དྲེད་མོང་གིས་འགྱིག་ཤོག་ཟ་བ།

བོད་ཀྱི་དྲེད་མོང་གིས་འགྱིག་ཤོག་ཁུག་མ་ཟས་སུ་ཟ་བཞིན་པ།

བོད་ཀྱི་དྲེད་མོང་གིས་འགྱིག་ཤོག་ཁུག་མ་ཟས་སུ་ཟ་བཞིན་པ།

བོད་མཐོ་སྒང་གི་གྲོང་རྡལ་དང་ཡུལ་ཚོ་ཁག་གི་གད་སྙིགས་ལ་དོ་དམ་ཡག་པོ་མ་བྱུང་བས་རྐྱེན་གྱིས་དྲེད་མོང་དང་དོམ་ཀྱིས་ཟས་སུ་འགྱིག་ཤོག་ཟ་བཞིན་པའི་གནས་ཚུལ་ཐོན་འདུག

དྲ་མིང་ལ་巧克力 ཟེར་བའི་ལྗོངས་རྒྱུ་བ་ཁོ་མོས་༢༠༢༠ ཟླ་༨ཚེས་༤ལ་སྤེལ་པའི་བརྙན་ཐོ་ཞིག་གི་ནང་དུ། མོ་རང་གྲོགས་པོ་བཞི་དང་མཉམ་དུ་གདང་ལའི་(ལྡང་ལ་ 唐古拉山) དམག་སྒར་འགྲམ་དུ་མཚན་མོར་ཞག་སྡོད་བྱས་ཏེ། མཚན་དེར་དྲེད་མོང་ལ་བལྟ་རུ་སོང་སྐབས། དེ་ན་ཡོད་པའི་སྤྱི་བའི་གད་སྙིགས་སྤུངས་སར་དྲེང་མོད་ཁྱུ་ཞིག་ཡོང་སྟེ། གད་སྙིགས་ཟས་བ་དངོས་སུ་མཐོང་འདུག

དེ་མ་ཟད་དྲེད་མོང་དེ་རྣམས་ཀྱིས་གད་སྙིགས་གི་ནང་ནས་འགྱིག་ཤོག་ཟས་ཏེ་མིད་པ་བརྙན་བླངས་འདུག གནས་ཚུལ་འདིས་བོད་མཐོ་སྒང་གི་གད་སྙིགས་ལ། ས་གནས་ཁག་གི་མགོ་ཁྲིད་རྣམས་ཀྱིས་ལས་འགན་ཡག་པོ་ཁུར་གྱིན་མེད་པའི་རྟགས་བསྟན་ཡོད། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་དེ་བས་ཀྱང་དོ་སྣང་ཙམ་ཡང་མེད་པ་མཚོན་ཐུབ།

རྫོང་དཔོན་དང་། ཡུལ་དཔོན། གྲོང་དཔོན། སྡེ་དཔོན་སུ་འདྲ་ཞིག་ཡིན་ན་ཡང་། དབང་ཆ་ག་ཚོད་མེད་ཀྱང་། གད་སྙིགས་དོ་དམ་བྱེད་པའི་དབང་ཆ་ཡོད་ངེས་རེད།

རྫོང་དང་། ཡུལ་ཚོ། གྲོང་རྡལ་སོགས་ལ་ལོ་རེར་བཞིན་ཁོར་ཡུག་དང་གད་སྙིགས་ལ་ཆེད་དུ་དམིགས་པའི་འགྲོ་སོང་གཞུང་གི་ནོར་སྲིད་ལས་ཁུངས་ནས་རྩིས་མགོ་གཏོང་གིན་ཡོད་པ་ང་ཚོས་ཤེས་གསལ་རེད།

སྐྱེ་ཁམས་དང་། ཁོར་ཡུག རི་སྐྱེས་སྲོག་ཆགས་སོགས་ལ་བདག་སྐྱོང་བྱེད་ཆེད། ས་གནས་དཔོན་པོ་དང་མི་དམངས་ཀྱིས་གནད་དོན་འདིའི་ཕྱོགས་ལ་ལས་འགུལ་དང་བྱ་གཞག་སྤེལ་བར་འབོད་སྐུལ་ཞུ།

བརྙན་ཆ་ཚང་ལ་ལྟ་འདོད་ན་གཤམ་གྱི་ཡུ་ཏུ་བྷི་དྲ་སྣེ་འདི་ལ་ལྟ་རོགས།

འཕྱི་བ་དཀར་པོ། Tibetan White Marmot

འཕྱི་བ་དཀར་པོ།

སྤྱིར་ཡིན་ན་འཕྱི་བ་ནི་ས་ཕྱོགས་མང་པོ་ན་ཡོད་པའི་འོ་འཐུང་སྲོག་ཆགས་ཤིག་ཡིན་ཞིང་སྤུ་མདོག་རག་སེར་ཡིན། འོན་ཀྱང་། འཕྱི་བ་དཀར་པོ་མཐོང་བ་ཤིན་ཏུ་དཀོན། ཡིན་ན་ཡང་། ༢༠༢༠ལོའི་སྤྱི་ཟླ་༧པའི་ཚེས་༡༢ལ་བོད་ཀྱི་རྩེ་ཁོག་དང་མང་རའི་བར་མཚམས་ཀྱི་ས་ཆ་ཞིག་ནས་འཕྱི་བ་དཀར་པོ་གཉིས་འཕྱི་ཁུང་ནང་ནས་ཕྱིར་ཐོན་ཏེ་རྩེད་མོ་རྩེ་བཞིན་པ་བརྙན་པར་བརྒྱབ་འདུག བོད་མཐོ་སྒང་གི་སའི་མཐོ་ཚད་སྨི་༣༠༠༠-༥༥༠༠བར་ན་གནས་པའི་སྲོགས་ཆགས་ཤིག་ཡིན།

 

རྩེ་ཉག Takin 羚牛

རྩེ་ཉག

དེ་རིང་དྲ་ལམ་དུ་བོད་ཀྱི་རི་དྭགས་རྩེ་ཉག་གི་བརྙན་ཞིག་བརྒྱུད་སྐུལ་བྱེད་ཀྱིན་འདུག བརྙན་ལེན་མཁན་སུ་ཡིན་མ་གསལ་ཀྱང་ས་ཁུལ་ནི་བོད་རྔ་བ་ཁུལ་བྱམས་མེ་ས་ཆ་རེད་ཟེར། རྩེ་ཉག་རྒྱུན་དུ་ཤིང་ནགས་ཡོད་པར་གནས་རྒྱུར་དགའ་ཞིང་ཐང་ཆེན་པོ་འདི་འདྲར་ཡོང་བ་དཀོན་པོ་ཡིན། 

རྩེ་ཉག་ལ་རིགས་བཞི་ཡོད་ཀྱང་། ཁ་མདོག་ཙམ་མ་གཏོགས་ལུས་ཀྱི་དབྱིབས་ཕལ་ཆེར་གཅིག་པ་ཡིན།

རྩེ་ཉག་ཞེས་པ་འདི་ནི་རྩེ་ཉག་རིགས་ཀྱི་སྤྱི་མིང་ཞིག་ཡིན། མིང་གི་རྣམ་གྲངས་ལ། རྩེ་ཉག རྩི་མྱག རྩིབ་ཉག སྐྱིན། སྐྱེན་གཡག སྐྱེམ་གཡག དྷ་ཀྱིན། ར་མ་གླང་།སྨྱུག་གླང་ཞེས་འབོད། ཡང་ལ་ལས་སྨྱུག་གླང་ཟེར། རྒྱ་ནག་སྐད་དུ་”羚牛” ཟེར།

 

རྩེ་ཉག

གོང་གི་རྩེ་ཉག་འདི་མདོ་སྨད་ཀླུ་ཆུའི་ས་ཆ་ནས་༢༠༢༡ལོར་ཟླ་༦པར་བརྙན་བླངས་འདུག

བོད་མཐོ་སྒང་གི་ཨ་བྲ།

བོད་མཐོ་སྒང་གི་ཨ་བྲ།

ཨ་རིའི་བོད་པ་བསྟན་འཛིན།                

ང་ལོ་ཆུང་དུས་ངས་ཨབ་བྲ་ (ཨབ་ར) བཟུང་ནས་རྩེད་སྤྱད་བྱེད་མྱོང་། བོད་མཐོ་སྒང་གི་ཨ་བྲའི་ཆེ་ཆུང་ནི་ནེའུ་ཡོག་གྲོང་ཁྱེར་གྱི་ཧབ་རྡ་དང་འདྲ། ཝ་ཙིག་ལས་ཅུང་ཆུང་། སྤུ་མདོག་ནེའུ་ཡོག་གི་ཤིང་རྟ་མོ་བཞིན་སྐྱ་སྐྱ་ཡིན་ཞིང་། ཤེད་མོ་ཡོད་དུས་གྲ་ཁ་དམར་པོ་ཡིན། བོད་ཡུལ་གྱི་ཨ་བྲ་ལ་རྔ་མ་མེད། དེས་ཕྱིར། ང་ཚོ་བྱིས་པ་ཚོས་ “ཨབ་ར་མ། སྐྱ་ར་མ། མྱོང་[མིང་]བོ་ཡོང་གི་རྔ་བཙོ་མ།” ཟེར་སྲོལ་ཡོད། 

 

 

བོད་ཀྱི་ཨ་བྲ་ངོ་སྤྲོད།

ང་ཚོའི་འབྲོག་ཕྲུག་བྱིས་པ་ཚོར་ཨ་བྲ་འཛིན་པའི་ཐབས་མང་པོ་ཡོད། 

            1 ས་སྙི་སར་ཨབ་ཁུང་ཡོད་ན་ལག་པས་སློག་ནས་འཛིན་ཐུབ། འཛིན་དུས་རང་གི་སྟོད་གོས་དང་ཞྭ་མོ་སོགས་ཀྱིས་མ་ལྕིབས་ན་ཨབ་རས་སོ་འདེབས། 

            2  ཨབ་ཁུང་ནང་ལ་ཆུ་བླུགས་ན་ཨ་བྲ་སྒོ་ལ་ཐོན་ཡོང་པས་འཛིན་ཐུབ། 

            3 ལྟག་ཁུང་ནང་དུ་ཁ་ཡིས་ཕུ་བརྒྱབས་ན་མདུན་ཁུང་ནང་དུ་ཕུ་ཐུང་ཟེད་པའམ་རྙི་བཙུགས་ན་འཛིན་ཐུབ། བྱིས་པ་ཚོས་ཨ་བྲ་བཟུང་ནས་སྐེ་ལ་སྐུད་པ་སྐོན་ནས་ཟོག་འདོགས་པ་བཞིན་བཏགས་ནས་རྩེད་མོ་བརྩེ་བ་ཡིན། ཨ་བྲ་ནི་གྲོད་བུ་མེད་པའི་སྲོག་ཆགས་རེད།

ཨ་བྲ་དང་བོད་པ་ནི་བོད་མཐོ་སྒང་ནས་རྒྱུན་རིང་ལ་མཉམ་གནས་བྱས་ཡོད་པར་བཤད། དེ་ཡང་བོད་པ་རྣམས་སྔོན་མ་སྤྲེའུ་ཡིན། མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་བྱུང་པས། སྤྲེའུ་ཚོའི་སྤུ་ཤུད་དེ་རྔ་མ་མེད་པར་གྱུར། གཟུགས་འགྱུར་ནས་རྔོན་རྒྱག་པ་སོགས་བྱས་ནས་རིམ་བཞིན་ད་ལྟའི་བོད་པ་རྣམས་བྱུང་ཟེར། 

