ་གཅིག་བརྟེན་གྱི་དུས་རབས་ཤིག་ཡིན། གནའ་སྔ་མོའི་དུས་སྐབས་སུ་ཁོར་ཡུག་དང་གནམ་གཤིས་སོགས་གཅིག་ལ་གཅིག་བརྟེན་གྱི་ཡོད་ངེས་ཀྱང་མངོན་གསལ་དེ་ཙམ་མེད། དེང་རབས་འཕྲུལ་ཆས་དུས་རབས་ཀྱི་སྐབས་འདིར། གོ་ལ་ཧྲིལ་བོའི་གནམ་གཤིས་དང་ཁོར་ཡུག་བར་ཕན་ཚུན་རྟེན་ཅིང་འབྲེལ་བའི་གནས་ཚུལ་མངོན་གསལ་དོད་པོས་མཐོང་ཐོས་སུ་འགྱུར་བཞིན་ཡོད། གནས་སྐབས་འདི་འདྲ་ཞིག་ལ་ “ རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ”དང་། དེ་དག་གི་ཤུགས་རྐྱེན། དེ་དང་འབྲེལ་བའི་འགྲོ་བ་མིའི་མཁོ་དགོས་རང་བཞིན་སོགས་ལ་ཞིབ་འཇུག་དགོས་པའང་ཧ་ཅང་གལ་ཆེན་དུ་གྱུར་ཡོད། ལྷག་པར་དུ་འཛམ་གླིང་གི[1]སྣེ་གསུམ་པ། བོད་གངས་ཅན་གྱི་ཁོར་ཡུག་སྟེ། རི་བོ་དང་། ཆུ་ཆེན། འཁྱགས་རོམ་སོགས་ནི་བོད་ཙམ་མ་ཡིན་པར།[2]རྒྱ་གར་དང་། རྒྱ་ནག པ་ཀི་སི་ཐན། བལ་ཡུལ། བྷང་ལ་ངྷེ་ཤི། འབར་མ། ཐའི་ལེན་ཌི། ལའོ་སི། ཀམ་བྷོ་ཌི་ཡ། ཝེ་ཏི་ནམ་སོགས་མི་གྲངས་ས་ཡ་མང་པོའི་འཚོ་གནས་དང་དཔལ་འབྱོར་ལ་འབྲེལ་བ་ཆགས་ཡོད་པས་གལ་ཆེའི་ཁོར་ཡུག་འདི་སྲུང་སྐྱོབ་ལ་དོ་སྣང་དང་འགན་ཁུར་ལེན་དགོས་པ་ནི་མི་གྲངས་ས་ཡ་མང་པོའི་བདེ་དོན་དང་འབྲེལ་ཡོད།  དེ་བས་བརྗོད་གཞི་འདི་ནི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ཀྱི་ངོས་ནས་ཀྱང་ཧ་ཅང་གལ་ཆེན་དུ་གྱུར་ཡོད།

རྒྱུ་ཆའི་གནས་བབ།

རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་སོགས་ཁོར་ཡུག་དང་འབྲེལ་བའི་རྒྱུ་ཆ་ལ་མཚོན་ན་བོད་ཡིག་རང་གི་ནང་དུ་འདི་དང་འབྲེལ་བའི་རྒྱུ་ཆ་ཧ་ཅང་ཉུང་། ཁོ་བོས་ཞིབ་འཇུག་གི་སྐབས་སུ་ལག་སོན་བྱུང་བའི་རྒྱུ་ཆ་ནི། 《༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བསྩལ་བའི་བླང་དོར་ལམ་སྟོན།》 ཞེས་པ་དང་། 《བཀའ་ཆེམས་ཁ་ཁོལ་མ།》 《ཆོས་འབྱུང་མཁས་པའི་དགའ་སྟོན།》 བོད་ནས་པར་སྐྲུན་བྱས་པའི《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ།》 《རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས།》 《བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།》 ཞེས་པའི་དཔེ་དེབ་སོགས་དཔེ་དེབ་ཁག་དང་། གནས་ཡིག་ཁག དེ་མིན་སྐྱེ་ཁམས་ཁོར་ཡུག་གི་དྲ་ཚིགས། བོད་ཀྱི་ས་ཁམས་རིག་པའི་སྐོར་གྱི་བགྲོ་གླེང་དང་། སློབ་ཁྲིད་ཀྱི་བརྙན་དྲ་ལམ་དུ་ཡོད་པ་ཁག་ཡིན།

