སེར་ཤུལ་རིན་ཆེན་དོན་གྲུབ།

 

ཆུ་ཡི་ངོ་བོ་དང་བྱེད་ལས།

ཆུ་ནི་རླན་གཤེར་དང་བཞུར་བའི་རང་བཞིན་ཡིན་ལ།  མཚམས་རེར་མཁྲེགས་གཟུགས་སམ་སྲ་གཟུགས་སུའང་འགྱུར་ཏེ་འཁྱགས་རོམ་སོགས་སུ་གནས་པ་དང་།  དབུགས་གཟུགས་སམ་རླང་གཟུགས་སུའང་འགྱུར་བ་ཡིན།  ཆུ་ནི་ཚེ་སྲོག་ཡོད་དོ་ཅོག་གི་རྟེན་གཞི་དང་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཐོན་ཁུངས་ཀྱང་ཡིན།

ནང་བའི་གཞུང་ལུགས་ལས་བཤད་ན་གཟུགས་ཅན་གྱི་དངོས་པོ་ཡོད་དོ་ཅོག་ཆུ་རྡུལ་ལས་མ་གྲུབ་པ་མེད་ལ། ཚན་རིག་པ་གྲགས་ཅན་ཨེ་རི་སི་ཌོ་ཌལ་ལྟ་བུས་ཀྱང་ཆུ་རྡུལ་ནི་བེམ་གཟུགས་ཀྱི་རྩ་བའི་རྫས་སུ་བཤད་ཡོད།  བོད་ཀྱི་རྒྱལ་རབས་དག་ནའང་རླུང་དང་ཆུ་ཡི་དཀྱིལ་འཁོར་སོགས་ཀྱིས་འཇིག་རྟེན་གྲུབ་པར་བཤད། ས་ཡི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆ་བདུན་ཅུ་ཆུས་ཁེངས་ཡོད། ཆུ་མེད་པར་སྲོག་ཆགས་གང་ཡང་འཚོ་མི་ཐུབ་ལ། འབྲས་བུས་ལྕི་བའི་ཤིང་སྡོང་དང་། མཛེས་པར་བཞད་པའི་མེ་ཏོག  དགོས་མཁོའི་སྲོག་རླུང་སྦྱིན་པའི་ལྗང་མདོག་གི་རྩི་ཤིང་། རོ་ཡི་བྲོ་བ་མངར་བའི་ཤིང་འབྲས་སོགས་ཡོད་ཚད་ཆུ་ཡིས་སྐྱེད་ཅིང་ཆུ་ཡིས་གསོ།  དེ་བས་ཆུ་ནི་མེད་ཐབས་མེད་ཀྱང་དགོས་མཁོ་ཆེ་བའི་གོ་ལའི་དངོས་པོ་གཅིག་པུ་དེ་ཡིན་ཞེས་བརྗོད་ཆོག

མ་གཞི་ཆུ་ཡིས་སའི་གོ་ལའི་བརྒྱ་ཆ་བདུན་ཅུ་ཟིན་ཡོད་པས་ཅི་འདོད་དུ་བེད་སྤྱད་ཅིང་།  ལྡེང་ངེས་སུ་མཆིས་སེམས་ན་དེ་ནི་ཆེས་ནོར་འཁྲུལ་ཞིག་ཡིན། ཚེ་སྲོག་སྤྱི་དང་ཁྱད་པར་དུ་མིའི་རིགས་ཀྱི་ཚེ་སྲོག་གསོ་བའི་ཆུ་ནི་དེ་དག་ལས་ཧ་ཅང་གི་ཉུང་ཉུང་ཞིག་ལས་མེད་སྟེ། སའི་གོ་ལས་ངོས་ཀྱི་ཆུའི་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ནི་ཚྭ་ཆུ་ཡིན་པས་འཐུང་ཆུར་མི་རུང་། དེ་བས་འཐུང་ཆུར་རུང་བ་ནི་བརྒྱ་ཆ་གཉིས་ཙམ་ཡིན། དེ་ལྟ་བུའི་དངས་གཙང་གི་ཆུ་དེ་ཡིས་ལུས་ཕུང་གསོ། ཚེ་སྲོག་སྐྱེད།  སྐོམ་པ་སེལ། ལྗོན་ཤིང་བསྐྲུན། ཚ་གདུང་སེལ། མཚར་སྡུག་ལྡན་པའི་ལྡུམ་ར་བཞད་པར་བྱས། དངུལ་ནག་དང་དྲི་མ་འཁྲུད་པར་བྱེད། མཚོ་གླང་དང་། ཉ་རིགས། ཆུ་སྲིན་སོགས་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན། ས་ཞིང་འདེབས་ལས་དང་བཟོ་ལས་ཚན་རྩལ་ཡང་ཆུ་ལ་བརྟེན་པས་མདོར་ན་འཐུང་ཆུར་རུང་ཞིང་དུག་ཆུར་མ་གྱུར་པའི་ཆུ་ནི་མེད་ན་དེས་ཕོངས་ཀྱི་ཅ་དངོས་རིན་ཐང་སྟོང་གིས་གཞལ་དུ་མེད་པ་ཞིག་གོ།