ཨ་བྲ་རྣམས་ཀྱང་སྔོན་མ་བོད་མཐོ་སྒང་གི་རྔ་མ་རིང་བའི་ས་ཁར་གནས་པའི་སྲོག་ཆགས་ཤིག་ཡིན་ཡིན་མོད། གནམ་གཤིས་ལ་འགྱུར་ལྡོག་དང་ཁོ་ཚོའི་ཚེ་སྲོག་ལ་རྒོལ་བའི་དགྲ་ཇེ་མང་དུ་སོང་ནས་ཁུང་བུར་གནས་བཅོས། ཟ་མ་ལ་དཀའ་ངལ་བྱུང་སྟེ་ཕན་ཚུན་གྱི་རྔ་མ་ཟས་ནས། གཟུགས་འགྱུར་ཏེ་ད་ལྟའི་ཨ་བྲ་འདི་བྱུང་ཟེར།  དུས་རབས་བཅུ་གཅིག་པའི་དུས་མགོར་གླིང་རྗེ་གེ་སར་རྒྱལ་པོ་ཆུང་དུས་ཇོ་རུ་ཡིན་དུས། རྨ་སྨད་གཡུ་ལུང་སུམ་མདོ་ནས་ཨ་བྲ་བསད་དེ་མདའ་རྩལ་སྦྱང་བ་དང་། ཨབ་ཤ་ཟས་ཏེ་ལུས་སྟོབས་རྒྱས་ནས་ཕྱོགས་བཞིའི་དགྲ་བཞི་འདུལ་ཏེ་སེམས་ཅན་བདེ་ལ་བཀོད་པར་མཛད།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རྒྱ་དམག་གིས་མདོ་སྨད་ནས་བོད་ལ་བཙན་འཛུལ་བྱེད་སྐབས་ནག་ཚང་ཞི་ལི་ཕ་བུ་རྣམས་ལྷ་སར་བཙན་བྱོལ་ལ་འགྲོ་སྐབས་བྱང་ཐང་ནས་རྒྱ་དམག་དང་ཐུག ཁོའི་ཕ་བསད་དེ་ཁོ་དང་ཁོ་ལས་ལོ་གཉིས་ལས་ཆེ་བའི་སྤུན་བཅས་རྒན་གོག་དང་བྱིས་པ་བདུན་བརྒྱ་ལྷག་སྦྲ་ནག་ཆེན་པོ་ཞིག་གི་ནང་བཀག་ཉར་བྱས་ནས་བཞག་སྐབས་མང་ཆེ་བ་ལྟོགས་ཤི་ཐེབས་མོད། ནག་ཚང་ཞི་ལི་དང་ཁོའི་སྤུན་གཉིས་ཀྱིས་མཚན་མོ་ཟླ་ངོགས་ནས་ཨབ་ར་བསད་དེ་ཤ་ཟས་པས་ལྟོགས་ཤི་ལས་ཐར་བར་མ་ཟད། ཁོང་གཉིས་ཀྱིས་ལྐོག་ནས་རྒན་གོག་མང་པོ་ལ་ཨབ་ཤ་སྤྲད་པའི་གནས་ཚུལ་འདུག 

རིག་གནས་གསར་བརྗེ་སྐབས་ནས་བཟུང་མའོ་ཙེ་ཏུང་གིས་ཚར་གཅོད་བྱེད་དགོས་པ་བཞི་ཡོད་པའི་ནང་གི་གཅིག་ཨ་བྲ་རེད། དེའི་ཕྱིར། དུས་དེ་ནས་བཟུང་བོད་མཐོ་སྒང་གི་ཨ་བྲ་གསོད་པའི་ལས་འགུལ་སྤེལ། ལོ་རེ་བཞིན་རྒྱ་ནག་སྲིད་གཞུང་གིས་འབྲོག་པ་ཚོར་བཀའ་ཕབ་སྟེ་ཨ་བྲ་ཚོར་དུག་སྤྲད་ནས་གསོད་དགོས་པ་དང་། མ་བསད་ན་སྒོར་མོས་ཆད་པ་གཅོད་པ་མ་ཟད། བཙོན་འཇུག་ཀྱང་བྱེད།  ཨ་བྲ་མང་པོ་དུག་གིས་བསད་པའི་ཨབ་རོ་རི་སྐྱེས་སྲོག་ཆགས་མང་པོས་ཟས་པས་སྲོག་ཆགས་མང་པོ་རྩ་མེད་ལ་སོང་བ་དང། ཡང་ན་ཇེ་ཉུང་ལ་སོང་ཡོད།  ཡིན་ཡང་བོད་མཐོ་སྒང་གི་ཨ་བྲ་རྩ་མེད་ལ་གཏོང་ཐུབ་མེད་ལ། རྒྱ་ནག་གི་ཨབ་གསོད་ལས་འགུལ་ལ་འགྱུར་བ་ཡང་བཏང་མེད། དེའི་ཕྱིར་། དམར་གཞུང་དང་ཨ་བྲའི་དམར་འཁྲུག་ད་དུང་མཇུག་རྫོགས་མེད། 

ཨབ་ར་གསོད་མཁན་གྱི་སྲོག་ཆགས་གཞན་ཁག་གཅིག་ནི། གླག་དང་། ནེ་གླག་ཨབ་སྒུག ཁྲ་གླག ཁྲ།  ཁྲ་དཀར་ཞོགས་སྣེ་སྔོན་པོ་ཅན། ཁྲ་ཆུང་(ཁུ་བྱུག་) འུག་རྒན། འུག་ཆུང་། དྲེད་མོང་། སྤྱང་ཀི།  ཝ། སྦྲེ། རྩ་གཡི། རིའི་བྱི་ལ། ཁྱིམ་གྱི་བྱི་ལ། ཁྱི། ཏེའུ་ལོ། སྲེ་མོང་། གྲུམ་པ། བྲག་བྲ། སྦྲུལ། གསའ་སོགས་ཡིན་པར་མ་ཟད། ཨ་བྲས་ཀྱང་ཨ་བྲ་གསོད་པར་བྱེད།

གཏམ་དཔེ་ལ།  དབྱར་གསུམ་ཨ་བྲའི་ཁ་གསོག། དགུན་གསུམ་མཛོ་མོའི་ཁ་ཟས།།” ཟེར་སྲོལ་བཞིན། མཚམས་མཚམས་སུ་ཨ་བྲས་རྩྭ་སྤུངས་ནས་གསོག་འཇོག་བྱེད་པ་དང་།  མཐོ་སྒང་བོད་པས་འདོད་སྲོལ་ལ། ཨ་བྲས་རྩ་གསོག་ན། ལོ་དེའི་དགུན་ཁ་དང་དཔྱིད་ཀ་རྩྭ་ཆད་འབྱུང་བའམ་ཁ་བ་ཆེན་པོ་བབས་ནས་རྩ་ཆད་འབྱུང་རྒྱུའི་སྔ་ལྟས་ཡིན་ཟེར། འདི་ལྟར། ཨ་བྲ་ནི་མཁྱེན་པ་དང་སྔོན་དཔག་ཡག་པོ་ཡོད་པར་བཤད།

ཨ་བྲ་གཙང་མར་གནས་རྒྱུ་དགའ་ཞིང་། ཨ་བྲ་རྩྭ་སྟུག་ས་ནས་མི་སྡོད་པར་རྩྭ་སྲབ་ས་ལ་གནས་བ་ཡིན། ཨ་བྲས་ཕན་ཚུན་བྱུགས་པ་བྱས་ཏེ་གཙང་མ་བྱེད།   ཨ་བྲས་ཨབ་ཁུང་ལས་ཁུང་བུ་ཕུགས་ཐུང་གཞན་ཞིག་བརྐོས་ནས་ནང་ལ་གཅིན་སྐྱག་གཏོང་། དེ་ནི་ཁོ་ཚོའི་སྤྱོད་ཁང་རེད། ཁ་བ་བབས་ཚེ་བྱེའུ་ཞིག་གིས་ཨབ་ཁུང་གི་སྒོ་ཕྱགས་ནས་གཙང་མ་བྱེད། བྱེའུ་དེའི་མིང་ལ་ཨབ་རའི་སྒོ་ཕྱགས་ཟེར། ས་ཆ་ལ་ལ་ནས་བྱེའུ་དེའི་མིང་ལ་ཨབ་རྟ་ཟེར། མཚམས་རེར། ཨ་བྲ་བྱེའུ་དེའི་གཉའ་ལ་ཞོན་ཏེ་འཕུར་ནས་འགྲོ་གིན་ཡོད་པ་མཐོང་མྱོང་མཁན་འདུག ལན་རེར། ཁྲ་སོགས་ཀྱི་འཇིགས་པ་ལས་སྐྱོབ་ཆེད་བྱེའུ་དེའི་བྱེའུ་ཕྲུག་ཨབ་ཁུང་ནང་ལ་བཞག་ནས་ཨ་བྲ་ལ་སྐྱབས་བཅོལ་བ་ཡིན། ཨ་བྲ་དང་བྱེའུ་དེ་གཉིས་ཀྱི་མཐུན་ལམ་ཧ་ཅང་བཟང་།

ཨ་བྲ་མང་སོང་ནས་རྩྭ་ས་ལ་གནོད་པ་ཐེབས་དུས་སྡེ་བརྒྱད་ལ་རྔན་པ་བཀྱགས་ན་སྡེ་བརྒྱད་ཀྱིས་དྲག་ཆར་ཕབ་ནས་ཨབ་ཁུང་ནང་ལ་ཆར་ཆུ་བླུགས་སྟེ་གཙང་ཕྱགས་བྱས་ནས་ཨ་བྲ་ཇེ་ཉུང་ལ་འགྲོ།  ཚ་གསུར་ཕུལ་ན་ཡང་ཨ་བྲ་ཇེ་ཉུང་ལ་འགྲོའོ།། །།

སྲོགས་ཆགས་ཀྱི་རིགས་དབྱེ་རིག་པ།

སྲོགས་ཆགས་ཀྱི་རིགས་དབྱེ་རིག་པ།

ཚུལ་ཁྲིམས་རྒྱ་མཚོ།

ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་ན་སྲོག་ཆགས་རིག་པ་དང་སྐྱེ་དངོས་རིག་པའི་སྤྱིའི་འགྲོ་སྟངས་ཤེས་དགོས་པ་མ་ཟད་སྲོག་ཆགས་ཀྱི་རིགས་དབྱེ་རིག་པའི་འགྲོ་སྟངས་ཤེས་རྒྱུ་ནི་མེད་དུ་མི་རུང་བ་ཡིན་ལ་དེ་ནི་རྨང་གཞིའི་ཤེས་བྱ་ཡིན། ­­

 

 

སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་བྱེད་སྟངས།

བོད་ཀྱི་སྲོག་ཆགས་ཀྱི་རིགས་དབྱེ་སྟངས་དང་། དེང་དུས་ཀྱི་སྐྱེས་དངོས་རིག་པ་དང་སྲོག་ཆགས་རིག་པ་ (zoology) སོགས་ཀྱི་རིགས་དང་སྡེ་ཚན་དགར་ཚུལ་མི་མཐུན། བོད་རང་གི་དམངས་ཁྲོད་དུ་ “གནམ་ལ་འཕུར་དགུ། ས་ལ་འཛུལ་དགུ། བར་ལ་འགྲིམ་དགུ།” ཟེར་བ་སོགས་བཤད་སྲོལ་མང་ལ། ས་བབས་ཀྱི་དབང་གིས་སྲོག་ཆགས་ཀྱི་སྡེ་དགར་ཚུལ་མི་མཐུན་ལ། དཔེར་ན། འབྲོག་ཁུལ་ནས་རྐྱང་ལ་རྐྱང་ཟེར་བ་མ་གཏོགས་མེད་ཀྱང་། ཡང་རོང་ཕྱོགས་ནས། ལ་ལས་རྟ་རྐྱང་དང་། བོང་རྐྱང་ཞེས་རིགས་གཉིས་དུ་བྱེད་བར་མ་ཟད། ཡང་ལ་ལས་དྲེལ་རྐྱང་[1]ཞེས་པའི་རིགས་ཤིག་ཀྱང་ལོགས་སུ་བཀར་འདུག  

སྲོལ་རྒྱུན་གྱི་བཤད་ཚུལ་དང་། དེང་དུས་ཀྱི་བཤད་ཚུལ། བོད་ཀྱི་གསོ་རིག་གི་བཤད་ཚུལ་དེ་གསུམ་མི་མཐུན་པ་དེ་ལ་ཁག་མེད་ཏེ། བོད་ལ་དེང་སང་གི་ཁོར་ཡུག་སྲུང་སྐྱོབ་དང་། སྲོག་ཆགས་རིག་པ། སྐྱེ་དངོས་རིག་པ་ཟེར་བ་དང་། ལྷག་པར་ཏུ་ཚན་རིག་གི་ཤེས་བྱ་དར་རྒྱས་ཆེན་པོ་བྱུང་མེད་པའི་ཁར། ད་ལྟའི་བར་དུ་བོད་ཀྱི་ཞིང་འབྲོག་མི་མང་ཕལ་ཆེ་བ་ཡིག་རྨོངས་བ་ཡིན་པ་དང་། སྔོན་གྱིས་ཤེས་ཡོན་པ་རྣམས་ཀྱིས་སྨན་གཞུང་ཙམ་མ་གཏོགས། སྐྱེ་དངོས་དང་སྲོག་ཆགས་རིག་པའི་གཞུང་རྒྱ་ཆེར་དར་རྒྱས་མ་བཏང་བ་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐ་སྙད་གཅིག་གྱུར་བྱུང་མེད། ཡིན་ན་ཡང་། ད་ལྟ་ཡི་གེ་ཤེས་མཁན་ཇེ་མང་དང་། ཁོར་ཡུག་སོགས་ལ་དོ་སྣང་གི་རྦ་རླབས་ཤིག་འཕྱུར་བཞིན་པའི་སྐབས་འདིར་ཐ་སྙད་གཅིག་གྱུར་ཡོང་རྒྱུ་སྟབས་བདེ་ཞིང་ལས་སླ།

ནུབ་ཕྱོགས་པའི་སྐྱེ་དངོས་རིག་པའི་ཁོངས་གི་ (taxonomy) སྐྱེ་ལྡན་རྣམ་དབྱེ་རིག་པ་འདི་ནི་སྲོག་ཆགས་རྣམས་རིགས་དབྱེ་སྐབས་སྤྱོད་བཞིན་ཡོད་ཅིང་། ཚན་རིག་པས་བཤད་པའི་(species) རིགས་ཟེར་བ་འདི་ལ་སྐྱེ་ཁམས་རིག་པའི་སྐབས་སུ་དབྱེ་བ་འབྱེད་ཚུལ་དེ་རྩོད་གཞི་ཅན་ཡིན་ལ་ཚད་ཉིད་གསལ་བོར་འཇོག་ཐུབ་ཀྱིན་མེད། གང་ལྟར་ཡང་། རིགས་གཉིས་སྡེབ་ནས་ཕྲུ་གུ་སྐྱེས་བ་དང་ཕྲུག་གུ་དེས་རྒྱུད་སྤེལ་མ་ཐུབ་པ་ཡིན་ན། དེ་དུས་རིགས་རྒྱུད་ཀྱི་རབས་ཆད་པ་ཡིན། རབས་མ་ཆད་གོང་དུ་བསྡེབས་པའི་སྲོག་ལྡན་དེ་གཉིས་རིགས་ཁ་ཁ་ཡིན་པས་རབས་ཆད་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། གལ་ཏེ་རྒྱུད་སྤེལ་ཐུབ་པ་ཡིན་ན་རབས་ཆད་མེད་པར་རྒྱུད་ཀྱི་ངོ་བོ་མ་འགྱུར་བར་རིགས་རྒྱུད་གཅིག་སྤེལ་གྱིན་ཡོད་པས་རིགས་གཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རབས་ཆད་ཚུལ་འདི་ལ་སྐྱེ་དངོས་རིག་པ་དང་སྲོག་ཆགས་རིག་པ་གཉིས་ཀྱི་བཤད་ཚུལ་མཐུན་པ་ཡིན།

རིགས་རྒྱུད་ཀྱི་རབས་ཆད་པའི་དཔེར་བརྗོད་ཞིག་བཞག་ན། རྟ་དང་བོང་བུ་གཉིས་རིགས་བསྡེབས་ནས་དྲེལ་སྐྱེས་ཀྱང་། དྲེལ་གྱིས་རྒྱུད་སྤེལ་མི་ཐུབ་པས་རབས་ཆད་འགྲོ་བ་ཡིན། གལ་ཏེ་དྲེལ་གྱིས་རྒྱུད་སྤེལ་ཐུབ་པ་ཡིན་ན་དེ་ནི་རྟ་བོང་གཉིས་རིགས་གཅིག་པ་ཡིན་པར་ངོས་འཛིན་པ་ཡིན། 

མི་ལ་དཔེར་བཞག་ན། མི་དཀར་པོ་དང་མི་ནག་པོ་གཉིས་ལུས་འབྲེལ་བྱུང་ན་རྒྱུད་སྤེལ་ཐུབ་པ་མ་ཟད་བུ་དང་ཚ་བོ་ཡང་ཚ་སོགས་རབས་མ་ཆད་པར་རྒྱུད་སྤེལ་ཐུབ་པ་ཡིན། དེ་ནི་མི་དཀར་པོ་དང་ནག་པོ་གཉིས་ཆ་འགྲོ་བ་མིའི་ (species) རིགས་གཅིག་པ་ཡིན་པར་ངོས་འཛིན་བྱེད་པ་ཡིན། གལ་ཏེ། བུ་དང་ཚ་བོའི་རྒྱུད་སྤེལ་མི་ཐུབ་པ་ན་མི་དཀར་པོ་དང་མི་ནག་པོ་གཉིས་རིགས་ཁ་ཁར་འཇོག་དགོས། 

བོད་ཀྱི་སྲོལ་རྒྱུན་དུ་ནུབ་ཕྱོགས་ཀྱི་སྲོག་ཆགས་རིགས་དབྱེ་རིག་པ་མ་དར་ན་ཡང་བོད་རང་ལ་རིགས་དབྱེ་རིག་པ་ཡོད་དེ། དཔེར་ན། སྨན་གཞུང་དུ་ “ཁུང་ན་གནས་པའི་སྡེ”། “རླན་ལ་གནས་པའི་སྡེ”། “གཅན་གཟན་སྡེ”།[2]  རི་དྭགས་ཀྱི་སྡེ་སོགས་སྡེ་ཚན་མང་པོ་དགར་སྲོལ་ཡོད། ཡང་བོད་ཀྱི་བཤད་སྲོལ་དུ་སྡེར་མོ་ཅན་གྱི་རིགས། འདབ་ཆགས་ཀྱི་རིགས་སོགས་ཡོད་ལ། སྐྱེས་སྒོ་ལ་ཡང་སྣ་བཞི་ཡོད་དེ། མངལ་སྐྱེས། སྒོང་སྐྱེས། རྫུས་སྐྱེས། དྲོད་གཤེར་ལས་སྐྱེས་བ་སོགས་དབྱེ་བ་དགར་སྟངས་ཡོད། འདི་དག་ནི་བོད་ཀྱི་སྲོགས་ཆགས་རིགས་དབྱེ་རིག་པ་ཡིན་ཞེས་བཤད་ཆོག 

[1] གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྤྱར་ཤོག
[2] རྒྱུད་བཞི།

སྐྱེ་དངོས་རིགས་དགུ་བཤད་པ།

དེང་རབས་ཀྱི་ནུབ་ཕྱོགས་ཚན་རིག་པས་སྐྱེ་དངོས་རྣམ་དབྱེ་དེ་ལ་(life)སྲོག་ལྡན་ནས་བཟུང་(species) རིགས་བར་དུ་དབྱེ་བའམ་ཁྱད་པར་ཆེན་པོ་དགུ་རུ་ཕྱེ་ཡོད།  

༡། Life སྲོག་ལྡན། 

སྲོག་ལྡན་ཡིན་ན་སྐྱེ་ལྡན་ཕྲ་ཕུང་། འབུ་ཕྲ། འཕོ་འགྱུར་ལྡན་པ། ཡ་ལན་སྤྲོད་ཤེས་པ། སྐྱེ་འཕེལ་ཅན་ཡིན། འདི་དག་གི་ནང་དུ་རྩི་ཤིང་དང་། རི་དྭགས། གཅན་གཟན་དང་མི་སོགས་སྲོག་ཆགས་སྐྱེ་འཆི་ལྡན་པ་ཐམས་ཅད་འདུས་ཡོད།

༢། Domain ཁྱབ་ཁོངས། 

ཁྱབ་ཁོངས་བཤད་སྐབས། རྡུལ་ཕྲ་རབ་གཅིག་ལས་གྲུབ་པའི་སྲོག་ལྡན་ཕུང་བོ་དང་། ལྟེ་ཉིང་མེད་པའི་ཕྲ་ཕུང་། ལྟེ་ཉིང་ལྡན་པའི་ཕུང་ཚོགས་སོགས་ཁྱབ་ཁོངས་སྣ་ཁ་གསུམ་ཡོད། འདིའི་ཁོངས་སུ་འབུ་སྲིན། ཉ་རིགས། དུད་འགྲོ། འདབ་ཆགས། མི། རྩི་ཤིང་སོགས་ཚུད་པ་ཡིན།

༣། Kingdom འགྲོ་བ།

ཨ་རིའི་སློབ་དེབ་ཁག་གི་ནང་དུ་འགྲོ་བ་རིགས་དྲུག་ལ་བརྩི་བ་དང་། དེ་དག་ནི་ནང་བསྟན་ལས་བཤད་པའི་འགྲོ་བ་རིགས་དྲུག་དང་མི་འདྲ། དུད་འགྲོ། རྩི་ཤིང་། ཧམ་སྤུ། འབུ་ཕྲ། ཨར་ཀི་ཕྲ་སྲིན་བཅས་དྲུག་ཡོད། (Archaea) ཨར་ཀི་ཕྲ་སྲིན་ནི་ལྟེ་ཉིང་མེད་པའི་རིགས་ཡིན། རྡུལ་ཕྲ་རབ་གཅིག་ལས་གྲུབ་པའི་སྲོག་ལྡན་ཕུང་བོ་ཡང་འགྲོ་བའི་ནང་དུ་ཚུད་ཡོད། རྒྱ་གར་དང་དབྱིན་ཡུལ་ཚུད་པའི་རྒྱལ་ཁབ་མང་པོ་ན་སྐྱེ་དངོས་རྣམ་དབྱེ་བཤད་སྐབས་ (Kingdom) འགྲོ་བ་རིགས་ལྔ་ལས་མེད།