ཞིབ་འཇུག་གི་གནས་བབ།

བོད་ཀྱི་ཁོར་ཡུག་དང་། ཁྱད་པར་དུ་རི་བོ་དང་། ཆུ་ཆེན། འཁྱགས་རོམས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་ནི་མིག་སྔར་མང་དུ་འགྲོ་བཞིན་ཡོད། དེའི་རྒྱུ་མཚན་ནི་མཐོ་སྒང་གི་ཁོར་ཡུག་འདི་གོང་དུ་བརྗོད་པ་བཞིན་རྒྱལ་ཁབ་མང་པོ་དང་། མི་རིགས་མང་པོའི་འཚོ་གནས་དཔལ་འབྱོར་ལ་འབྲེལ་བ་ཡོད་ཅིང་། འབྲེལ་བ་ཡོད་པ་ཤེས་པས་རེད། ཞིབ་འཇུག་བྱེད་མཁན་གཙོ་བོ་ནི་ཚན་རིག་པ་དང་། ས་ཁམས་རིག་པ་བ། གནམ་གཤིས་ཆེད་མཁས་པ་སོགས་ཡིན། དེ་དག་གི་ནང་དུ་བོད་ལ་ཤ་ཚ་ཞིང་། ཁོར་ཡུག་གི་གནས་བབ་མཁྱེན་པའི་བོད་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་ཀྱང་འདིའི་ཕྱོགས་ལ་སེམས་ཁུར་དང་། དོ་སྣང་བྱེད་བཞིན་ཡོད། མདོ་དབུས་མཐོ་སྒང་གི་ཁོར་ཡུག་འདི་བཞིན་འཛམ་གླིང་སྤྱི་ལ་གལ་ཆེའི་རང་བཞིན་ཅི་ཙམ་ཆགས་པ་དེའི་ཚོད་ཀྱིས་ཞིབ་འཇུག་གི་གནས་བབ་ཀྱང་སྔར་ལས་ཡག་ཏུ་འགྲོ་བ་སྨོས་མེད་ཡིན་པས་ཞིབ་འཇུག་གི་གནས་བབ་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད། འོན་ཀྱང་བོད་ཡིག་རང་གི་ནང་དུ་འདིའི་སྐོར་ལ་ཟུར་འདོན་ཞིབ་འཇུག་བྱས་པ་ནི་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད། དེ་བས་ཁོ་བོས་དུས་ཚོད་དང་ནུས་པས་གང་ལྕོགས་ཀྱིས་འདིའི་སྐོར་ལ་ཞིབ་འཇུག་བྱས་ཡོད།

བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་གནས་ཚུལ་ཉུང་བསྡུས།

བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ། འཛམ་གླིང་གི་ཡང་ཐོག་དང་། གོ་ལའི་སྣེ་གསུམ་པ་ཞེས་འབོད་ཀྱི་ཡོད། དེ་ནི་དེང་གི་ཚན་རིག་པ་དང་།ས་ཁམས་རིག་པ་བ་རྣམས་ཀྱིས་ཆེ་བསྟོད་ཀྱིས་འབོད་ཚིག་ཅིག་ཡིན། འབོད་ཚིག་འདིས་བོད་ཀྱི་ཁོར་ཡུག་འདི་འཛམ་གླིང་ཁྱོན་ཡོངས་ལ་གལ་ཆེའི་རང་བཞིན་ཡིན་པ་གསལ་སྟོན་བྱེད་ཀྱིན་ཡོད། དེ་ཡང་འཛམ་གླིང་འདིའི་ཐོག་ཏུ་གྲང་ངར་ཆེ་ལ་འཁྱགས་རོམ་ཧ་ཅང་མང་པའི་ས་ཆ་ནི། འཛམ་གླིང་གི་ལྷོ་སྣེ་ཨན་ཊར་ཊི་ཁ South Pole Antarctic དང་། བྱང་སྣེ་ཨག་ཊིག་ North Pole Arctic གཉིས་ཡིན་ཞིང་། དེ་གཉིས་ཕུད་པའི་གྲང་ངར་ཆེ་ལ་འཁྱགས་རོམ་མང་བ། གངས་འཁྱགས་དང་དེ་ལས་བྱུང་བའི་གཙང་ཆུ་མང་ཤོས་གསུམ་པ་དེ་བོད་ཡིན་པས་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་པ་ཡིན། [3]བོད་མཐོ་སྒང་ནི་རྒྱ་མཚོའི་ངོས་ནས་མི་ཊར་(m2)༤༠༠༠ ཙམ་གྱི་སར་ཆགས་ཤིང་། ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་(km2) ༡༠༥༠༠༠ ལྷག་དང་། འཁྱགས་རོམ་གྲངས། ༤༦༠༠༠ ལྷག་ཡོད་པས། ས་གཞི་རིལ་མོའི་ཐོག་གི་འཁྱགས་རོམ་མང་ཤོས་ཀྱི་ས་ཆ་ཡིན།  འཛམ་གླིང་གི་དྭངས་གཙང་ཆུའི་འབྱུང་ཁུངས་ཆེ་ཤོས་དེ་ཡིན་པ་མ་ཟད། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། སེང་གེ་ཁ་བབ། ཡར་ཀློང་གཙང་པོ་སྟེ་ཨེ་ཤ་ཡའི་གཙང་ཆེན་དྲུག་གི་མགོ་ཁུངས་ཀྱང་ཡིན། [4]འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ལ་ཉེ་བ་ཞིག་བོད་མཐོ་སྒང་ནས་འབབ་པའི་ཆུའི་ཐོན་ཁུངས་ལ་བརྟེན་ཡོད།  བོད་མཐོ་སྒང་ནས་བབས་པའི་ཨེ་ཤ་ཡའི་ཆུ་ཆེན་ཁག་དང་དེ་དག་གི་བཞུར་རྒྱུན་ས་ཁུལ་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་ལྔ་དང་། འབུམ་བཞི། ཁྲི་བདུན་ལྷག་ཟིན་ཡོད་པས། ༥༤༧༧༧༠༠ གོ་ལ་སྤྱིའི་ས་ཁྱོན་བརྒྱ་ཆ་ ༣ ལྷག་ཟིན་ཡོད། མདོར་ན་བོད་མཐོ་སྒང་གི་ཁོར་ཡུག་ནི་རྒྱལ་ཁབ་བཅུ་ཡི་མི་གྲངས་ས་ཡ་མང་པོའི་དཔལ་འབྱོར་དང་། འཚོ་གནས་ལ་ཧ་ཅང་འབྲེལ་བ་དམ་པོར་གྱུར་ཡོད་པས་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་ཁོར་ཡུག་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་ནི་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབས་ཡིན་པས་འཛམ་གླིང་ལ་ཤ་ཚ་ཞིང་འགན་ཁུར་ལེན་པའི་སྐྱེ་བོ་རྣམས་ཀྱིས་དོ་སྣང་བྱེད་འོས། [5]ལྷག་པར་དུ་དེང་སང་འཛམ་གླིང་སྤྱིའི་ཚ་དྲོད་འཕར་བ་དང་བསྟུན། བོད་མཐོ་སྒང་གི་གནམ་གཤིས་ཚ་དྲོད་ཀྱང་ཧ་ཅང་འཕར་བཞིན་པ་མ་ཟད་བོད་ཀྱི་འཁྱགས་རོམས་བཞུར་ཚད་ཀྱང་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པས་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་ཡོད།