དེང་གི་འཛམ་གླིང་ལ་ཆུའི་དགོས་མཁོ།

གལ་ཏེ་འགྲོ་བ་མི་རྣམས་ཀྱིས་འདོད་རྔམ་གྱི་རྟ་ཁ་ཅུང་ཙམ་འཐེན་ནས་དགོས་མཁོ་དང་འཚམ་པ་ཞིག་གིས་ཆུ་ལ་ལོངས་སུ་སྤྱད་ཡོད་ཚེ་སའི་གོ་ལའི་སྙིང་ཁྲག་དྭངས་བསིལ་གྱི་ཆུ་བོ་དག་གིས་ང་ཚོར་ལྡེང་ངེས་ཀྱི་ཚད་གཞི་ལོན་ཡོད་ངེས།  འོན་ཀྱང་། འགྲོ་བ་མི་དག་ནི་དེ་ལས་ལྡོག་སྟེ། གནས་སྐབས་ཀྱི་དགོས་མཁོ་ཞིག་གི་དོན་དུ་མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་བསམ་བློ་ཅི་ཡང་མི་གཏོང་བར།  ཆུ་ཆེན་བཅད། ཆུ་ཆུང་དྲངས།  དུག་རླུང་བཏང་།  སྦགས་བཙོག་བཟོས།  བྱ་སྤྱོད་འདི་དག་གིས་གོ་ལར་ཚ་དྲོད་རྒྱས། ཆུ་བོ་དག་གི་འབྱུང་ཁུངས་འཁྱགས་རོམ་བཞུར། ཆུ་ཆུང་སྐམ། ཤུལ་དུ་ལྷག་པའི་ཆུ་བོ་དག་ནི་རྫས་ངན་སྦགས་བཙོག་གིས་ལྷད།  དེ་དང་དེ་དག་གིས་ད་གཟོད་རང་བྱུང་གི་ཞིམ་མངར་ལྡན་པའི་ཆུ་བོ་དག་དཀོན་ནས་དཀོན་དུ་སོང་སྟེ་ཆུ་གཙང་མ་ཉོ་དགོས་པའི་གནས་སྟངས་ལ་སླེབས་ཟིན།