༤། Phylum སྡེ་བ།

སྡེ་བ་ཞེས་པ་འདི་རྩི་ཤིང་དང་སེམས་ཅན་གང་ཡིན་གྱི་དབྱེ་བ་འབྱེད་སྐབས་སྡེ་བར་བགོ་བ་ཡིན། སྡེ་བ་བགོ་ཚུལ་ལ་བཞེད་པ་མི་མཐུན་པ་ཡོད། འདིར་གཙོ་བོ་སྒལ་ཚིགས་ཅན་གྱི་སྲོག་ཆགས་རྣམས་སྡེ་བར་བགོ་བ་ཡིན། འོན་ཀྱང་། སྤྱིའི་ཆ་ནས་བཤད་ན་རྩི་ཤིང་ལ་སྡེ་བ་༡༤ ། དུད་འགྲོ་ལ་སྡེ་བ་༣༣། ཧམ་སྤུ་ལ་སྡེ་བ་༨ བཤད་ཅིང་། དེ་མིན་གྱི་སྡེ་ཆེན་སྡེ་ཆུང་མང་པོ་ཚན་རིག་པས་ཐག་མ་ཆོད་པ་ཤིན་ཏུ་མང་། 

༥། Class ཚན་པ། 

སྡེ་ཚན་དབྱེ་བ་འབྱེད་པའི་སྐབས་ཁྱབ་ཁོངས་དང་། འགྲོ་བ། སྡེ་བ། རིགས། རྒྱུད་སོགས་གཅིག་པ་ཡིན་མིན་ཚན་པ་དབྱེ་བ་ཡིན་ལ། དཔེར་ན། འོ་འཐུང་སྲོག་ཆགས་རྣམས་ཚན་པ་འདིར་འདུས་ཤིང་། དུད་འགྲོའི་སྡེ་བ་༣༣ ལ་ཚན་ལ་༡༠༧ ཡོད།

༦། Order གོ་རིམ་མམ་གྲལ་རིམ།

སྐྱེ་དངོས་དང་སྲོག་ཆགས་ཀྱི་གོ་རིམ་ལ་གཙོ་བོ་སྐྱེ་དངོས་དང་སྲོག་ཆགས་ཀྱི་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་པའི་ནུས་པ་དང་ཁྱད་ཆོས་གཞི་ལ་བཞག་ནས་གྲལ་རིམ་སྒྲིག་པ་ཡིན། 

༧། Family ཁྱིམ་རྒྱུད། 

སྐྱེ་དངོས་དང་སྲོག་ཆགས་གང་ཞིག་སྐྱེ་དངོས་དང་སྲོག་ཆགས་གཞན་ཞིག་དང་མཉམ་དུ་བསྡེབས་སྦྱོར་བྱུང་སྟེ་རྒྱུད་འཕར་མ་འམ་རྒྱུད་འོག་མ་བྱུང་བ་ཡིན་ན་དེ་ནི་ཁྱིམ་རྒྱུད་གཅིག་ཏུ་བརྩི་བ་ཡིན།

༨། Genus རྒྱུད། 

སྐྱེ་དངོས་རིག་པ་ལས་སྔོན་ཆད་སྲོག་ལྡན་ཡིན་པའི་འགྱུར་རྡོའི་རིགས་དང་། འཕེལ་འགྱུར་ཁྲོད་དུ་རྒྱུད་སྤེལ་བཞིན་པའི་རྒྱུད་དང་། ནད་དུག་གྱི་རྒྱུད་བཅས་རྒྱུད་གསུམ་ཡོད། 

༩། Species རིགས།

སྐྱེ་དངོས་དང་སྲོགས་ཆགས་ཤིག་གྲུབ་ཆ་དུ་མ་ལས་འདུས་བའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེ་ཚོགས་པ་གཞན་ཞིག་དང་མི་འདྲ་བའི་ཁྱད་པར་ཡོད་པ་ཡིན་ན་རིགས་ཞིག་ལ་ངོས་འཛིན་བྱེད་པ་ཡིན།

སྐྱེ་དངོས་རིག་པའི་རྣམ་དབྱེའི་གོ་རིམ་འདི་ལ་སྤྱི་ལོ་ ༡༧༣༥ ལོའི་བར་དུ་ཞིབ་ཆ་མེད་ཀྱང་ (Swedish) སི་ཝེ་དིན་གྱི་སྲོག་ཆགས་རིག་པ་བ་ (Car Linnaeus) ཁཱར་ལིན་ནུ་སི་ཟེར་བ་ཁོང་གི་ Systema Naturae ཟེར་བའི་དེབ་དེ་བྱུང་བ་ནས་ནུབ་ཕྱོགས་སུ་སྐྱེ་དངོས་དང་སྲོག་ཆགས་ལ་དབྱེ་བ་འབྱེད་པའི་ལྟ་གྲུབ་ལ་འགྱུར་བ་ཐེབས་མགོ་བརྩམས་ཡོད་ལ། 

དེ་ནས་བཟུང་སྤྱི་ལོ་ ༢༠༡༥ ལོའི་བར་དུ་འགྲོ་བའི་ཁོངས་སུ་སྲོག་ཆགས་གང་དང་གང་གཏོགས་མིན་བཞེད་ཚུལ་མི་འདྲ་བ་འགྱུར་བ་ཐེངས་བདུན་ཐེབས་ཡོད། ང་ཚོའི་བོད་ལ་གཡུ་ཐོག་ཡོན་ཏན་མགོན་པོ་བྱུང་ནས་ལོ་༡༢༠༠ ཙམ་གྱི་གོང་ནས་བཟུང་གསོ་རིག་དར་རྒྱས་བྱུང་ནས་སྲོག་ཆགས་དང་སྐྱེ་དངོས་རྣམས་རིགས་དང་སྡེ་ཚན་དུ་དགར་བའི་རྣམ་དབྱེ་དར་ཡོད། ད་ལྟ་ལོ་ཆིག་སྟོང་ལྷག་ཕྱིན་ཅིང་འགྱུར་བ་ཐེབས་མེད། 

འཕེལ་འགྱུར་ལ་བརྟེན་པའི་སྐྱེ་དངོས།

དུས་ཀྱི་འཕེལ་རིམ་དང་ཁོར་ཡུག་གི་འགྱུར་བ་ལ་བརྟེན་ནས་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཁྱིམ་རྒྱུད་སོགས་ལ་ཡང་འགྱུར་བ་ཐེབས་ཀྱིན་ཡོད། དེར་བརྟེན་ང་ཚོས་སྐྱེ་དངོས་དང་སྲོགས་ཆགས་ཀྱི་རྣམ་དབྱེ་འདི་ཡང་སྨན་གཞུང་གཅིག་པོ་མ་ཡིན་པར། ཡུལ་དང་དུས་ལ་བསྟུན་ནས་ཚན་རིག་གི་ཤེས་བྱ་དང་སྨན་གཞུང་གཉིས་རིག་པ་དང་མ་འགལ་བར་ཟུང་འབྲེལ་བྱས་ན་མ་གཏོགས། རྗེས་ཕྱོགས་སྐྱེ་དངོས་དེ་དག་དང་སྲོག་ཆགས་དེ་དག་སུ་ཞིག་གིས་ཀྱང་ངོས་འཛིན་དཀའ་བར་འགྱུར་བ་ཡིན། དཔེར་ན། མདོ་དྲི་མེད་གཟི་བརྗིད་དུ་འདབ་ཆགས་དང་རི་དྭགས་མང་པོ་ཞིག་གི་མིང་ཡོད་ཀྱང་། མང་པོ་ཞིག་ངོས་འཛིན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། དེ་ནི་མདོ་དྲི་མེད་གཟི་བརྗིད་ལན་པ་མ་རེད། དེ་ནི་བོད་ཀྱི་ཤེས་ཡོན་ཅན་རྣམས་ཀྱིས་དེ་ལ་ཞིབ་འཇུག་དང་སློབ་སྦྱོང་མ་བྱས་བར་མ་ཟད་དམངས་ཁྲོད་དུ་དར་སྤེལ་མ་བྱས་པས་ལན་པ་རེད།

          ཚན་རིག་པས་སྲོག་ཆགས་རེ་རེ་ཁྱིམ་རྒྱུད་དང་སྡེ་ཚན། རིགས་དང་རིགས་འཕར་མ་སོགས་དབྱེ་བ་འབྱེད་དུས། སྲོག་ཆགས་གང་ཞིག་རིགས་གང་གི་ཁོངས་སུ་གཏོགས་དགོས་ན། ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་སོགས་གསལ་བོར་བཀོད་ཡོད་པས་ངོས་འཛིན་བྱེད་རྒྱུར་ལས་སླ་བོར་བཟོས་ཡོད། 

དཔེར་ན། འོ་འཐུང་སྲོག་ཆགས་བཤད་པའི་སྐབས་སུ་འོ་མ་འཐུང་བའི་སྲོག་ཆགས་ཀྱི་སྡེ་ལ་ངོས་འཛིན་བྱེད་དགོས་པ་ཡིན་ཀྱང་། རྩ་བའི་ཆ་ནས་དེ་ལ་ཚང་དགོས་པའི་ཁྱད་ཆོས་གསུམ་ཡོད། འོ་འཐུང་སྲོག་ཆགས་ཤིག་ཡིན་ན། དང་པོ། འཚར་ལོངས་བྱུང་བཞིན་པའི་སྐབས་སུ་འོ་མ་བཏུང་མཁན་ཞིག་ཡིན་པ། གཉིས་ནས་པགས་པའི་སྟེང་དུ་སྤུ་སྐྱེས་བ། གསུམ་ནས་བར་རྣ་ཡོད་པ་ཞིག་ཡིན་ན་འོ་འཐུང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པར་བརྩི། 

བར་རྣ་[1]ཞེས་བའི་ཐ་སྙད་འདི་ནུབ་ཕྱོགས་པའི་ middle ear ཞེས་བ་དེ་བོད་སྐད་དུ་ཐད་སྒྱུར་བྱས་པ་ཨེ་ཡིན་སྙམ་ཞིང་། གང་ལྟར་ཡང་རྣའི་ཆ་ཤས་ལས་རྣ་པགས། རྣ་རྔ། རྣ་བུག་རྣམས་ལ་བར་རྣ་ཞེས་འབོད་པར་འདོད། སྤྱིར་ན་འོ་འཐུང་སྲོག་ཆགས་ཕལ་ཆེ་བའི་ཁྲག་དྲོན་མོ་ཡིན་ཞིང་། ལུས་དྲོད་ཀྱི་འབྱུང་ཁུངས་ཁོག་དྲོད་ཡིན། ཉི་མ་དང་མེ་དྲོད་སོགས་དྲོད་ཁུངས་གཞན་ལ་ཡང་བརྟེན་ཀྱིན་ཡོད། 

ནུབ་ཕྱོགས་པས་སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་སོགས་གྲངས་ཀ་བརྩིས་ཡོད་ལ། དེང་སང་འཛམ་གླིང་འདིར་འོ་འཐུང་སྲོག་ཆགས་རིགས་ཅི་ཙམ་ཡོད་མེད་ལ་མཁས་པ་ཁག་གི་བཞེད་ཚུལ་མི་འདྲ་དེ། ལ་ལས་བཞི་སྟོང་ ༤༠༠༠ལྷག་དང་།[2]  ཡང་ལ་ལས་ལྔ་སྟོང་ ༥༠༠༠ཙམ་ཡོད་ཟེར།[3]  ཡིན་ན་ཡང་། ང་ཚོའི་བོད་མི་རྣམས་ལ་རི་དྭགས་བརྩིས་ནས་ཐོ་འགོད་བྱེད་པ་སོགས་ཀྱི་གོམས་གཤིས་མི་འདུག ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན།