རི་བོ།

རི་བོ་ཞེས་པའི་ཚིག་འདི་ཐོས་སྐབས། མཐོ་ཞིང་བརྗིད་ལ་ནགས་ཚལ་གྱིས་བཀླུབས་པའི་ས་འཛིན་ཞིག་གམ། ཡང་ན་བྲག་དང་། སྤང་རྩྭ་སོགས་གང་རུང་གིས་སྤུད་པའི་དཔང་མཐོ་ཞིང་ཀྲོང་ངེར་ལངས་པའི་དངོས་པོ་ཞིག་བློ་ལ་འཁོར་ཡོང་ངེས། འོན་ཀྱང་རི་བོ་ཇི་ལྟར་གྲུབ་པའི་རིམ་པ་དང་། རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ་སོགས་ལ་གཏིང་ཟབ་པའི་ཞིབ་འཇུག་བྱས་ནས་གྲུབ་དོན་གསལ་བོར་བཀོད་པ་ཧ་ཅང་ཉུང་། དེ་བས་ཁོ་བོས་གནའ་རབས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་གི་གྲུབ་དོན་དང་། དེང་རབས་ཚན་རིག་པས་གཏན་འབེབས་གྲུབ་དོན་བཞིན་རི་བོ་ཇི་ལྟར་གྲུབ་པའི་རིམ་པ་ཅུང་ཟད་ཅིག་གླེང་བར་བྱའོ།། གནའ་རབས་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ལས་གསུང་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་ལས་དེ་དག་གི་གཞི་འཛིན་ས་གཙོ་བོ་ནི་བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོས་མཛད་པར་གྲགས་ཤིང་། དུས་རབས་བཅུ་གཅིག་པའི་ནང་དུ་སྤྱི་ཚོགས་སུ་ཁྱབ་སྤེལ་བྱུང་བའི་《བཀའ་ཆེམས་ཁ་ཁོལ་མ།》དང་། དཔའ་བོ་གཙུག་ལག་ཕྲེང་བས་དུས་རབས་བཅུ་དྲུག་པའི་ནང་དུ་བྲིས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན།》གཉིས་ཡིན། དེ་གཉིས་ཀྱང་རྩ་བའི་འདོད་ཚུལ་གཅིག་པས་ཕྱི་མ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུང་ཚུལ་ནི། དེ་ཉིད་ལས།”[6]  ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང་།། ཞེས་དང་། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཞེས་བྱའི་ཟོམས་ཕྱེ་བས།། རུ་བཞི་ཆུ་རུ་གང་བ་དེ་རུ་ཐིམ།། ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་བར་དོད།།” ཞེས་གསལ་བ་ལྟར་བོད་ཀྱི་ས་ཁམས་ཆགས་ཚུལ་བཤད་སྐབས། ཐོག་མར་ཆུ་ཡིས་གང་ཞིང་ག་ལེར་ས་གཞི་ཆགས། ས་གཞི་དེ་ལས་རི་བོ་སོགས་བྱུང་ནས་བོད་ཀྱི་ས་ཁམས་ཀྱི་རྣམ་པ་དོད་ཚུལ་གསུང་ཡོད། བཤད་སྟངས་འདི་ལྟར་ན། བོད་ཀྱི་རི་བོ་དག་ནི་རྒྱ་མཚོའི་རྡོ་དང་། ས། བྱེ་མ་སོགས་ཀྱིས་གྲུབ་ཅིང་། དེ་ཡང་རྒྱུ་རྐྱེན་གང་ཞིག་གིས་ག་ལེར་འབུར་དོད་དུ་གྱུར་ནས་མཐོ་སྒང་གི་ཡང་རྩེར་སོན་པ་གསལ་ཡོད། རྒྱ་གར་གྱི་གནའ་བོའི་དཔེ་ཆ《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ།》ལས། [7] “འདོད་ན་དབང་པོ་མེད་པ་དང་། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།།” ཅེས་རྩ་བའི་རྡུལ་རྫས་བརྒྱད་ཀྱིས་གཟུགས་ཅན་རྣམས་གྲུབ་པར་བཤད་པས་རི་བོའང་དེ་ལས་མ་འདས། དེང་རབས་ཀྱི་ས་ཁམས་རིག་པ་དག་གིས་བཤད་ཚུལ་ནི། [8] ལོ་ས་ཡ་༥༠ ཙམ་གྱི་གོང་དུ་ཡུ་ར་ཤིའི་ས་གཞིའི་སྡེར་མ་ Plate Eurasian དང་། རྒྱ་གར་གྱི་ས་གཞིའི་སྡེར་མ་ Indian Plate གཉིས་རྒྱུ་རྐྱེན་གང་ཞིག་གིས་གདོང་ཐུག་བྱུང་ཞིང་ཤུགས་ཀྱིས་བཙིར་བ་ལས་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་རྣམས་འབུར་དོད་དུ་གྱུར་ནས་ད་ལྟའི་མཐོ་ཞིང་རྔམ་བརྗིད་ལྡན་པའི་བོད་ཀྱི་རི་བོ་རྣམས་བྱུང་བར་བཤད། བཤད་སྟངས་འདི་ལྟར་ན་ཡང་། བོད་ཀྱི་རི་བོ་དག་གི་གྲུབ་ཆ་ནི། འཚོ་ཐུབ་པའི་ཟེ་རླངས་དང་། སྲོག་འཛིན་རླུང་། ཡང་རླུང་། ནག་རྫས་ཉིས་འགྱུར་འབར་རླངས། རླངས་ཆུ། འབྱུང་བ་གཞན་དང་། བསྡུས་རྫས་སོགས་ལས་གྲུབ་ཅིང་། སྔོན་ནས་དམའ་སར་གནས་པའི་རྒྱ་མཚོའི་ས་རྡོ་དང་། བྱེ་མ་སོགས་ཀྱིས་གྲུབ་པར་བཤད། དེ་དག་ནི་བོད་ཀྱི་རི་བོ་དག་གི་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་དེང་དུས་ས་ཁམས་རིག་པའི་མཁས་པའི་ Geologists བཞེད་ཚུལ་རྣམས་ཡིན། རི་བོ་ལ་དབྱེ་བ་བྱས་ན། གངས་རི་དང་། ནགས་རི། སྤང་རི། རྫ་རི་སོགས་སྣ་ཚོགས་པ་ཞིག་ཡོད། དེ་དག་རེ་རེ་ལའང་རང་རང་གི་རྒྱུ་ཆ་དང་འབྲེལ་བའི་ཁྱད་ཆོས་དང་། བྱེད་ལས་མ་འདྲ་བ་མང་པོ་ཞིག་ཡོད་པའང་སྨོས་ཅི་དགོས།

གནམ་གཤིས།

གནམ་གཤིས་ཀྱི་གོ་དོན་ནི། ས་ཆ་ག་གེ་མོ་ཞིག་དང་། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཚ་དྲོད་དང་། གནམ་འཐིབས་པ། སྐམ་ཤས་ཆེ་བ། ཉི་འོད། ལྷག་པ། རླུང་། ཆར་བ། ནམ་ཟླའི་དྲོ་འཁྱག་སོགས་ཀྱི་གནས་སྟངས་ལ་ཟེར། སྤྱིར་བཏང་གནམ་གཤིས་ཟེར་བའི་ཚིག་འདིའི་ངོ་གདོང་རང་གི་གོ་དོན་ནི།  ནམ་མཁའི་གཤིས་ལུགས་ལྟ་བུ་ཞིག་ལ་གོ་མོད། གོ་དོན་རྡོག་རྡོག་ནི་ནམ་མཁའི་དབྱིངས་སུ་རྒྱུ་རྐྱེན་གང་ཞིག་གིས་ཚ་དྲོད་འཕེལ་གྲིབ་དང་། ལྷག་རླུང་། ཆར་བ་སོགས་ཀྱི་འགྱུར་ལྡོག་གི་གནས་སྟངས་ལ་ཟེར་བ་ཡིན། དེ་བས། གནམ་གཤིས་ནི་འགྲོ་བ་མི་ཙམ་མ་ཟད། ས་སྒང་ཧྲིལ་བོའི་སྐྱེ་འགྲོ་ཡོངས་ལ་ཧ་ཅང་གི་གལ་ཆེན་དང་། འབྲལ་དུ་མེད་པའི་རྟེན་འབྱུང་གི་འབྲེལ་བ་གྲུབ་ཡོད། དཔེར་ན། ཆར་བ་དང་ཉི་འོད་སོགས་དུས་ཐོག་མ་བྱུང་ན་ཞིང་བའི་སོ་ནམ་དོན་མེད་དུ་འགྱུར་བ་དང་། ཆར་རླུང་དྲག་པོ་བྱུང་ན་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚད་མེད་འབྱུང་ཞིང་། ཚ་དྲོད་ཆེ་དྲགས་ན་སྐམ་ཤས་ཆེ་བར་གྱུར་ནས་དཀའ་ངལ་སྣ་ཚོགས་འབྱུང་བ་སོགས་འཚོ་གནས་དང་ཧ་ཅང་གི་འབྲེལ་བ་ཡོད་པ་ལྟ་བུ་ཡིན།  

རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ།

རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ་ནི་ཕྱོགས་མང་པོ་ཞིག་ནས་གླེང་ཆོག ནགས་རི་ལ་ཤིང་ནགས་ལེགས་པར་སྐྱེ་འཕེལ་བྱུང་ན་གནམ་གཤིས་ཀྱི་དྲོ་གྲང་ལེགས་པར་འབྱུང་ཞིང་། གངས་རི་ལ་འཁྱགས་རོམ་མང་ཉུང་ལས་གནམ་གཤིས་ལ་ཚ་དྲོད་ཀྱི་འགྱུར་བ་འབྱུང་། གངས་རི་ལས་འཁྱགས་རོམ་གྱི་བཞུར་ཚད་ལས་ཆར་ལྷག་གི་ཤུགས་ཚད་ལ་འགྱུར་བ་ངེས་ཅན་འགྲོ། དེ་བཞིན་དུ་ཆུ་ལོག་དང་། སྐམ་ཤས་ཆེ་བ། ཆར་ཆུ་དུས་སུ་མོད་མིན་སོགས་ནི་རི་བོ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་དག་རེད། ཉེ་བའི་ཆར་བོད་ཀྱི་རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ་ལས་བྱུང་བའི་གནད་དོན་ནི་ཛ་དྲག་རང་བཞིན་དང་། མི་ལེགས་པའི་རང་བཞིན་དུ་འགྱུར་བཞིན་ཡོད། དཔེར་ན། [9]”དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་སྐབས་སུ་མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་(km2)  ༤༨༨༥༩.༡༨ ཡོད་མོད། ད་ལྟ་བོད་མཐོ་སྒང་གི་འཁྱགས་ཀླུང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༤༤༣༨.༤༠ མ་གཏོགས་མེད། འདི་ལྟར་ན་ལོ་རེར་ཆ་སྙོམས་འཁྱགས་ཀླུང་སྤྱི་ལེ་གྲུ་བཞི་མ་ ༡༤༧.༣༦ ཇེ་ཉུང་དུ་འགྲོ་བཞིན་ཡོད།” དེ་བཞིན་དུ་མཁའ་དབུགས་བཙོག་པར་གྱུར་བའི་དབང་གིས་ཉིན་རེར་མི་༨༠༠་ལྷག་འཆི་ལམ་དུད་འདེད་བཞིན་པ་དང་། ཆུ་ལ་སྦག་བཙོག་ཐེབས་པའི་རྐྱེན་གྱིས་ལོ་རེར་མི་ཁྲི་༢༥༠༠ ལྷག་འཆི་ལམ་དུ་འདེད་བཞིན་པ་ཡང་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ཡོད། དེ་བཞིན་དུ། རི་ཡི་རྒྱལ་བོ་ཧི་མ་ལ་ཡ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་། དེ་དང་འབྲེལ་བའི་གནམ་གཤིས་ཀྱི་འགྱུར་བ་ནི། བོད་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་བཟང་ངན་ལ་རག་ལས་ཡོད་ཅིང་། ཆབ་རོམ་ལ་ཞིབ་འཇུག་བྱེད་པའི་ཚན་རིག་པ་དག་གིས་ཞིབ་འཇུག་གི་གྲུབ་དོན་ལྟར་ན་གོ་ལའི་ཚ་དྲོད་ཇེ་མཐོར་སོང་བའི་དབང་གིས་ཀྲུང་གོ་དང་། ཧིན་དུ། པ་ཀི་སི་ཕན། འབྲས་ལྗོངས། འབྲུག་རྒྱབ་ཁབ་སོགས་ཀྱི་མི་གྲངས་དུང་ཕྱུར་མང་པོར་ཆུས་མི་འདང་པས་དཀའ་ངལ་ཆེན་པོ་འཕྲད་སྲིད་ཅེས་ཉེན་བརྡ་བཏང་ཡོད། རི་བོ་དག་གི་འཁྱགས་རོམ་དང་། གསེབ་དུ་སྦས་པའི་གཏེར་དངོས། དེ་ལས་བྱུང་བའི་ཆུ་བོ་སོགས་ཆ་སྙོམས་ལེགས་འགྲིག་བྱུང་བ་ལས་ཆར་ཆུ་དུས་སུ་བབ་ཅིང་། ཚ་དྲོད་སྙོམས་སྒྲིག་བྱེད། དེ་ལ་བརྟེན་ནས་གནམ་གཤིས་ལེགས་པར་འབྱུང་བ་ཡིན་ཞིང་། དེ་ལས་ལྡོག་པ་ནི་གནམ་གཤིས་མི་ལེགས་པ་འབྱུང་བའི་རྒྱུ་རྐྱེན་རེད། དེ་དག་གི་རི་བོ་དང་གནམ་གཤིས་ཀྱི་འབྲེལ་བའི་ཕྱོགས་ངོས་འགའ་ཞིག་ཡིན།