ད་ལྟའི་སྐབས་ལ་མི་རྣམས་ཀྱིས་འཛམ་གླིང་གི་ཆུ་གཙང་མ་བརྒྱ་ཆ་ ༥༥ བེད་སྤྱད་ཟིན་ཟིན་ལ། མི་འབོར་ཡང་མུ་མཐུད་འཕར་བཞིན་ཡོད་པས་ཆུ་གཙང་མའི་ཐོན་ཁུངས་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་གསལ་དུ་གྱུར་ཡོད།  དེང་སང་འཛམ་གླིང་ནང་གི་གྲོང་གསེབ་ཀྱི་བརྒྱ་ཆ་ ༧༥ དང་གྲོང་ཁྱེར་གྱི་བརྒྱ་ཆ་ ༢༠ ཐམ་པ་ལ་ཆུ་གཙང་མ་ཐོབ་ཀྱི་མེད་ལ། ས་ཁུལ་མང་ཆེ་བའི་ཉེར་མཁོའི་ཆུ་དེ་དག་ཀྱང་དུག་ཤེད་ཅན་གྱི་རྫས་སྦྱོར་རིགས་ཀྱིས་བཙོག་པ་བཟོ་བཞིན་ཡོད་ཅིང༌།  ཆུ་བརྒྱུད་ནས་ཡོང་བའི་ན་ཚའི་རིགས་ཀྱིས་འགྲོ་བ་མིའི་སུམ་ཆ་གཅིག་གི་ལུས་ཀྱི་ནུས་སྟོབས་འཇོམས་ཀྱི་ཡོད་པ་དང༌། དེས་རྐྱེན་པས་ལོ་རེར་མི་ས་ཡ་བཅུ་ཙམ་འཆི་ལམ་དུ་འགྲོ་བཞིན་ཡོད་པའི་སྙན་ཐོ་ཐོན་ཡོད།[1]  དེའི་ཕྱིར་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་མཁན་གྱི་དཔྱོད་ལྡན་པ་མང་པོ་ཞིག་ལ་མ་འོངས་པར་འཛམ་གླིང་འདིར་ཆུས་མི་ལྡེང་བའི་དཀའ་ངལ་ཆེན་པོ་ཞིག་ལ་འཕྲད་སྲིད་པའི་སེམས་ཁྲལ་ལངས་བཞིན་ཡོད།  གྲགས་ཅན་ཚན་རིག་པ་དང་། རྒྱལ་ཁབ་སོ་སོའི་དཔོན་པོ།  དེ་བཞིན་ཤེས་ཡོན་པ་སོགས་མང་པོ་ཞིག་གིས་ “སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་སོགས་ཀྱི་སྐོར་ལ་ཚོགས་འདུ་རིམ་པར་ཚོགས་ཡོད་པ་སྟེ།  དཔེར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་(COP) ལྟ་བུ། ཚོགས་འདུའི་སྐབས་སུ་ཡང་ཆུ་དང་ཁོར་ཡུག་གི་གལ་ཆེའི་རང་བཞིན་དཔྱད་གླེང་དང་། དེ་དག་སྲུང་སྐྱོབ་ཀྱི་གྲོས་ཆོད་རིམ་པར་བཞག་དང་འཇོག་བཞིན་པ་དེ་དག་གིས་ཀྱང་ཆུ་སྲུང་སྐྱོབ་དགོས་པའི་དུས་ལ་བབ་ཡོད་པའི་བརྡ་ལན་ཞིག་འཛམ་གླིང་ལ་བསྒྲགས་པ་ཡིན། འགྲོ་བ་མི་ཞིག་ལ་མཚོན་ན་ཡང་ལུས་པོའི་བརྒྱ་ཆ་བདུན་ཅུ་ཆུ་ཡིན་ཞིང་། ཆུ་མེད་པར་ཉིན་གསུམ་ལས་འཚོ་མི་ཐུབ་པར་བཤད། དེང་སྐབས་མི་འབོར་འཕེལ་རྒྱས་ཆེ་རུ་ཕྱིན་པ་དང་བསྟུན་མི་རྣམས་ལ་ཞིང་ལས་དང་། བཟོ་གྲྭ། གློག་ཁང་སོགས་ཀྱི་ཆེད་དུ་ཆུ་ནི་དེ་ལས་ཀྱང་དགོས་མཁོ་ཆེ་རུ་ཕྱིན་ཡོད། གང་ལྟར་ཆུ་ནི་ཚེ་སྲོག་གི་ཉིང་ཁུ། འཚོ་བའི་རྟེན་གཞི།  རླབས་ཆེན་གྱི་སྐྱེད་མ་ཞིག་དང་མཚུངས་པས་ཆུ་མེད་པར་སྐྱེ་དངོས་གང་ཡང་གསོན་ཐབས་བྲལ།

 

[1] བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

བོད་ཀྱི་ཆུ་དང་འཛམ་གླིང་གི་འབྲེལ་བ།

དེ་ཡང་བོད་གངས་ཅན་གྱི་ཁོར་ཡུག་ནི། ཇི་སྐད་དུ། “གནམ་གྱི་ནི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ། རི་མཐོ། ས་གཙང་། ཡུལ་བཟང། མི་མཛངས་ཤིང་དཔའ་ཏུ་སྐྱེས།”[1] ཞེས་པ་ལྟར་ཆུ་བོ་གཙང་མ་ཀུན་གྱི་མགོ་དང་ཐོན་ཁོངས་ཆེ་ཤོས་སུ་གྱུར་ཡོད། དེ་ལྟ་བུའི་ཁོར་ཡུག་དེ་ངོ་སྤྲོད་མདོར་ཙམ་བྱེད་ན། བོད་གངས་ཅན་ལྗོངས་ཀྱི་སྤྱིའི་ས་ཁྱོན་ནི། སྤྱི་ལེ་ [km] གྲུ་བཞི་མ་ ༢༨༠༠༠༠༠[km2] ལྷག་ཡོད། དེང་སང་གི་འཛམ་གླིང་ས་ཁྲའི་དབང་དུ་བྱས་ན། རྒྱ་གར་འཕགས་པའི་ཡུལ་དང་། བལ་ཡུལ། འབྲུག་ཡུལ་སོགས་ཀྱི་བྱང་ཕྱོགས་དང་། པ་ཀི་སི་ཐན་དང་། ཨ་ཧྥི་གྷ་ནི་སི་ཐན་སོགས་ཀྱི་ཤར། ཤར་ཏུར་ཀི་སི་ཐན་ཏེ་ཤིན་ཅང་། ཧོར་སོག་གི་ལྷོ། རྒྱ་ནག་གི་ནུབ་ཏུ་གནས་ཡོད། བོད་ཀྱི་ས་ཁྱོན་ཕལ་མོ་ཆེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་བརྩིས་པའི་སྤྱི་ཁྲེ་ ༡༣༠༠༠ [m]སར་ཆགས་ཤིང་། འཛམ་གླིང་གི་རི་བོ་གྲགས་ཅན་གངས་དཀར་ཏེ་སེ་དང་། ཆུ་བོ་གྲགས་ཅན་རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ། སྟོད་ཕྱོགས་ཀྱི་བོང་ཆུ། བྱང་རིགས་སྡེ་བཞི་ནས་འབབ་པའི་ནག་ཆུ་དང་སོག་ཆུ་གཉིས་འདྲེས་པའི་རྒྱལ་མོ་རྔུལ་ཆུ། ནང་ཆེན་འབྲོང་བ་སྟོད་སྨད་དང་དགེ་རྒྱས་སྟོད་སྨད་བར་གསུམ་ནས་འབབ་པའི་རྫ་ཆུ་དང་། ངོམ་ཆུ་གཉིས་འདྲེས་པའི་གླ་ཆུའམ་ཟླ་ཆུ། གདང་ལ་རི་རྒྱུད་ནས་འབབ་ཅིང་རྒྱ་ནག་ནང་ཁུལ་གྱི་ཆུ་ཆེན་ཨང་དང་པོར་བརྩི་བའི་འབྲི་ཆུ་སོགས་རྒྱུག་ཆུ་ཧ་ཅང་མང་པོ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ལྔ་སྟོང་ལྷག་གི་ས་ཆར་འཁྱགས་རོམ་ ༤༧༠༠༠ ལྷག་གིས་ཁྱབ་ཅིང་། འཛམ་གླིང་ཐོག་གི་འཁྱགས་རོམ་མང་ཤོས་ཀྱི་གནས་སུ་གྱུར།[2]