བོད་སྤྱི་བཤད་ཞེས་བར་ “ བོད་ལྗོངས་སུ་མངལ་སྐྱེས་སྲོག་ཆགས་ལ་རིགས་ ༡༤༢” [4] ཡོད་པར་བཤད་ཅིང་། མངལ་སྐྱེས་སྲོགས་ཆགས་ཕལ་ཆེ་བ་འོ་འཐུང་སྲོག་ཆགས་ཡིན་ལ། རིགས་༡༤༢ དེ་ཚང་མ་འོ་འཐུང་སྲོག་ཆགས་ཡིན་པའི་དབང་དུ་བྱས་ན་བོད་ལྗོངས་གཅིག་པོ་ན་འོ་འཐུང་སྲོག་ཆགས་རིགས་༡༤༢ཡོད་པ་མ་ཟད། བོད་ལྗོངས་ན་མེད་པ་ཞིང་ཆེན་གཞན་གྱི་བོད་ཁུལ་ན་ཡོད་པ་རྣམས་གཅིག་ཏུ་བསྡུས་ན་དེ་ལས་མང་པོ་ཡོད་པ་ཤུགས་ཀྱིས་ཤེས་ཐུབ། 

འདི་ལྟར་ང་ཚོས་རི་དྭགས་དང་རང་བྱུང་གི་གནས་ཚུལ་རྣམས་གྲངས་ཀ་བརྩིས་ནས་ཟིན་ཐོ་འགོད་པ་དང་། ལུས་འཇལ་བ། སོ་བརྩི་བ། རྒྱ་མར་ཚད་པ་སོགས་གོམས་ནས་རྨང་གཞིའི་གནས་ཚུལ་བསྡུ་རུབ་བྱེད་ཐུབ་ན། རི་དྭགས་དང་སྐྱེ་དངོས་ཀྱི་གནས་ཚུལ་ཇེ་མང་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་བ་ཡིན་ལ། རང་བྱུང་ཁམས་དང་རི་དྭགས་སོགས་སྲུང་སྐྱོབ་བྱེད་པར་རྨང་གཞིའི་ཤེས་བྱ་དེ་དག་མེད་དུ་མི་རུང་བ་ཡིན་ནོ།། །།

[1] གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་བ།
[2] http://sciencewithkids.com/science-facts/facts-about-mammals.html
[3] http://eol.org/pages/1642/overview
[4]
བོད་སྤྱི་བཤད།

བོད་ཀྱི་ཁྱད་ནོར་རི་དྭགས་གླ།

བོད་ཀྱི་ཁྱད་ནོར་རི་དྭགས་གླ་བར་དཔྱད་པ།

ཨ་སྐྱབས་རྒྱལ་སྲས་ཚང་།
བོད་ཀྱི་ཁྱད་ནོར། རི་དྭགས། གླ་བ། གླ་རྩི། སྒོ་ཕྱུགས།

གླེང་གཞི།

བོད་པས་གནའ་སྔ་མོ་ནས་བོད་ཀྱི་ཁྱད་ནོར་རི་དྭགས་གླ་བ་ལས་གླ་རྩི་ལེན་པ་དང་། བེད་སྤྱོད་པ་མ་གཏོགས་གླ་བ་སྒོ་ཕྱུགས་སུ་ཉར་སྲོལ་མེད། འོན་ཀྱང་། གླ་ནི་སྒོ་ཕྱུགས་སུ་ཉར་ན་རིན་ཐང་ཆེ་ཤིང་དེང་རབས་དཔལ་འབྱོར་གྱི་འགྲོས་དང་བསྟུན་ནས་བོད་མི་རྣམས་ཀྱིས་གླ་བ་སྒོ་ཕྱུགས་སུ་ཉར་ན་ཧ་ཅང་འོས་མཚམས་ཡིན་པར་འདོད། འདིར་གླ་བ་གསོ་སྟངས། གླ་བ་སྡེབ་ཐབས། གླ་རྩིའི་རིན་ཐང་དང་། གླ་རྩི་ལེན་ཚུལ་སོགས་མཚམས་སྦྱོར་བྱེད་རྒྱུ་ཡིན་ལ། རྩ་སྟོང་ལ་འགྲོ་ཉེན་ཡོད་པའི་གླ་བ་དེ་རྣམས་སྐྱོབ་ཐབས་དང་། འབྲོག་པར་རྩྭ་ས་མི་འདང་བའི་གནད་དོན་ཡང་ཐག་གཅོད་ཐུབ་པ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིན་ཐང་ཆེན་པོ་ལྡན་པ་གླེང་ཡོད།།

གླ་བ་ངོ་སྤྲོད།

གླ་བ་ནི་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རིམ་པ་གཉིས་པའི་ཁོངས་ཡིན། དཔལ་འབྱོར་གྱི་རིན་ཐང་རིན་ཆེན་གསེར་ལས་མཐོ་བའི་རི་དྭགས་ཤིག་ཡིན། གླ་བོའི་ལྟེ་བར་གླ་རྩི་ཡོད་ཅིང་། དེའི་ཤ་ཟས་སུ་རུང་བ་དང་། པགས་པ་གོས་སུ་གྱོན་ཆོག ནགས་ཚལ་སྟུག་པོའི་ནང་དུ་གླ་བ་ཡོད་ན་ནགས་ཚལ་ལ་འབུས་གནོད་པ་མི་ཞུགས་པའི་ཕན་ནུས་ཡོད་ལ། ས་དེ་གར་ནད་ཡམས་མི་འབྱུང་བའི་ཕན་པའང་རྒྱ་ཆེན་ལྡན།

གླ་བའི་གཟུགས་ནི་རྭ་ཅོ་མེད་པའི་ཤྭ་བ་ཆུང་ཆུང་ལྟ་བུ། མགོ་བོ་ཆུང་ལ་རྣ་རིང་བ་གྱེན་དུ་གཟེངས་ཤིང་རྔ་མ་ཐུང་བ། སུག་བཞི་ཕྲ་ལ་རིང་བ། སྔ་རྐང་གཉིས་པོ་རིང་ཞིང་ཕྱི་རྐང་གཉིས་ཐུང་། གླ་བ་ཕོ་ལ་མཆེ་བ་ཡོད་ཅིང་མོ་ལ་མེད། ལྟེ་བ་དང་སྐྱེ་འཕེལ་ཁུང་བུའི་བར་ན་གླ་རྩི་ཟགས་ཁུང་ཁུག་མ་ལྟ་བུ་ཞིག་ཡོད་པ་དེ་ནི་གླ་རྩི་ཐོན་སའི་ཁུང་མིག་ཡིན། ཆགས་པ་ལངས་པ་དང་དྲི་ཞིམ་ཟགས་ཐོན་བྱེད་པའི་དུས་ཚིགས་སུ་ཁུང་མིག་དེ་ཇེ་ཆེར་འགྲོ།

ཆབ་མདོ་སྨན་རྩིས་ཁང་གིས། གླ་བ་ནི་སྨན་མཆོག་གླ་རྩིའི་འབྱུང་གནས་ཏེ། ལྗོངས་ཡོངས་ཀྱི་སྨི་ 3000 ནས་ 4900 བར་གྱི་ཡུལ་གར་ཡང་ཐར་ཐོར་ ཡོད་ཅིང་། གཙོ་བོ་སྲིབ་ཀྱི་བྲག་དང་ཤིང་གསེབ་ཏུ་ཁ་ཐོར་བྱས་ནས་སྡོད་པ་དང་། རྩྭ་ཟན་རི་དྭགས་ཀྱི་སྡེ་ཡིན། ལུས་ཀྱི་རིང་ཚད་ལ་སྨི་(meter) 0.7-0.9བར་དང་། སོག་མགོའི་མཐོ་ཚད་སྨི 0.5-0.6ཙམ། ལྗིད་ཚད་སྤྱི་རྒྱ་(kg) 9-14བར་ཙམ་ཡོད་པ། རྭ་མེད་ཅིང་རྨིག་པ་ཁ་དབྲག སྐེ་དང་རྣ་བ་ཅུང་རིང་ལ་མཇུག་མ་ཐུང་བ། སྤུ་སྔོ་སྐྱ་ཁོང་སྟོང་སྦོམ་ཞིང་རྩེ་ལ་གྲ་ཁམ་ནག་ཡོད་པས་ལུས་ཀྱི་སྤུ་མདོག་སྤྱིར་རྫ་སེར་དང་རྫ་སྨུག་ཡིན། སྐྱེ་དངོས་དཔེ་རིས་(748)པ་ལྟ་བུ། གླ་བ་ཕོ་ལ་མཆེ་བ་རིང་པོ་ཡོད་པས་ཁའི་ཕྱིར་མངོན་པ་དང་། ལྟེ་བར་ཁུག་མ་ལྟ་བུའི་རྨེན་བུའི་ནང་མདོག་ཁམ་ནག་དང་དྲི་ཞིམ་འཐུལ་བའི་ཟགས་ཐོན་དངོས་པོ་ཞིག་ཡོད་པ་ནི་གླ་རྩི་ཡིན།[1] ཞེས་འཁོད་ཡོད།

གླ་འགའ་ཞིག་ལ་དབང་རིལ་ཡོད་པ་ནི་གླ་བའི་ནོར་བུ་ཞེས་རིན་པོ་ཆེའི་ཁོངས་སུ་གཏོགས་པ་ཡིན། གླ་ཤ་རོ་མངར་ཞིང་། ཞུ་རྗེས་བསིལ་ལ་སྙོམས། ཟུངས་གསོ་ཤིང་མཁྲིས་པ་རླུང་ལྡན་སེལ་བ་ཡིན། རིལ་མའི་ལུམས་ཀྱིས་ཡན་ལག་རྩ་དཀར་གྱི་ནད་དང་། ཚ་བ་གལ་པའི་གཟེར་རིགས། ཀླད་གཟེར། བྱང་ཁོག་གི་རྨ་བཅས་ལ་ཕན།

གླ་བ་ནི་སྙིང་ཆུང་ལ་འདྲོག་སླ་བའི་རི་དྭགས་ཤིག་ཡིན་པས། སྡོད་ས་དབེན་ལ་མཐོ་ཞིང་། བརླན་དང་གྲང་ངར་ཆུང་བ་དང་། ཉི་འོད་ཀྱི་དྲོ་འཁོལ་འཛོམས་ས་ཞིག་ནས་སྡོད་རྒྱུར་དགའ། གླ་བ་མང་ཆེ་བ་ས་སྲོས་དང་མཚན་མོ། ཞོགས་པ་བཅས་ཀྱི་དུས་སུ་ཡར་ལངས་ནས་རྩྭ་ཟ་ཆུ་འཐུང་བྱེད་པ་དང་། ཉིན་མོ་གྱང་རྩ་དང་གླ་ཁང་ནང་དུ་ལྡད་ལོག་བརྒྱབ་སྟེ་ཉལ་ནས་སྡོད། བསིལ་གྲིབ་ལ་དགའ་ཞིང་ཚ་དུག་ཚ་ཟེར་ལ་འཛེམས་པ་དང་། དགུན་དུས་གྲང་ངར་ཆེ་བའི་དུས་ལ་ཡང་བསིལ་གྲིབ་ལ་སྡོད་པ་མང་། ད་ལྟ་རྒྱལ་ཡོངས་སུ་གླ་བ་བསྡོམས་པའི་ཁྲི་དྲུག་ཅུ་ཙམ་ཡོད་ཀྱང་། དེ་ནི་ལོ་རབས་ལྔ་བཅུ་བའི་བརྒྱ་ཆའི2%མ་གཏོགས་མིན།