ཁོར་ཡུག་གི་སྲུང་སྐྱོབ་ཀྱི་དགོས་གལ།

གོང་དུ་བཤད་པའི་གནད་དོན་དེ་དག་ལ་བརྟེན་ནས་ཁོར་ཡུག་སྤྱི་དང་། ལྷག་པར་དུ་རི་བོ་དང་། འཁྱགས་རོམ། གཙང་ཆུ་སོགས་ཀྱིས་མཚོན་པའི་བོད་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ནི་མི་གྲངས་དུང་ཕྱུར་མང་པོའི་འཕྲོད་བསྟེན་དང་། འཚོ་བ། དཔལ་འབྱོར། ཐ་ན་ཚེ་སྲོག་ལའང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས་དེ་དག་ཅི་ཙམ་གལ་ཆེ་བ་དེའི་ཚོད་ཀྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཀྱང་དེ་ཙམ་གྱིས་གལ་ཆེན་དུ་གྱུར་ཡོད་པ་སྨོས་ཅི་དགོས། མདོར་ན། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༸གོང་ས་མཆོག་གིས[10]”རང་བྱུང་གི་ཁམས་སྲུང་སྐྱོབ་བདག་གཉེར་བྱེད་དགོས་ན། ང་ཚོ་ལ་ཞི་བདེ་བག་ཡོད་ཀྱི་ལྟ་བ་ཞིག་སེམས་ཁམས་སུ་ངེས་པར་དགོས། ཕྱིའི་ཁོར་ཡུག་གི་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱེད་པ་འདིས་འགྲོ་བ་མིའི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོ་གིན་ཡོད། དེ་ནི་འགྲོ་བ་མིས་རང་བྱུང་ཁོར་ཡུག་ལ་རྩི་མཐོང་མི་བྱེད་པ་དང་། ཁོར་ཡུག་གི་གལ་ཆེའི་རང་བཞིན་མ་ཤེས་པ་ལས་བྱུང་བ་ཞིག་ཏན་ཏན་ཡིན། མི་ཚོར་ཁོར་ཡུག་སྐོར་གྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཁོང་ཚོར་རང་བྱུང་གི་བཀོད་པ་དེ་ང་ཚོའི་འཕྲལ་ཕུག་གི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཤེས་སུ་འཇུག་དགོས།”ཞེས་པའི་དགོངས་དོན་བཞིན་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་གལ་ལེགས་པར་ཤེས་པའི་ཐོག་ནས་ཁོར་ཡུག་སྲུང་སྐྱོབས་ཀྱི་ལག་བསྟར་ཉམས་ལེན་ལ་འཇུག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

