སེར་ཤུལ་རིན་ཆེན་དོན་གྲུབ།

སེར་ཤུལ་རིན་ཆེན་དོན་གྲུབ།

སེར་ཤུལ་རིན་ཆེན་དོན་གྲུབ་ནི་སེར་བྱེས་དགེ་བཤེས་ལྷ་རམས་པ་ཞིག་ཡིན་ལ། ཁོང་གིས་སེར་བྱེས་བྱ་བྲལ་ཁང་ཚན་དུ་ལོ་དྲུག་རིང་ལ་རིག་གནས་དགེ་རྒན་གནང་མྱོང་བར་མ་ཟད། ༢༠༠༨ ལོ་ནས་ད་བར་དུ། གངས་ལྷའི་ཞབས་རྗེས་སྙེག་པའི་བརྩེ་སེམས། ཤེས་རབ་བླ་འབོད། རྟོག་འགྱུའི་ང་རོ། ཤེས་རབ་ཀྱི་བདག་པོ། དཔྱོད་པའི་ལམ། སོགས་དེབ་ཕྲེང་ལྔ་ཡི་བརྩམས་མྱོང་ཡོད། ཡང་བོད་ཕྱི་ནང་གཉིས་ནས་སྔ་ཕྱིར་རྩོམ་ཡིག་མང་པོར་བྱ་དགའ་མང་པོ་ཐོབ་མྱོང་བའི་རྩོམ་པ་པོ་ཞིག་ཡིན།

རྔ་བ་ཀུན་བཟང་སྒྲོལ་མ།

རྔ་བ་ཀུན་བཟང་སྒྲོལ་མ།

ཀུན་བཟང་སྒྲོལ་མ་ནི་ཨ་མདོ་རྔ་བར་སྐྱེས་ཤིང་། རྒྱ་གར་ལ་ཡོང་ནས་ཝཱཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས། བོན་གྱི་ལྟ་གྲུབ་དང་ནང་པའི་མཚན་ཉིད་རིག་པའི་སྐོར་ལ་ཤཱ་སི་ཏྲི་དང་ཨཅཱརྱ་ཆ་ཚང་ཐོན། ད་ལྟའི་ཆར་ནང་པའི་སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་ཝཱཎའི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་ནང་ནས་འབུམ་རམས་པ་འདོན་བཞིན་ཡོད། འདས་པའི་ལོ་བཅུ་ཙམ་གྱི་རིང་ལ་བོན་གྱི་ལམ་རིམ་སྐོར་ལ་དཔྱད་ཞིབ་གནང་ནས། ཕྱི་ལོ་2022 ལོར་<<བྱང་ཆུབ་སྒྲུབ་ཐབས་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ། >>གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན། ཡང་ཁོ་མོའི་ད་ལྟའི་བར་དཔྱད་རྩོམ་དང་བསྒྱུར་རྩོམ། ལྷུག་རྩོམ། སྙན་ངག་མང་པོ་བྲིས་པའི་ཁོངས་ནས་བྱ་དགའ་ཐོབ་མྱོང་བའི་དཔྱད་རྩོམ་བཅོ་བརྒྱད་ཕྱོགས་བསྒྲིགས་བྱས་ཏེ་<<བསམ་གཞིག>>ཅེས་པའི་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་བྱས།

བྱ་སྨྱོན་པ།

བྱ་སྨོན་པ། མྱུག་མིང་།

སྐལ་བཟང་མེ་ཏོག་གམ་བྱ་སྨྱོན་པ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས་ཤིང་། ཆུང་དུས་ནས་ས་གནས་སློབ་ཆུང་སོགས་འགྲིམས། གོ་བརྒྱད་ལོར་རྒྱ་གར་དུ་འབྱོར་བ་དང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྐབས་གཉིས་པའི་མཐར་ཕྱིན་སློབ་མའི་གྲས་སུ་ཚུད་དེ་འཛིན་གྲྭ་མཐར་ཕྱིན། ༢༠༠༠ལོར་ནོར་གླིང་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཀྱིས་རྩོམ་ཡིག་འབྲི་བའི་ལས་ལ་ཞུགས་ཏེ་སྔ་རྗེས་སུ་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་སྤེལ། ༢༠༠༧ལོར་ས་མཐའི་རླུང་ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་བརྩམས། ༢༠༠༩ལོར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས། ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྒྱལ་བའི་མཛད་རྣམ་སྡེ་ཚན་དུ་རྩོམ་སྒྲིག་པའི་ལས་ཀ་བྱེད་མུས་ཡིན།

ཟླ་བ།

ཟླ་བ། སྨྱུག་མིང་།

རྩོམ་པ་པོ་ཟླ་བའི་དངོས་མིང་ལ་བཟོད་པ་རྒྱ་མཚོ་ཟེར། དུས་རབས་སྔ་མའི་ལོ་རབས་བདུན་ཅུའི་ནང་བོད་ཨ་མདོ་ལྷོ་རྒྱུད་དུ་སྐྱེས། ཕྱི་ལོ་ 1997 ལོར་རྒྱ་གར་དུ་འབྱོར་ཏེ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། ཕྱི་ལོ་ 2018 ལོར་དགེ་བཤེས་ཐོན།