གླ་གསོས་པའི་རིན་ཐང་།

ངས་བསམ་པར་ང་ཚོའི་དཔལ་འབྱོར་གྱི་ཡོང་སྒོ་ཆེ་བས། གླ་ལྟ་བུའི་རི་དྭགས་སྒོ་ཕྱུགས་སུ་བཏུལ་ན་ཆོག་པར་སེམས། གླ་གསོས་ན་ཕན་ཆ་ཆེ་བའི་རྒྱུ་མཚན་གཅིག་ནི། གླ་རྩི་ནི་རྒྱལ་སྤྱིའི་ཚོང་རའི་སྟེང་ན་གོང་ཚད་མཆོག་ཏུ་གྱུར་པ་ཞིག་ཡིན་པ་དང་གཅིག གླའི་སྲོག་ཆགས་ཀྱི་རྒྱུད་ཚར་ལ་ཉེ་བས་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པ་དང་གཉིས། ཤྭ་དང་གླ་ཁ་འཐོར་བུད་ན། དེའི་ཤ་རང་རེ་ལ་ཟ་བའི་གོམས་སྲོལ་མེད་ནའང་མི་རིགས་གཞན་པར་བཙོང་ཆོག་པའི་ཕན་ནུས་ཆེན་པོ་ལྡན་པའི་རྒྱུ་མཚན་གསུམ་ཡོད།

དེ་ཡང་། སྨན་གྱི་ཆ་ནས་བཤད་ན། རོ་ཁ། ཞུ་རྗེས་བསིལ། ནུས་པས་སྦྱར་དུག་ལ་སོགས་མི་རྒྱུ་བ་ དང་། དུག་སྦྲུལ་སོས་བཏབ་པ་ལ་སོགས་རྒྱུ་བའི་དུག་བཅས་དུག་རིགས་ཀུན་དང་། ལུས་ཕྱི་ནང་ཀུན་ཏུ་ཡོད་པའི་སྲིན་རིགས།  མཆིན་མཁལ་ལ་སོགས་དོན་སྣོད་ཀྱི་ཚད་པ་གཉན་རིམས། ཁོང་འབྲས་ལ་སོགས། རླུང་ནད་དང་། ཟུངས་ངན། སྦྲུམ་མ་མ་གཏོགས་ནད་རིགས་ཀུན་ལ་སྨན་འདི་མཆོག་ཏུ་གྱུར་པ་ཡིན་ནོ།[2]

གླ་རྩི་ནི་སྨན་གྱི་རིགས་ཤིག་སྟེ། ཞུ་ན་བསིལ། རོ་ཁ། ནུས་པས་ཟླ་མཚན་མི་འབབ་པ་དང་། ཟུངས་མེད་པ། ན་ཟུག ཤུ་བ། དུག་ཕོག་པ་བཅས་ལ་ཕན་ཞིང་། གཙོ་བོ་གྲིབ་སྐྱོན་དང་བཟི་ཁྱིམ། སྙིང་ཁ་ན་བ། ཕོ་ཁ་ན་བ། གཉན་ཁ། མཚོན་རྨ་སོགས་བཅོས་ཐུབ། གླ་རྩི་ལ་ནད་བཅོས་ཀྱི་ཕན་ནུས་ཆེ་བས་རྒྱལ་སྤྱི་དང་རྒྱལ་ནང་ཀུན་ལ་གླ་རྩི་བྲིན་པས། ང་ཚོས་རི་དྭགས་གླ་བ་གསོས་ནས་མྱུར་སྐྱོབ་བྱས་ན་དཔལ་འབྱོར་ཁེ་སྤོགས་ལོན་པ་ཡིན་ལ། ལྷག་པར་དུ། བོད་གྱི་སྒོ་ཕྱུགས་མང་བོར་རྩྭ་སས་མི་འདང་བའི་གནད་དོན་ཐག་གཅོད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ལ་ནུས་ཤུགས་འདོན་ཐུབ། འབྲོག་པ་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ལ། སྟོང་ལུག་དང་ཁྲི་ལུག་ཏུ་བུད་ན་ཕ་མེས་ཁྱིམ་རྒྱུད་ཀྱི་གཟི་བརྗིད་དང་ཕྱུག་པོ་ཞེས་པའི་མཚན་སྙན་འབུད་ཐུབ་སྙམ་གྱིན་ཡོད། མཚན་སྙན་གྱི་མིང་དེ་ཁུར་ནས་དཔྱིད་ཀར་ཟོག་ལུག་ལ་རྩྭ་མི་འདང་བ་དང་། ནང་སྒོས་སུ་ཁངས་ཆགས་ལྷུང་ནས་ཕྱུགས་ལ་གོད་ཁ་ཆེན་པོ་འབྱུང་གིན་འདུག གླ་ལ་ནོར་ལུག་ལྟ་བུར་རྩྭ་འབོར་ཆེན་མི་དགོས། དེ་བས་རྩྭ་སའི་ཆ་རྐྱེན་ལ་གཞིགས་ནས་ཕྱུགས་ཟོག་ལྷག་མ་བཙོང་སྟེ་རུ་སྤོ་སྐྱེལ་ལ་ཕན་པའི་རླངས་འཁོར་དང་ལག་སྐྱོར་འཕྲུལ་ཆས་སོགས་ཉོས་ཏེ། རང་གི་འཚོ་བ་སྟབས་བདེ་བོ་བཟོས་ཏེ། གཞན་དཔལ་འབྱོར་གྱི་ཡོང་སྒོ་བཙལ་ནས་མིང་དོན་གཉིས་ལས་དོན་འདེམས་ན་འགྲིག་པར་སེམས།

ད་ལྟ་འབྲོག་པའི་སྒོ་ཕྱུགས་ཀྱི་གཙོ་བོ་འབྲི་གཡག་ལུག་གསུམ་ཡིན་ལ། སྤྱིར་བཏང་འབྲི་གཡག་གང་ཡིན་རུང་དགུན་དུས་སུ་འབྲོག་ཁུལ་གྱི་གྲང་ངར་དྲག་པོ་བཟོད་ཐུབ་པ། གངས་ཆབ་ཀྱི་ཁེངས་པའི་འགྲུལ་བཞུད་ཀྱི་ནུས་པ་ཆེ་བ། རྩིད་པ་མང་བོ་ཐོན་པ། གསོ་སླ་ཞིང་འཕེལ་སྟོབས་ཆེ་བའི་སྒོ་ཕྱུགས་ཡིན་པ། འབྲི་ལ་བ་མོའི་འོ་མ་ལས་ཉུང་ནའང་མངར་ཆེ་བ། ལུག་ནི་འཕེལ་ཆེ་བའི་སེམས་ཅན་ཡིན་པ་དང་། ལུག་ཤ་དང་ལུག་པགས་ནི་འབྲོག་པའི་འཚོ་བར་མེད་དུ་མི་རུང་བའི་དགེ་མཚན་ལྡན་པ་སུས་ཀྱང་བསྙོན་དུ་མེད་མོད། འོན་ཀྱང་། ང་ཚོའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ནས་ཕ་མེས་ཀྱི་བཞག་པའི་ཤུལ་རྒྱུན་དམ་འཛིན་ལས། རང་ཉིད་ཀྱིས་བོད་ཕྱི་རབས་པ་ལ་ཤུལ་བཞག་ཞིག་འཇོག་རྒྱུར་བསམ་བློ་གཏོང་གི་མེད་དམ།

བདག་གིས་བོད་སྤྱི་ཚོགས་འཕེལ་རྒྱས་ལ་བསམ་གཞིག་རིང་མོ་བཏང་བའི་དུས་ནས་བཟུང་གླའི་རིགས་གསོ་སྐྱོང་གི་རྒྱུ་ཆ་བཙལ་འཚོལ་དང་བསྡུ་ཉར་བྱས་པ་ལས་ཤེས་གསལ་ལྟར་ན། བོད་དུ་ཤྭ་དང་གླ་གསོ་ཆོག་པའི་ས་ཆ་མང་བོ་ཡོད་པ་དང་། དེ་དག་གིས་རྩྭ་ཟ་བའི་ཚད་ཀྱང་ལྡབ་འགྱུར་གྱིས་ཉུང་། ལོ་རེའི་དུས་ཚིགས་རེ་རེ་ལ་ཤྭ་ཁྲག་དང་གླ་རྩི་ཁབ་མགོར་དྲངས་ནས་བླང་ཆོག་པས། དེ་ཉིད་སྐྱེད་འཕེལ་ལ་གནོད་ཚབས་ཀྱང་ཆུང་བས་སོ་ཞེས་པ་ལྟར། གླ་བཅུ་གསོས་པ་དང་རྟ་ནོར་ལུག་གསུམ་ཁྱུ་གཅིག་འཚོས་པའི་ཡོང་འབབ་ཁྱད་པར་མེད་ལ། ལས་ཀ་དེ་འདྲའི་ཁག་པོ་མེད་ཅིང་། རྩྭ་ས་དེ་བས་ཀྱང་མི་འདང་བ་མེད་པས། ཞིང་འབྲོག་ཚོང་གསུམ་གྱི་ལས་རིགས་ཤེས་ལྡན་མི་སྣའམ་བསམ་བློ་སྔོན་ཐོན་ཅན་ཞིག་གིས་ང་དང་མཉམ་འབྲེལ་ཀྱིས་ཚོད་ལྟ་འདི་ལེགས་འགྲུབ་བྱུང་ན་ཅི་མ་རུང་སྙམ།

གཞན་ཡང་ང་ཚོའི་ཤེས་ལྡན་མི་སྣས་རིག་པ་དཔེ་ཐོག་ནས་ལུས། ཆོས་ལུགས་མི་སྣས་ཉམས་ལེན་མེད་པར་ཕྱི་ནང་ཐད་དུ་བསྒྱུར་ན་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གཏོང་ཐུབ་བམ། བོད་མིས་ཁ་ནས་མ་ཎི་བཏོན་ནས་ལག་ནས་སྡིག་ལས་བྱེད་པ་ལས་གླ་རྩི་ལེན་པར་གླ་བ་མ་བསད་ན་བོད་མིའི་འཚོ་བར་ལེགས་བཅོས་ཐུབ་བམ་སྙམ་པའི་སེམས་པ་དང་བཅས་གངས་ཅན་ཆོས་ལྡན་པའི་སྡིག་ལས་མང་བོ་བྱེད་མི་དགོས་པའི་ཆེད་དུ་འབོད་སྐུལ་འདི་བཏང་བ་ཡིན། །

གླ་རྩི།

བོད་སྐད་དུ་གླ་རྩི་ལ་མིང་སྣ་མང་ཡོད་ཅིང་། མིང་དེ་དག་འདོག་ཚུལ་གྱི་ཆ་ནས་གླ་རྩིའི་བྱེད་ནུས་ཀྱང་ཤུགས་ཀྱིས་རྟོགས་ཐུབ་པ་ཡིན། དཔེར་ན། གླ་རྩི་ལ་དྲི་ཅན་ཟེར་ཞིང་། དེ་ནི་གླ་རྩི་ལ་དངོས་པོ་གཞན་དང་ཐུན་མོང་མ་ཡིན་པའི་དྲི་མ་ཡོད། ཡང་སྦྲུལ་སྐྲག་བྱེད་ཟེར་ཞིང་། དེ་ནི་གླ་རྩིའི་དྲི་མ་ཡོད་སར་སྦྲུལ་འགྲོ་མི་ཐུབ་པས་རྗེས་དཔག་གི་མིང་སྣ་ཚོགས་ཡོད། ཡང་རྒྱའི་ཡིག་ཆ། སྔོ་སྨན་རྩ་འགྲེལ་ལས་“གླ་རིགས་ཀྱི་ཁ་ཟས་སུ་སྦྲུལ་བརྟེན་པ་ཡིན།ཞེས་བརྗོད་ཡོད། མིང་རེ་རེ་ལ་ཞིབ་ཏུ་འགྲེལ་བཤད་བརྒྱབ་ན་མིང་དྲགས་འགྲོས་བས་འདིར་མང་པོ་མི་བཤད་དེ། སྟབས་བདེའི་སྒོ་ནས་ལུང་ཞིག་དྲངས་ན།

འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དུ། མིང་གཞན་ཀ་སྠུ་རི། མྲྀ་ག་མ། རི་དྭགས་ཀྱི་ཆ། ཀ་དུ་རི། རི་དྭགས་ལྟེ་བ། ལྟེ་བའི་དྲི། དྲི་ཅན་ལྟེ་བ། འདོམས་ཀྱི་ངད་རྩི། སྦྲུལ་དུག སྦྲུལ་སྐྲག་བྱེད། མྱོས་པའི་མཚན་མ། དྲིའི་རྩི། དྲིའི་གོས་ཅན། དྲིའི་ཐོད། རི་དྭགས་འཆང་། རི་དྭགས་རྩི། མ་གི་ཏ་ཞེས་མང་ཞེས་འཁོད་ཡོད།

གླ་རྩི་ནི་སྲོག་ཆགས་གླ་བ་ཡི་ལྟེ་བའི་དྲི་ཞིམ་རྨེན་སྣོད་ལས་བྱུང་བའི་ཟག་ཐོན་དངོས་པོའམ་དྲི་མ་སྟེ། ཕྱིའི་ལྤགས་ཐུམ་ལ་སྤུ་སྐྱ་བོ་ཐུང་ངུ་འཁྱིལ་ནས་སྐྱེ་བ་དཔེ་མཚོན་དཔར་རིས(192)པ་ལྟ་བུ། དཀྱིལ་དུ་བུ་ག་གཉིས་ཡོད་པ་གཅིག་ནི་གཅིན་ལམ་དང་། ཅིག་ཤོས་ནི་གླ་རྩིའི་སྐྱི་པགས་ཀྱི་ཁ་ཡིན། སྐྱི་པགས་ཀྱི་ནང་དུ་གསེར་པགས་ཞེས་སྐྱི་མོ་སྲབ་པོས་ཕྱི་ནང་རིམ་པར་གཡོག་ཡོད་པ་དང་། ནང་དུ་རྩི་ནག་པོ་ལ་ཁམ་ཞད་ཡོད་པ། ཕྱེ་མའམ་རྡོག་པོར་འདྲིལ་བ་ཅི་རིགས་ལ། དྲི་ཤིན་ཏུ་ཞིམ་པོ་འཐུལ་བ་ཞིག་ཡིན་པས་སོ།།[3]

གླ་རྩི་ནི་ལྒང་བུའི་ནང་ཁུལ་དུ་གྲུབ་པ་དང་། ཚྭ་ཁུ་ལྟར་ལྒང་བུའི་ཉེ་འདབས་སུ་ཁྱབ་ཡོད། གླ་བ་མོ་རིགས་ཀྱིས་གླ་རྩི་ཐོན་སྐྱེད་མི་བྱེད་ལ། མོ་རིགས་ལ་གླ་རྩི་ལྟ་བུའི་དངོས་པོ་ཡོད་རུང་དྲི་མ་གཅིག་ཀྱང་མེད། མི་རྣམས་ཀྱིས་ང་ལ་བཤད་པའི་གནས་ཚུལ་ལ་ཉན་ན། སྦྲུལ་ནི་གླའི་ཆེས་སྤྱིར་བཏང་གི་ཁ་ཟས་ཡིན་པ་དང་། སྦྲུལ་གྱི་ལུས་བོང་ཆེ་བས་གླ་ལ་སྦྲུལ་གསོད་ཐུབ་པའི་ནུས་པ་མེད། འོན་ཀྱང་སྦྲུལ་དང་གླ་གཉིས་བར་ལ་བར་ཐག་ངེས་ཅན་ཡོད་དུས། གླའི་དྲི་མས་སྦྲུལ་བཟི་རུ་འཇུག་ཐུབ་པ་དང་ཚོར་བ་མེད་པར་གཏོང་ཐུབ།[4] གོང་དུ་བརྗོད་པ་འདི་ལ་བདེན་དཔང་ངེས་ཅན་ལྡན་པར་འདོད།

གླ་རྩིའི་གྲུབ་སྟངས་ཀྱི་ཆ་ནས་རིན་ཐང་འཇལ་ཚུལ་ཡང་མི་འདྲ་སྟེ། རྡོག་པོ་གཅིག་ཏུ་འདྲིལ་བ་འོད་དང་ལྡན་པ་ནི་གླ་བའི་ནོར་བུ་ཞེས་རིན་པོ་ཆེའི་ཁོངས་སུ་བསྟན་པ་མ་ཟད་རྩི་རིལ་རྡོག་གཅིག་ཏུ་འདྲིལ་བ་མཆོག་ཡིན། རྩི་འབྲིམ་རིལ་བུ་མང་བ་འབྲིང་། རྩི་འབྲིམ་ཡང་སྲ་མཁྲེགས་ཅན་ཕྱི་ལ་ནག་རྩི་སྣུམ་འོད་ཆགས་པ་བཟང་། རྩི་ཉོབ་ཕྱེ་མ་ངན་པའོ།། ཁ་དོག་ལ་བརྟག་པ་ནི། སེར་པོ་རབ། དམར་ཁམ་འབྲིང་། ནག་པོ་ཐ་མའོ་ ཞེས་གསུངས། གང་ལྟར་ན་སྨིན་ནས་རྡོག་དང་དྲི་ངད་ཆེ་བ་ལྷད་གཞན་མ་འདྲེས་པ་བཟང་བའོ།། འདི་ཤེལ་བུམ་དང་ལྕགས་སྒམ་སོགས་རླུང་ཐུབ་པའི་སྣོད་དུ་དྲི་མི་འཆོར་བར་ཚགས་དམ་པོར་བྱ་དགོས། བྱུ་རུ་ལས་བཟོས་པའི་རྒྱན་ཆའི་རིགས་ལ་འདིའི་དྲི་ཕོག་ན་གས་ཆག་འགྲོ་བས་འཛེམས་པར་རིགས་སོ།། [5]

ཡང་ལོ་རྒྱུས་མཁས་པའི་དགའ་སྟོན་ལས། སྤུ་དེ་གུང་རྒྱལ་གྱི་དུས་སུ་དེང་གི་ཀ་སྨིར་ཕྱོགས་ཀྱི་(克什米尔)ཚོ་བ་ཁག་ཅིག་དང་དམག་འཁྲུག་རྒྱབ་དུས། བོད་ཀྱི་ཁྱད་ནོར་གླ་རྩིས་རྨས་མའི་རྨ་ཁ་གསོ་བའི་སྨན་བཅོས་ཐད་མྱོང་བ་ངོ་མཚར་ཐོན་པས་སྐད་གྲགས་བཞག་པའི་ལོ་རྒྱུས་ཡོད་ལ། རྒྱབ་ཁབ་ཕན་ཚུན་མཛའ་འབྲེལ་བྱུང་དུས་རྒྱལ་དོན་འཚམས་རྟགས་ཡང་བྱས་ཡོད། དམངས་ཁྲོད་དུ་ཉོ་ཚོང་གི་རིན་ཐང་མཐོན་པོར་སོན་པས་རིན་ཆེན་མཆོག་ཏུ་བརྩི་བ་བཞིན་ཨེ་ཤ་ཡ་དབུས་མའི་འགྲིམ་འགྲུལ་གྱི་བཞུད་ལམ་རིང་མོ་ལ་གླ་རྩིའི་ཚོང་ལམ་དུ་གྲགས་པ་ཡིན།

བོད་ཙམ་མ་ཡིན་པར་ཕྱི་གླིང་བས་བོད་ཀྱི་གླ་རྩི་བེད་སྤྱོད་བྱེད་པ་མ་ཟད་ལྷག་པར་དུ་མཐོ་རིམ་སྤྱི་ཚོགས་ཀྱི་གྲས་སུ་བེད་སྤྱོད་པ་འབོར་ཆེན་པོ་ཡོད་ལ་རིན་ཐང་ཆེ་པོར་ཡང་བརྩི།

ཧྥ་རན་སིའི་བཙན་རྒྱལ་དང་པོའི་སྐབས་སུ་གླ་རྩི་ནི་སྒེག་ལྡན་མཛེས་མའི་ཁྲོད་དུ་དར་ཆེ་བ་དང་། རྒྱལ་ཡུམ་ཡོས་སེ་ཧྥེན་ནས་(约瑟芬娜)གླ་རྩི་མང་པོ་འཐུང་བས་ཁོ་མོའི་གསང་སྤྱོད་ཁང་དུ་མོ་རང་སྐུ་གཤེགས་རྗེས་ཀྱི་ལོ་40ནང་དུ་ད་དུང་གླ་རྩིའི་དྲི་མ་ཡལ་མེད་པར་སྨྲ་བ་འདི་ལས། ང་ཚོའི་མཐོང་ཐུབ་པ་ནི་བོད་ཀྱི་ཁྱད་ནོར་གླ་རྩི་ནི་ཆེས་སྔ་མོའི་དུས་ནས་ཕྱི་གླིང་བའི་མཐོ་རིམ་སྐུ་དྲག་དང་འབྱོར་ལྡན་དག་གིས་ཀྱང་བེད་སྤྱོད་བཞིན་པ་ཤེས་ཐུབ། དེང་སྐབས་ཀྱང་འཛམ་གླིང་ཡོངས་སུ་གླ་རྩིའི་བཟོས་པའི་དྲི་ཆབ་བམ། དྲི་ཞིམ་དོར་ཆུ་ཤེལ་དེམ་ཆུང་བ་ 1g གཅིག་ཅན་ཞིག་ལ་ཨ་སྒོར་$100 [6]ཡས་མས་ཡིན། བོད་ཀྱི་ཁྱད་ནོར་གླ་ལས་བྱུང་བའི་གླ་རྩིའི་དྲི་ཆབ་གཅིག་པོས་ཀྱང་བོད་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ནུས་པ་ཆེན་པོ་ཐོན་པར་འདོད།

གླ་བ་གསོ་སྟངས།

སྤྱིར་ན་རྒྱ་ཁྱོན་སྨི་གྲུ་བཞི་མ་བརྒྱ་རེའི་སར་གླ་རེའུ་བཅུ་རེ་ཙམ་དང་གླ་རྒན་ལྔ་དྲུག་ཙམ་གསོས་ཆོག གླ་གསོ་ཁང་གི་སྒོ་ལྷོ་ཕྱོགས་སུ་སྟོན་དགོས་པ་དང་། གླ་ཁང་དུ་ལྷན་ཐབས་སུ་ཆར་རླུང་འགོག་བྱེད་དང་བསིལ་གྲིབ། འཆམ་འགྲོ་བྱེད་ས་སོགས་བཟོ་སྐྲུན་བྱེད་དགོས། གླ་བའི་རྨིག་པ་སྐྱེ་རྒྱུ་རིང་དྲགས་ན་འགྲོ་རྒྱུར་གནོད་པས་གླ་བའི་འགྲོ་ལམ་ལ་རྡོ་ཧྲུག་བཏིང་ནས་རྨིག་པ་བརྡར་ཟད་ཡོང་ཐབས་བྱེད་དགོས།

གཟན་ཟོས་རྗེས་ལྡད་ལོག་ཡང་ཡང་བྱེད་པའི་རི་དྭགས་གླ་བས་རྩྭའི་ཟན་དང་འབྲུའི་ཟན་གཉིས་ཀ་ཟ་ཡང་དེའི་གྲོད་པ་ཤིན་ཏུ་ཆུང་སྟེ་ཉིན་རེར་འབྲུ་ཟན་ཁེ་(g)100 ནས་150 ཙམ་དང་། རྩྭ་ཟན་ཁེ་ 500 ཙམ་ལས་ཟ་མི་དགོས། གླ་ལ་རྩ་ཐང་རྒྱ་ཆེན་པོ་མི་དགོས་པས་གསོས་སླ། འབྲུ་ཟན་ཞེས་པ་ནི་གཙོ་བོ་སྲན་ཕྱེ་དང་། མ་རྨོས་ལོ་ཏོག་འཐག་པའི་ཕྱེ། གྲོ་ཕུག་འབྲས་ཤུན། ཡུངས་མའི་རིགས་དང་། རྩྭ་ཟན་ནི་རྩི་ཤིང་སྣ་ཚོགས་ཀྱི་ལོ་འདབ་དང་རྩྭ། སྔོ་ཚལ། ལ་ཕུག་གི་རིགས། གཞན་ལ་འཁྱུད་ནས་སྐྱེ་བའི་རྩྭ་དང་རྩི་ཤིང་སྟེ་རྒུན་འབྲུམ་གྱི་ཤིང་དང་། ཆུ་ཀུབ་ལྟ་བུའི་རྐང་དང་ལོ་འདབ་སོགས་ལ་ཟེར། སྤྱིར་ན་ཉིན་རེར་རྩྭ་ཐེངས་གཉིས་ནས་གསུམ་བར་སྟེར་དགོས་པ་དང་། རྩྭའི་ནང་དུ་ཚྭ་བརྒྱ་ཆ་ 0.5དང་། རུས་ཕྱེ་བརྒྱ་ཆ་ 1.5 བསྲེས་དགོས་ཤིང་།  འཁྲིག་སྦྱོར་མངལ་ཆགས་དང་གླེའུ་བཙའ་བའི་དུས་དང་གླ་རྩི་ལེན་པའི་དུས་སུ་དུད་འགྲོའི་འོ་མ་དང་། སྒོང་རྩམ། འོ་རྩམ་སོགས་སྟེར་དགོས། 

གླ་བ་སྡེབ་སྦྱོར་བྱེད་སྟངས།

མི་ལ་བརྟེན་ནས་གསོས་པའི་གླ་བ་རྣམས་རྩིད་གོག་(ལོ་གཅིག་དང་ཕྱེད་ཀ་) གི་དུས་སུ་འཁྲིག་སྦྱོར་བྱེད་པའི་ནུས་པ་ཡོད་རུང་གཟུགས་པའི་ཁོ་ལག་ཡོངས་སུ་རྫོགས་མེད་པས་གླ་ཕོ་ཡིན་ན། ཐོང་ཚེར་(ལོ་གསུམ) སྐབས་སུ་འཁྲིག་སྦྱོར་བྱས་ན་འཚམ། གླ་མོ་ཡིན་ན་རྩིད་གོག་ལས་འདས་ནས་ལོ་ཕྱེད་ཙམ་སོང་རྗེས། སྦྱོར་བ་དང་བོ་བྱས་ན་ལེགས། སྦྱོར་བ་བྱེད་པའི་ནམ་དུས་ནི་ལོ་རེའི་སྤྱི་ཟླ་ ༡༠ ནས་ཕྱི་ལོའི་སྤྱི་ཟླ་ ༡ པོའི་བར་ཡིན་པ་དང་། གླེའུ་བཙའ་བའི་དུས་ཚོད་ནི་ཟླ་ ༥བ་དང་དྲུག་པ་རེད། གླེའུ་གང་ཞིག་བཙས་ནས་ཟླ་བ་གཅིག་སོང་ན་རྩྭ་ལ་འཇུག་ཅིང་། ཟླ་བ་གསུམ་འདས་ན་འོ་ཐག་གཅོད་ཆོག གླ་ཕོ་གཅིག་གིས་གླ་མོ་གསུམ་ནས་ལྔ་ལ་སྡེབ་སྦྱོར་བྱེད་ཆོག གླ་མོར་གླེའུ་སྐྱེ་ཐེངས་རེ་ལ་གཅིག་ནས་གསུམ་སོགས་གྲངས་ལ་ངེས་པ་མེད། ལོ་གཅིག་ལ་གླེའུ་མངལ་ཐེངས་གཅིག་ལས་འཁོར་མི་ཐུབ།

གླ་རྩི་ལེན་སྟངས།

གླ་བ་ཕོ་ཞིག་ཡིན་ན་རྩིད་གོག་གི་དུས་ནས་གླ་རྩི་ཟགས་ཐོན་བྱེད་ཅིང་། སྤྱིར་སྤྱི་ཟླ་ ༥ པ་ནས་ ༧ པའི་བར་གླ་རྩི་ཐོན་པ་མང་། དེའི་རིང་ལ་གླ་བ་རྣམས་འཚིག་ནས་རྩྭ་ཟ་བ་ཉུང་ལ་སྡོད་ཁོམ་མེད་པར་ཕན་ཚུན་འདེད་རེས་དང་སོ་རྒྱག་རེས་བྱེད་པའི་རིགས་ཤིན་ཏུ་མང་ཡང་། གཟའ་འཁོར་གཅིག་ཙམ་སོང་རྗེས། སྔར་བཞིན་རྒྱུན་ལྡན་ཅན་དུ་འགྱུར།

གླ་རྩི་ལེན་དུས་ཐོག་མར་ལོ་གསུམ་ཡན་སོན་པའི་གླ་ཕོ་ཐབས་ཀྱིས་བཟུང་ནས་གན་རྐྱལ་དུ་བསྡམས་ཏེ། ལག་གཡོན་པས་རྩི་རྡོག་བརྟན་པོར་མནན་ལ་རྩི་ཁོག་གི་ཁ་ཕྱེས་ཐོག་ལག་གཡས་པས་རྩི་ཐུར་ (ཆེད་མངག་གླ་རྩི་ལེན་པར་སྤྱོད་པའི་ཐུར་མ་རྩེ་འཇམ་ལ་ཕྲ་བ། ཁམ་བུ་ཆུང་ཆུང་ཡུ་བ་ལེབ་མོ་གཅུས་སྒྲིམ་ཅན་) ལག་བཟུང་ཧྲིལ་བུ། རྩུབ་རིས་ཡོད་པས་སྒྲིལ་བདེ་བ་ཕྱོགས་གཅིག་ཏུ་སྒྲིལ་བས། ཤིང་གསོར་བརྒྱབ་པ་ལྟར་སྒྲིམ་གཤོག་གི་རྒྱུད་ནས་གླ་རྩི་འོང་བ་ཞིག) དལ་བུས་སྒྲིམ་པས་གླ་རྩི་འོང་། རྩི་པགས་ཀྱི་ནང་ངོས་དང་རྩི་ཁུང་གི་ཁ་བཅས་ལ་སྣད་སྐྱོན་མ་ཤོར་བ་བྱེད་དགོས་པ་དང་། ཡོ་བྱད་དང་རྩི་ཁ་བཅས་ལ་དུག་སེལ་བྱེད་རྒྱུ་གལ་ཆེ། གླ་རྩི་བླངས་ཚར་རྗེས། ངེས་པར་དུ་གླ་ཕོ་དེར་ན་ཚ་མི་ཡོང་བའི་ཆེད་གླ་རྩི་བླངས་ཤུལ་ལ་གཉན་ཁ་འཇོམས་བྱེད་ཀྱི་སྨན་བྱུགས་དགོས་པ་དང་། འབྲུ་ཟན་མང་ཙམ་སྟེར་དགོས། སྤྱིར་བཏང་ལོ་རེར་དཔྱིད་དུས་ཐེངས་རེ་ལེན་པའམ། སྟོན་དཔྱིད་ཐེངས་གཉིས་རེ་ལེན་པ་ཡང་ཡོད། 

གླ་ཕོའི་ལྟེ་བ་ནས་གླ་རྩི་བླངས་རྗེས། དེའི་དྲི་དང་མཐུ་ནུས་སོགས་མི་ཉམས་པའི་ཆེད་གཙང་བསལ་བྱས་རྗེས། ཤོག་ཐུམ་སྦྱར་ཏེ། བསིལ་ལ་བཞའ་ཚན་མེད་པའི་སྣོད་ཆས་ནང་དུ་བླུགས་ནས་བསིལ་སྐམ་གཏོང་དགོས་པ་དང་། དངོས་སུ་སྐམ་རྗེས་བཞའ་སོགས་ཕོག་ནས་འཕྲོ་བརླག་ལ་འགྲོ་བའི་རིགས་མི་ཡོང་བའི་ཆེད་ སྣོད་ཁ་ཤིན་ཏུ་བཙན་པ་ཞིག་གི་ནང་དུ་བཅུག་ནས་ཉར་ཚགས་བྱ་དགོས།

ང་རང་ཉིས་སྟོང་ལྔ་ལོར་ལེ་དབར་ཁྲི་ཡི་རྒྱང་བསྐྱོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་འགྲོ་དུས་རང་བྱུང་གདོད་མའི་ནགས་ཚལ་རྒྱ་ཆེན་པོ་སྐམ་འདུག་པ་ལ་བརྟག་དཔྱད་བྱས་པ་ལྟར་ན། ས་དེའི་གླ་བ་ཚར་སོང་བས་ཤིང་ནགས་ལ་ནད་འབུ་ཕོགས་འདུག དེ་བཞིན་དུ་གླ་བ་ཚར་ན་ས་དེའི་མི་ལ་གནོད་ཅིང་འཚེ་བའི་དུག་སྦྲུལ་ཡོང་བ་དང་། ནད་ཡམས་ངན་པ་དར་ཡོང་བ་སྨོས་མ་དགོས་པ་རེད། དེ་བས་ང་ཚོས་བོད་ཀྱི་ཁྱད་ནོར་གླ་བ་ལ་བདག་ཡག་པོ་ཞིག་བརྒྱབ་ནས། ཆེད་དུ་སྒོ་ཕྱུགས་སུ་ཉར་ན་དཔལ་འབྱོར་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐག་གིས་གཅོད་ཐུབ་པར་འདོད་དོ།། །།

 

[1] འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།
[2] འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།
[3] འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།
[4] 《ཡེ་ཤུ་ཆོས་ཚོགས་ཚོགས་མིའི་དཔེ་དེབ》ཀྱི་དེབ་དང་པོ། དཔེ་ངོས་60 པ།
[5] ཤེལ་ཕྲེང་།
[6] https://www.etsy.com