མཇུག་གི་གཏམ།

རྩོམ་ཡིག་འདིར། གཙོ་བོ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་རི་བོ་ཡི་གྲུབ་ཆ་དང་། རི་བོ་དང་གནམ་གཤིས་ཀྱི་འབྲེལ་བ། གནམ་གཤིས་ཀྱི་ངོས་འཛིན་སོགས་གནའ་དེང་གི་ཡིག་ཆ་ཁུངས་ཐུབ་དག་ལ་གཞི་བཅོལ། མཁས་པའི་བཞེད་ཚུལ་གྱིས་ཟུར་རྒྱན། རང་གི་ཤེས་རབ་ཀྱི་ཁ་སྣོན་བཅས་ཀྱིས་དཔྱད་གླེང་བྱས་ཡོད། འོན་ཀྱང་། སྤྱིར་བོད་ཀྱི་ཁོར་ཡུག་གི་སྐོར་དང་། ལྷག་པར་དུ”རི་བོ་དང་གནམ་གཤིས་གཉིས་ཀྱི་འབྲེལ་བ”ལྟ་བུའི་བརྗོད་གཞི་བྱེ་བྲག་པ་འདི་ལྟ་བུ་ལ། ཞིབ་འཇུག་གི་ལོ་རྒྱུས་རྒྱུན་རིང་པོ་ཞིག་མེད་པས་སྟོང་ཆ་བསྐོང་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། སྤྱིར་བོད་ཀྱི་ཁོར་ཡུག་སྐོར་གླེང་སྐབས་གནའ་རབས་ཀྱི་ལོ་རྒྱུས་ཡིག་ཆ་དག་ཏུ་[11] ས་གཞི་དང་། རི་བོ། ཆུ་ཆེན་སོགས་ཀྱི་སྐོར་ལ་ཞིབ་འཇུག་གནང་ཡོད་མོད། དེ་དག་ཕལ་མོ་ཆེ་ནི་མདོ་རྒྱུད་སོགས་ལ་ཁུངས་བཅོལ་ནས་ལྷ་སྒྲུང་ལྟ་བུའི་བཤད་པ་མང་པོ་ཞིག་དང་ལྷན་བསྲེ་བྱས་ཡོད། འོན་ཀྱང་དེ་དག་གཞི་འཛིན་ས་མེད་པའི་སྒྲུང་གཏམ་ཁོ་ན་ཞིག་མིན་མོད། དེང་གི་ཞིབ་འཇུག་རིག་པའི་འགྲོས་ལྟར་གསལ་ཁ་སྟོན་པ་དང་། རྒྱས་འགྲེལ་བྱས་པ་ཧ་ཅང་ཉུང་། དེང་རབས་ཀྱི་ཚན་རིག་པ་དང་། ས་ཁམས་རིག་པ་བ། ཁོར་ཡུག་ཞིབ་འཇུག་པ་སོགས་ཀྱིས་ཁོར་ཡུག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་གཏན་འབེབས་དང་། རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཁོར་ཡུག་ལ་དོ་སྣང་བྱས་པ་ནི་ ༡༩༩༢ ལོར་Brazil དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་སྐོར་གྱི་ཚོགས་ཆེན་བསྡུས་ཏེ། རྒྱལ་ཁབ་༡༧༠ ཡི་འཐུས་ཚབ་མཉམ་ཞུགས་བྱས་ཤིང་། ཡོངས་གྲགས་ཀྱི་བསྒྲགས་གཏམ་སྤེལ་བ་ནས་བརྩིས་ན་ལོ་སུམ་བཅུ་ལྷག་གི་ལོ་རྒྱུས་ལས་མེད། དེ་བས། དཔྱད་གཞིའི་ཡིག་ཆ་དང་། ཞིབ་འཇུག་གི་གནས་བབ་ཀྱི་ཐོག་ནས་རྩོམ་ཡིག་འདིར་རི་བོ་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་དང་། དེ་བཞིན་འབྲེལ་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་ལ་ཚད་ལྡན་ཞིབ་འཇུག་ཐུབ་མེད་པའང་གསལ་བོ་ཡིན་པས་བརྗོད་གཞི་འདིར་དོ་སྣང་ཡོད་པའི་རྩོམ་པ་པོ་དག་གིས་འདི་དག་གི་སྐོར་ལ་ཁ་གསབ་ཡོང་བའི་རེ་སྐུལ་ཡང་ཞུ་བཞིན་ཡོད། 

༢༠༢༢/༥/༢༦/ ཉིན་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ལ་ནས་འཇུག་རྫོགས་པར་བྲིས།

དཔྱད་གཞིའི་ཡིག་ཆ།

དཔེ་དེབ་ཀྱི་མིང་། ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་སྩལ་བའི་བླང་དོར་ལམ་སྟོན།
རྩོམ་པ་པོ། ༸གོང་ས་མཆོག སྒྱུར་མཁན། ལྷ་མགོན་སྐྱབས། ཕྱོགས་སྒྲིག་པ། བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ། པར་སྐྲུན། ཕྱི་དྲིལ་པར་བསྐྲུན་སྡེ་ཚན། པར་ལོ། ༡༩༩༦
དཔེ་དེབ་ཀྱི་མིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པད་མ་དཀར་པོའི་ཆུན་པོ། རྩོམ་པ་པོ། དཔལ་རིས་བསོད་ནམས་ཚེ་རིང་། པར་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༦ལོའི་ཟླ་དང་པོ།
དཔེ་དེབ་ཀྱི་མིང་། གནས་ཡིག་ཕྱོགས་བསྒྲིགས། རྩོམ་པ་པོ། དགེ་འདུན་ཆོས་འཕེལ་སོགས། པར་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༩༤ ལོ།
དེབ་ཀྱི་མིང་། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།  རྩོམ་པ་པོ། ཚན་རིག་པ་དང་ས་ཁམས་རིག་པ་བ་སྐོར་ཞིག  སྒྱུར་མཁན། འཇིག་མེད་བློ་གྲོས་དངབསྟན་འཛིན་བཟང་པོ། པར་ལོ། ༢༠༡༠། པར་འགྲེམས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན།

དཔེ་དེབ་ཀྱི་མིང་། ཆོས་འབྱུང་མཁས་པའི་དགའ་སྟོན། རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། པར་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༦

ལོ་རྒྱུས་འཆད་ཁྲིད་ཀྱི་བརྙན། འཆད་ཁྲིད་མཁན། ལོ་རྒྱུས་མཁས་པ་བྱམས་པ་བསམ་གཏན། ཁ་བྱང་། https://youtu.be/df6yG5ik_oU དང་། https://youtu.be/g7onSRfwNI