རྨ་ཀླུང་ལྷ་མོ་སྐྱབས།

རྨ་ཀླུང་ལྷ་མོ་སྐྱབས།

རྨ་ཀླུང་ལྷ་མོ་སྐྱབས་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཙང་ལྷ་སྡེ་ཞེས་པའི་ཚོ་བ་དེ་ནས་ཡིན། སྤྱི་ལོ་ ༢༠༠༧ ལོར་རྒྱ་གར་དུ་སླེབས་རྗེས་ད་ལྟར་བར་དུ་སློབ་གཉེར་བྱས་ཤིང་། ཝཱ་ཎའི་རིག་རླབས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཏེ<<ཝཱ་ཎ་རིག་རླབས་དུས་དེབ་>>དང་ ༢༠༡༨ ལོར་<<དུང་སྒྲ་>>ཞེས་པའི་མཁས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་རྩོམ་སྒྲིག་བྱས། དེ་བཞིན་<<ལོ་རྒྱུས་རིག་པ་>>ཞེས་པའི་འགྱུར་དེབ་དང་། <<གཙང་བཙན་པོ་མའི་སྐོར་ཆེ་ལོང་ཙམ་བརྗོད་པ།>> <<ཁ་འབབ་བཞིའི་སྐོར་ལ་མདོ་ཙམ་དཔྱད་པ།>> <<བོད་མདོ་དབུས་མདོ་སྒང་གི་ཆུ་བོ་དག་གི་སྐོར་མདོ་ཙམ་བཤད་པ།>> <<ཆུ་ཡོས་ནས་ཤིང་འབྲུག་བར་གྱི་མཚོ་སྔོན་སྡེ་གཟར་ (1723-24) སྐོར་ལ་ཅུང་ཟད་དཔྱད་པ།>> <<མདོ་ཁམས་ཀྱི་ཆུ་བོ་ཆེན་པོ་བཞིའི་སྐོར་རགས་རམ་ཙམ་གླེང་བ་>>ཞེས་པ་ལ་སོགས་པའི་དཔྱད་རྩོམ་སྣ་ཚོགས་སྤེལ་མྱོང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ན་གཞོན་ཉམས་ཞིབ་ཚོགས་འདུའི་སྟེང་ཐེངས་འགར་གཏམ་བཤད་བྱས་པར་མྱོང་བར་མ་ཟད་དཔྱད་རྩོམ་ཡང་བཏོན་ཡོད། ཡུན་ཙམ་ལ་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཏུ་དགེ་རྒན་བྱས། ད་ལྟ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གདོད་མའི་ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་བྱེད་བཞིན་ཡོད།

ཐུབ་བསྟན་རིན་ཆེན།

ཐུབ་བསྟན་རིན་ཆེན།
ཐུབ་བསྟན་རིན་ཆེན།

ཐུབ་བསྟན་རིན་ཆེ།

ཐུབ་བསྟན་རིན་ཆེན་ནི་སྤྱི་ལོ་༡༩༩༠ལོར་སོག་རྫོང་ལྕམ་མདའ་རུ་སྐྱེས་ཤིང་། ༢༠༠༦ ལོར་གཞུང་ཆེན་སློབ་གཉེར་ཆེད་རྒྱ་གར་དུ་སླེབས། རྒྱ་གར་དུ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་བྱེད་མོས་ཡིན། སློབ་གཉེར་བྱེད་པའི་རིང་གྲྭ་ཚང་གིས་རྩོད་རྒྱུད་འཛིན་གྲྭའི་ནང་གི་སློབ་མ་རྩེ་ཕུད་བཅུ་དྲུག་ལ་རིགས་ཆུང་གི་མིང་རྟགས་གནང་སྲོལ་ཡོད་པ་བཞིན། ཁོང་ལ་སྦྱོར་ལམ་སྔ་རྒོལ་གྱི་མིང་རྟགས་ཐོབ། ༢༠༡༩ལོར་རྗེ་ཙོང་ཁ་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་སྐབས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དཔྱད་རྩོམ་འགྲན་བསྡུར་ཁྲོད་དུ་རྩེ་ཕུད་ཀྱི་གཟེངས་བསྟོད་ཕྱག་འཁྱེར་ཐོབ། ལོ་དེར་དགེ་ལྡན་འཇང་དགུན་ཆོས་ཆེ་མོར་གདན་ས་གསུམ་གྱི་མཁས་མང་འདུས་པའི་དབུས་སུ་ཚད་མའི་དམ་བཅའ་བཞག ཐེངས་འདིར་༢༠༢༡བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ཡུག་རྩོམ་རིག་འགྲན་སྡུར་ཁྲོད་དུ་ཕུལ་བྱུང་གི་གཟེངས་རྟགས་ཐོབ་པ་བཅས་སོ།