གོང་དུ་སྨོས་པའི་ཆུ་ཆེན་དང་། འཁྱགས་རོམ་དེ་དག་གིས་རྒྱལ་ཁབ་བཅུ་གཉིས་ལྷག་གི་མི་གྲངས་དུང་ཕྱུར ༡་༣  ལྷག་གི་འཚོ་གནས་དང་། ཐོན་སྐྱེད་ལ་ཕན་ཐོགས་སྐྲུན་བཞིན་ཡོད།

འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་གི་འཁྱགས་རོམ་ཧ་ཅང་མང་པོ་དང་། སྤྱིར་བཏང་གི་གངས་སོགས་བཞུར་བ་ལས། མི་ས་ཡ་ ༢༡༠ ལ་འཐུང་ཆུ་དང་། གློག ཞིང་ཁར་ཆུ་འདྲེན་རྒྱུ་སོགས་ལ་ཐད་ཀར་ཕན་ཐོགས་ཡོད་པའི་ཨེ་ཤ་ཡའི་ཆུ་བོ་ཆེ་ཤོས་བཅུའི་ཆུ་མགོ་ཆགས་ཀྱི་ཡོད་པ་དང་། ལུང་ཤོང་གི་ཆུ་དེ་དག་གིས་མི་དུང་ཕྱུར་ ༡. ལས་མང་བར་ཤུགས་ནས་ཕན་ཐོགས་ཡོང་གི་ཡོད།[3] འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ལ་ཉེ་བ་ཞིག་བོད་མཐོ་སྒང་ནས་འབབ་བཞིན་པའི་ཆུའི་ཐོན་ཁུངས་ལ་བརྟེན་ཡོད། སྤྱི་ལོ་ ༢༠༠༣ ལོའི་སྙན་ཐོའི་ནང་ཚོད་རྩིས་བྱས་པ་ལྟར་ན། བོད་མཐོ་སྒང་ནས་འབབ་པའི་ཨེ་ཤ་ཡའི་ཆུ་ཆེན་ཁག་དང་དེ་དག་གི་བཞུར་བརྒྱུད་ས་ཁུལ་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་ལྔ་དང་བཞི་འབུམ་བདུན་ཁྲི་ ༥,༤༧༧ ,༧༠༠ བརྒལ་གྱི་ཡོད་པ་བཤད་ཡོད་པ་འདིས་གོ་ལ་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་ ༣ ཟིན་གྱི་ཡོད།

ད་དུང་ཅུང་ཙམ་རྒྱས་པར་བཤད་ན། གངས་རི་དང་འཁྱགས་རོམ་རྣམས་ཀྱིས་བོད་འདི་ཨེ་ཤ་ཡའི་ཆུའི་དགོས་མཁོ་སྐྲུན་མཁན་གྱི་གཙང་ཆེན་བཞིའི་འབྱུང་ཁུངས་ཡིན། དཔེར་ན་དབྱར་དུས་གངྒའི་ཆུའི་བརྒྱ་ཆ་ ༧༠ ཙམ་དང་། གཙང་ཆུ་གཞན་གྱི་ཆུའི་བརྒྱ་ཆ་ ༥༠ ནས་ ༦༠ ཙམ་ཞིག་རི་རྒྱུད་འདི་དག་ནས་འབབ་བཞིན་ཡོད། འབྲི་ཆུས་རྒྱ་ནག་གི་འཐུང་ཆུའི་ཐོན་ཁུངས་བརྒྱ་ཆ་ ༤༠ ཟིན་གྱི་ཡོད། ད་དུང་འབྲས་ཀྱི་ཐོན་ཁུངས་བརྒྱ་ཆ་ ༧༠ ལྷག་དང་། འབྲུ་རིགས་ཐོན་ཁུངས་ཀྱི་བརྒྱ་ཆ་ ༥༠། དེ་བཞིན་ཉ་ཚོང་ཐོན་ཁུངས་ཀྱི་བརྒྱ་ཆ་ ༧༠ ལྷག་དང་། རྒྱ་ནག་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་(GDP) གྱི་བརྒྱ་ཆ་ ༤༠ འབྲི་ཆུར་བརྟེན་གྱི་ཡོད། བོད་མཐོ་སྒང་གིས་པ་ཀི་སི་ཏཱན་ (Pakistan) གྱི་བྱེ་ཐང་དང་། རྒྱ་གར། ཝེད་ནམ་ (Vietnam) ལྷོ་ཕྱོགས་ཀྱི་འབྲས་ཞིང་བར་གྱི་ས་ཁུལ་ཁག་དང་། ཁམ་བྷོ་ཌི་ཡའི་ (Cambodia) ཏོན་ལེ་སེབ་(Tonlesap Lake) མཚོ་ཆེན་ནས་རྒྱ་ནག་བྱང་ཕྱོགས་ཀྱི་རྒྱ་ཁབ་བར་གྱི་ཨེ་ཤ་ཡའི་ས་ཁུལ་ཁག་ལ་ཆུའི་དགོས་མཁོ་བསྐྲུན་གྱི་ཡོད། ཡར་ཀླུང་གཙང་པོའམ་བྲཧ་མ་པུཏྲ་(Brahmaputra)ཞེས་པའི་གཙང་ཆུ་འདི་ཉིད་ཀྱི་ཆུ་བོའི་རྒྱུག་ལམ་ནི་བོད་ཀྱི་གངས་དཀར་ཏི་སེ་ནས་མགོ་བརྩམས་ཏེ་འབྲུག་ཡུལ་དུ་ཁྱོན་བརྒྱ་ཆ་ ༧ བྷང་ལ་དེ་ཤ་ (Bangladesh) ལ་ཁྱོན་བརྒྱ་ཆ་ ༨.༡། རྒྱ་གར་དུ་ཁྱོན་བརྒྱ་ཆ་ ༣༣ .༦། བོད་དུ་ཁྱོན་བརྒྱ་ཆ་ ༥༠.༥ བརྒྱུད་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་[km2]དྲུག་འབུམ་ལྔ་ཁྲི་ལྷག (༦༥༡ ,༣༣༥ )གི་ས་གནས་སུ་ཆ་སྙོམ་སྐར་ཆ་རེར་ཆུའི་འབབ་ཚད་མི་ཊར་[m]ཤོ་གཟུགས་མ་ ༢༠,༠༠༠ [m3] ཙམ་བཞུར་གྱིན་ཡོད། གཙང་ཆུ་འདི་དག་གི་བཞུར་བརྒྱུད་ས་ཁུལ་དུ་འཚོ་སྡོད་བྱེད་པའི་མི་འབོར་དེ་དག་ཙམ་མིན་པར་ས་ཁུལ་གཞན་དག་ཏུ་འཚོ་སྡོད་བྱེད་པའི་མི་འབོར་དུང་ཕྱུར་མང་པོ་བོད་མཐོ་སྒང་ནས་དྲངས་པའི་དབྱར་ཁའི་ཆར་སྤྲིན་ལ་བརྟེན་གྱི་ཡོད། འཛམ་གླིང་སྤྱིའི་རི་སྐྱེས་སྲོག་ཆགས་ཐེབས་རྩས་བརྗོད་པ་ལྟར་ན། བོད་མཐོ་སྒང་གི་རྩྭ་ཐང་ནི་འཛམ་གླིང་ཐོག་མི་མེད་ལུང་སྟོང་གི་སྐམ་ས་གཞི་རྒྱ་ཆེ་ཤོས་ཤིག་དང་། ཡུ་རོ་ཨེ་ཤ་ཡའི་ནང་གི་ལྷད་མེད་དྭངས་གཙང་གི་རི་རྒྱུད་རྩ་ཐང་རྒྱ་ཆེ་ཤོས་དེ་ཡིན།[4]

 

[1] དབྱིན་ཇི་དང་། ཧྤ་རན་སའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་ཡིག་རྙིང་ལས་བཏུས་པའི་༼བོད་བཙན་པོའི་རྒྱལ་རབས།༽ཤོག་ངོས་དང་པོ་ལས་དྲངས།  

[2] བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར། ཞེས་པའི་དཔེ་དེབ། ཤོག་ངོས་ ༣་ པ།

[3] WWF དྲ་ཐོག་ཏུ་བཀོད་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་ཉམས་ཞིབ་ཀྱི་དྲ་རྩོམ་ལས་དྲངས།

[4] འདི་དག་གི་གཞི་འཛིན་ས་ནི༼བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར།༽ ཞེས་པའི་དཔེ་དེབ་དང་། ༼རྒྱལ་སྤྱི་དང་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་དང་། ཚན་རིག་པ་སོགས་ཀྱིས་ཉམས་ཞིབ་སྙན་ཐོ་ ༡༥༠ ལྷག་ཕྱོགས་བསྡོམས་བྱས་པའི་དཔེ་དེབ། ༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།༽ ཞེས་པའི་དེབ་གཉིས་ལ་གཞི་བཅོལ་བ་ཡིན།

 

བོད་ཀྱི་ཆུའི་མ་འོངས་པ།

བོད་ཀྱི་ཆུ་ནི་མ་འོངས་པའི་འཛམ་གླིང་གི་འགྲོ་བ་མིས་མཚོན་པའི་སྲོག་ཆགས་བགྲང་དུ་མེད་པའི་ཚེ་སྲོག་དང་འབྲེལ་བ་ཡོད་པ་དང་། དེའི་ངོས་ནས་འཛམ་གླིང་མི་མང་ལ་བོད་ཀྱི་ཆུ་སྲུང་སྐྱོབ་ཀྱི་འགན་དབང་རང་ཤུགས་ཀྱིས་སླེབས་ཟིན། བོད་མི་རིགས་ཀྱི་ངོས་ནས་ཀྱང་བོད་ཀྱི་ཁོར་ཡུག་གཙིགས་འཛིན་ལ་འབད་པ་སྔར་ལས་ལྷག་པ་བྱེད་དགོས་པ་ནི་དུས་དང་ཆབ་སྲིད་གཉིས་ཀས་གཏུགས་པའི་ཐ་མའི་འབབ་སྟེགས་ལ་ཐོན་ཡོད། དེ་བས། གཤམ་དུ་བོད་ཀྱི་ཆུ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་དང་། དེ་ལྟར་བྱས་པའི་དགེ་ཕན་བཅས་ཀྱི་སྐོར་ལ་རང་གི་དྲན་འཆར་རྣམས་མདོར་བསྡུས་སུ་འགོད་པར་བྱ།

༡༽ བོད་ཀྱི་ཆུ་བོ་དང་འཁྱགས་རོམ་དག་ནི་གདོད་མ་ནས་བོད་རང་གི་ཡིན་པ་ལས་གཞན་སུ་ལའང་དབང་བ་མིན།   དེའི་ཕྱིར་རང་གི་ཁོར་ཡུག་ལ་གཏོར་གཤིག་མི་གཏོང་བར་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་པ་ནི་རང་ཉིད་ཀྱི་ཐོབ་ཐང་གི་ཆ་ཤས་ཤིག་ཡིན་པས་བོད་མི་རིགས་ལ་རང་གི་ཆུ་སྲུང་སྐྱོབ་ཀྱི་ཐོབ་ཐང་དང་འོས་བབ་གཉིས་ཀ་ཡོད།

༢༽ རྡུལ་ཕྲན་སྙིགས་རོ་ཡིས་ཆུ་ལ་སྦགས་བཙོག་བཟོ་བ་ནི་ཆུ་དུག་ཆུར་བསྒྱུར་ཅིང་།  དེས་སེམས་ཅན་གྱི་སྲོག་ལ་གཙེ་བའི་ཡ་ང་བའི་བརྒྱུད་རིམ་འཇིགས་ཡེར་བ་ཞིག་ཡིན། བརྒྱུད་རིམ་འདི་དེང་སྐབས་རྒྱ་ནག་གིས་ལག་ལེན་དུ་བསྟར་བཞིན་ཡོད། ང་ཚོས་ཅིས་ཀྱང་འདིའི་ཁེ་ཉེན་ཤེས་པར་བྱས་ནས་འདི་ལ་འགོག་རྒོལ་བྱེད་དགོས། ལས་གཞི་འདིས་མཐར་གཏུགས་ན་རྒྱ་ནག་རང་ཉིད་ཀྱང་མེད་བརླག་ཏུ་གཏོང་བཞིན་ཡོད་པ་ར་འཕྲོད་པར་བྱེད་དགོས།

༣༽ གོང་དུ་བཤད་པ་བཞིན་བོད་ཀྱི་ཆུ་ནི་མི་འབོར་དུང་ཕྱུར་བརྒལ་བ་དང་། སྐྱེ་དངོས་སྲོག་ལྡན་གྲངས་ལས་འདས་པའི་འཚོ་རྟེན་ཡིན་པས་འདི་ལ་སྦགས་བཙོག་དང་། ལྷད་སྐྱོན་གཏོང་བ་ནི་དེ་ལོངས་སུ་སྤྱོད་མཁན་གྱི་འགྲོ་བ་མི་དེ་དག་དང་། ཚེ་སྲོག་གྲངས་མེད་པ་དེ་དག་ལ་ཁྱད་གསོད་དང་བརྩི་སྲུང་དོར་བ་ཡིན། གནད་དོན་འདི་རྒྱལ་སྤྱིའི་ཐོག་གསལ་སྟོན་གྱིས་བོད་ཀྱི་ཆུ་སྲུང་སྐྱོབ་ཀྱི་རེ་ཞུ་འབུལ་དགོས། ཆེན་པོ་དག་གིས་ཀྱང་རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་ཚེ་སྲོག་ལ་འབྲེལ་བ་ཡོད་པའི་གནད་དོན་འདིར་སྣང་མེད་བྱེད་མི་སྲིད།

༤༽ བོད་ཆགས་འཇིག་དང་བོད་ཀྱི་ཆུ་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པ་དང་།  འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤ་ཡའི་ཆུ་མཛོད་ཆེན་མོར་འབོད་པའི་བོད་ཉམས་རྒུད་དུ་སོང་ཚེ་དེའི་ཁོར་ཡུག་ཀྱང་ལེགས་པར་གནས་མི་ཐུབ།  མུ་མཐུད་ད་ལྟའི་རྒྱ་ནག་གཞུང་འཛིན་པའི་བྱེད་བབ་ལྟར་སོང་ཚེ་ནམ་ཞིག་ན་བོད་དང་དེའི་ཁོར་ཡུག་གཉིས་ཀ་ལ་ཉམས་ཉེས་ཆེན་པོ་ཡོང་ངེས་ཤིང་དེ་ནི་འཛམ་གླིང་གི་གོད་ཆགས་ཆེན་པོ་ཞིག་ཡིན་པའི་གནས་ལུགས་སྔར་ལྷག་རྒྱལ་སྤྱིར་ཡོངས་བསྒྲགས་བྱེད་དགོས། དེ་ནི་ཆབ་སྲིད་ཀྱི་ངོས་དང་། གནས་ལུགས་ཀྱི་ངོས། བདེན་པ་ཡི་ངོས་བཅས་ནས་ཧ་ཅང་གི་རན་པའི་ལམ་ཕྱོགས་ཤིག་ཡིན།

༥༽ ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་མཁན་ཞིག་ཡིན་ན་མི་རབས་རྗེས་མ་དང་། མ་འོངས་པའི་ཚེ་སྲོག་ཁྲི་མ་འབུམ་གྱི་ཆེད་དུ་སྤྱིར་ཁོར་ཡུག་དང་། ཁྱད་པར་དུ་ཆུ་བོ་དང་འཁྱགས་རོམ། དེ་ལས་ཀྱང་བོད་ཀྱི་ཆུ་བོ་དང་འཁྱགས་རོམ་སྲུང་སྐྱོབ་ཆེད་ཚད་རན་པའི་ལོངས་སྤྱོད་ལ་གཞོལ་དགོས་པ་ན་ཅིས་ཀྱང་གལ་ཆེ། འདི་ལ་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གིས་ཧ་ཅང་གི་ལམ་སྟོན་རླབས་ཆེན་ཞིག་གནང་ཡོད་པ་སྟེ“རང་བྱུང་ཁམས་ཀྱི་སྲུང་སྐྱོབ་བདག་གཉེར་དགོས་ན་ང་ཚོ་ལ་ཞི་བདེ་བག་ཕེབས་ཀྱི་ལྟ་བ་ཞིག་ངེས་པར་དུ་དགོས། ཕྱིའི་ཁོར་ཡུག་གི་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱེད་པ་འདིས་འགྲོ་བ་མིའི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོ་གིན་ཡོད། དེ་ནི་འགྲོ་བ་མིས་རང་བྱུང་སྣོད་བཅུད་ལ་བརྩི་མཐོང་མི་བྱེད་པའི་སྐྱོན་དང་། ཁོར་ཡུག་གལ་ཆེ་སྐོར་གྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཁོང་ཚོར་རང་བྱུང་གི་བཀོད་པ་དེ་ང་ཚོའི་འཕྲལ་ཕུགས་ཀྱི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཤེས་སུ་འཇུག་དགོས།”[1] ཞེས་ཡང་དག་པའི་གདམས་པ་གསེར་ནག་འདྲ་འདི་ཚོར་ངེས་པར་དུ་དོ་སྣང་གནང་འོས།

 

[1] ཁོར་ཡུག་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཞེས་པའི་ཤོས་ངོས་ ༢༣ ལས་དྲངས། 

མཇུག་བསྡུ་བ།

མདོར་བསྡུས་ན། དེང་རབས་ཅན་གྱིས་བསྙད་པའི་སྤྱི་ཚོགས་འདིར་ཁོར་ཡུག་གི་དཀའ་ངལ་ནི་དཀའ་ངལ་གསར་བ་ཞིག་ཡིན་པ་དང་། དཀའ་ངལ་འདིས་མ་འོངས་པའི་མི་རབས་ཚོ་དང་ཚེ་སྲོག་དུང་ཕྱུར་མང་པོའི་བདེ་ཐབས་དང་འབྲེལ་བ་ཡོད་པས་ད་ལྟ་ནས་ཅིས་ཀྱང་དོ་སྣང་དང་འགན་ཁུར་ལེན་དགོས། མཐོ་སྒང་གི་བོད་ཀྱི་ཆུ་བོ་དང་འཁྱགས་རོམ་དག་ཀྱང་འཛམ་གླིང་ཁོར་ཡུག་གི་ཆ་ཤས་ཆེས་གལ་ཆེན་ཞིག་ཡིན་པས་འཛམ་གླིང་མི་མང་དང་། རྒྱ་ནག  རྒྱ་གར། པ་ཀི་སི་ཐན། ཝེ་ཏི་ནམ་སོགས་བོད་ཀྱི་ཆུ་བོ་ལོངས་སུ་སྤྱོད་མཁན་སུས་ཀྱང་དོ་ཁུར་དང་སྲུང་སྐྱོབ་ལ་རོགས་འདེགས་བྱེད་པའི་རེ་སྐུལ་ཞུ་བཞིན་ཡོད་ལ། རྩོམ་ཡིག་འདིའི་དམིགས་ཡུལ་ཡང་བོད་ཀྱི་ཆུ་དང་འཁྱགས་རོམ་གྱི་གལ་ཆེའི་རང་བཞིན་གྱི་ཤེས་བྱ་གོང་འཕེལ་དུ་གཏོང་རྒྱུ་དང་། བོད་ཀྱི་ཆུ་བོ་སྲུང་སྐྱོབ་ཀྱི་ཕྱོགས་ལ་བསམ་བློའི་ནུས་པ་ཅུང་ཙམ་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན།  མཇུག་ཏུ་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་གསུང་ཞིག་གིས་རྩོམ་ཡིག་འདིའི་མཇུག་གི་ཤིས་པ་བརྗོད་པར་བྱ་སྟེ། “འཛམ་གླིང་གི་སྣོད་བཅུད་ལ་གཅེས་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་མིའི་ཀུན་སྤྱོད་ཀྱི་གནད་དོན་ཙམ་མ་ཡིན་པར། དེ་ནི་ང་རང་ཚོའི་འཚོ་གནས་ལ་རག་ལས་པའི་གནད་དོན་ཆེན་པོ་ཞིག་ཡིན་པས། ད་ལྟའི་མི་ཐོག་འདི་ཙམ་དུ་མ་ཟད། རྗེས་ཀྱི་མི་རབས་མི་ཐོག་རྣམས་ལའང་འཇིག་ཉེན་ཡོད་པའི་རྐྱེན་ངན་འདི་ཚོར་ཁ་གཏད་གདོང་ལེན་ཇི་ལྟར་བྱེད་པའི་ཐད་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་ཡིན།”[1]

[1] ཁོར་ཡུག་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཞེས་པའི་ཤོས་ངོས་ ༦༣ ལས་དྲངས། 

དཔྱད་གཞིའི་ཡིག་རིགས།
  1. སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་ཌཱུར་སྔོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  2. ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོ་ཞལ་ལུང་།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
  3. གོ་འཇོ་དབང་འདུས་ཀྱིས་མཛད་པའི་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། མི་རིགས་དཔེ་སྐྲུན་ཁང་།
  4. བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་།
  5. གཡུ་ཐོག་པས་མཛད་པའི་གསོ་རིག་རྒྱུད་བཞི། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  6. སོག་པོ་ལུང་རིག་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། མི་རིག་དཔེ་སྐྲུན་ཁང་།
  7. སྐྱེམ་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
  8. བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད། བཛྲ་ཚུལ་ཁྲིམས་རྒྱ་མཚོས་མཛད།
  9. ཀུན་བཟང་རང་གྲོལ་ལགས་ཀྱི་བརྩམས་པའི་གསོ་རིག་དང་འབྲེལ་བའི་ཆུ་ཡི་རིགས་དག་གི་ཕན་ནུས་ལ་ཕྱོགས་ཙམ་དཔྱད་པའི་གཏམ།
  10. བཀོལ་བདེའི་ཟས་སྨན་ལག་ལེན་གསལ་བའི་མེ་ལོང་།
  11. གསང་སྙིང་།
  12. དག་པ་གསེར་གྱི་མདོ།

[ ] རྟགས་འདིའི་ནང་གི་མཆན་རྣམས་རྩོམ་སྒྲིག་པས་བཀོད་པ་ཡིན།