དཔེ་དེབ་ཀྱི་མིང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས། རྩོམ་པ་པོ། ཕྱི་དྲིལ་ལན་འདེབས་ཚོགས་ཆུང་།  པར་འགྲེམས། ཕྱི་དྲིལ་ལས་ཁུངས། པར་ལོ། ༢༠༡༨།

དཔེ་དེབ་ཀྱི་མིང་། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། རྩོམ་པ་པོ། སློབ་དཔོན་དབྱིག་གཉེན། པར་སྐྲུན་ཁང་། སེར་སྨད་དཔེ་མཛོད་ཁང་། པར་ལོ། ༢༠༡༥


[1] དེ་ཡང་འཛམ་གླིང་འདིའི་ཐོག་ཏུ་གྲང་ངར་ཆེ་ལ་འཁྱགས་རོམ་ཧ་ཅང་མང་པའི་ས་ཆ་ནི། འཛམ་གླིང་གི་ལྷོ་སྣེ་ཨན་ཊར་ཊི་ཁ་ South Pole Antarctic དང་། བྱང་སྣེ་ཨག་ཊིག North Pole Arctic གཉིས་ཡིན་ཞིང་། དེ་གཉིས་ཕུད་པའི་གྲང་ངར་ཆེ་ལ་འཁྱགས་རོམ་མང་བ། གངས་འཁྱགས་དང་དེ་ལས་བྱུང་བའི་གཙང་ཆུ་མང་ཤོས་གསུམ་པ་དེ་བོད་ཡིན་པས་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་པ་ཡིན

[2] དེབ་མིང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས།  པར་འགྲེམས། ཕྱི་དྲིལ་ལས་ཁུངས། པར་ལོ། ༢༠༡༨ ཤོག་ངོས། ༣ པར་གསལ།

[3] དེབ་མིང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོ་བཏོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལན་འདེབས། རྩོམ་པ་པོ། ཕྱི་དྲིལ་ལན་འདེབས་ཚོགས་ཆུང་།  པར་འགྲེམས། ཕྱི་དྲིལ་ལས་ཁུངས། པར་ལོ། ༢༠༡༨། ཤོག་ངོས། ༣ པར་གསལ།

[4] དེབ་མིང་། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།  རྩོམ་པ་པོ། ཚན་རིག་པ་དང་ས་ཁམས་རིག་པ་བ་སྐོར་ཞིག  སྒྱུར་མཁན། འཇིག་མེད་བློ་གྲོས་དངབསྟན་འཛིན་བཟང་པོ། པར་ལོ། ༢༠༡༠། པར་འགྲེམས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ཤོག་ངོས། ༡༢ ནས་༡༣བར།

[5] དཔེ་དེབ་ཀྱི་མིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པད་མ་དཀར་པོའི་ཆུན་པོ། རྩོམ་པ་པོ། དཔལ་རིས་བསོད་ནམས་ཚེ་རིང་། པར་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༦ལོའི་ཟླ་དང་པོ། ཤོག་གྲངས། ༡༩ བར་གསལ།

[6] ཆོས་འབྱུང་མཁས་པའི་དགའ་སྟོན། རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། པར་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༦ ཤོག་ངོས། ༨༡

[7] ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། རྩོམ་པ་པོ། སློབ་དཔོན་དབྱིག་གཉེན། པར་སྐྲུན་ཁང་། སེར་སྨད་དཔེ་མཛོད་ཁང་། པར་ལོ། ༢༠༡༥ ཤོག་ངོས།༩

[8] དེང་རབས་ཚན་རིག་པའི་བཤད་ཚུལ། ལོ་རྒྱུས་འཆད་ཁྲིད་ཀྱི་བརྙན། འཆད་ཁྲིད་མཁན། ལོ་རྒྱུས་མཁས་པ་བྱམས་པ་བསམ་གཏན། ཁ་བྱང་། https://youtu.be/df6yG5ik_oU དང་། https://youtu.be/g7onSRfwNI

[9] དཔེ་དེབ་ཀྱི་མིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པད་མ་དཀར་པོའི་ཆུན་པོ། རྩོམ་པ་པོ། དཔལ་རིས་བསོད་ནམས་ཚེ་རིང་། པར་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༦ལོའི་ཟླ་དང་པོ། ཤོག་གྲངས། ༢༩

[10] དཔེ་དེབ་མིང་། ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་སྩལ་བའི་བླང་དོར་ལམ་སྟོན། རྩོམ་པ་པོ། ༸གོང་ས་མཆོག སྒྱུར་མཁན། ལྷ་མགོན་སྐྱབས། ཕྱོགས་སྒྲིག་པ། བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ། པར་སྐྲུན། ཕྱི་དྲིལ་པར་བསྐྲུན་སྡེ་ཚན། པར་ལོ། ༡༩༩༦ ཤོག་ངོས། ༢༤

[11] བཀའ་ཆེམས་ཁ་ཁོལ་མ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས།