ཨོ་རྒྱན་རྡོ་རྗེ།

ཨོ་རྒྱན་རྡོ་རྗེ།
ཨོ་རྒྱན་རྡོ་རྗེ།

ཨོ་རྒྱན་རྡོ་རྗེ།

སྤྱི་ལོ་ ༡༩༧༩ ཟླ་ ༥ ཚེས་ ༡༠ ཉིན་བོད་ཁམས་སྡེ་དགེ་རུ་སྐྱེས། ཆུང་དུས་དེའི་ཕྱོགས་ཀྱི་བཀའ་བརྒྱུད་པའི་དགོན་པ་ཞིག་ཏུ་ཆོས་ཞུགས་བྱས། རྗེས་སུ་གསེར་རྟ་བླ་རུང་ཆོས་སྒར་དང་། བྱེས་ཀྱི་ལྷོ་ཕྱོགས་སེ་ར་དགོན་སོགས་སུ་སོང་སྟེ་ནང་དོན་རིག་པ་དང་ཐ་སྙད་རིག་གནས་ལ་ལོ་མང་སློབ་གཉེར་བྱས། དེ་རྗེས་༧ རྒྱལ་དབང་ཀརྨ་པ་དང་། ཏཱའི་སི་ཏུ་རིན་པོ་ཆེ་སོགས་བཀའ་བརྒྱུད་པའི་སྐྱེས་ཆེན་དུ་མར་བསྟེན་ཏེ་རང་ལུགས་བཀའ་བརྒྱུད་པའི་ཟབ་ཆོས་ལ་རོལ་རྒྱུའི་སྐལ་བཟང་ཐོབ། ༢༠༠༩ ལོར། “རེ་དོགས་ཀྱི་ཁུར་པོ།” ཞེས་པའི་གནའ་རྩོམ་དང་དེང་རྩོམ་ལྷན་དུ་བསྡེབས་པའི་སྒེར་གྱི་རྩོམ་དེབ་ཅིག་དཔར་སྐྲུན་བྱས། དེ་བཞིན་“སོ་སོར་ཐར་པའི་འདུལ་བ་རབ་ཏུ་ཕྱེ་བ་གོ་སླ་གནད་ཀུན་བསྡུས་པ།” ཞེས་པ་དམ་ཆོས་འདུལ་བའི་གཞི་བཅུ་བདུན་གྱི་དགག་སྒྲུབ་བསླབ་བྱ་ཀུན་འདུས་པ་ཞིག་ཚིག་བཅད་ཀྱི་ལམ་ནས་བྲིས་ཏེ། ༢༠༡༤ ལོར་བོད་ནས་དེབ་གཟུགས་སུ་དཔར་དུ་བསྐྲུན།
༢༠༡༡ ལོ་ནས་སྟག་ལུང་དོ་པ་རིན་པོ་ཆེའི་བཀའ་དགོངས་བཞིན། ནང་བསྟན་གསུང་རབ་སྤྱི་དང་བྱེ་བྲག་ཏུ་སྟག་ལུང་བཀའ་བརྒྱུད་པའི་དཔེ་རྒྱུན་དཀོན་རིགས་དཔེ་སྐྲུན་བྱེད་སའི་“སྟག་ལུང་ཆོས་མཛོད་དཔེ་སྐྲུན་ཁང་”ཞེས་པ་བཙུགས་ཏེ། གསུང་རབ་དཔེ་རྙིང་དཔར་སྐྲུན་གྱི་གཙོ་འགན་རྩོམ་སྒྲིག་པ་བྱས།
༢༠༡༣ ལོ་ནས་བཟུང་༸རྒྱལ་དབང་ཀརྨ་པའི་མཛད་འཕྲིན་ལ་ཞབས་འདེགས་ཡོང་ཆེད། བཀའ་བརྒྱུད་དགུན་ཆོས་དང་བཀའ་བརྒྱུད་སྨོན་ལམ་ཚོགས་དུས་ཀྱི་གོ་སྐབས་དང་བསྟུན་ཏེ། དམར་སེར་གྱི་འདུས་སྡེའི་དད་ལྡན་པའི་སེམས་གཤིས་དང་འཚམས་པའི་ཀུན་སྤྱོད་ཁྱེར་དགོས་ཚུལ་དང་། མི་གྲལ་དུ་སྤྱོད་ནས་གཞན་དོན་སྒྲུབ་དགོས་ཚུལ་གྱི་བརྗོད་གཞི་ལས་གྲུབ་པའི་རྩོམ་ཡིག་སྣ་འཛོམས་འཁོད་པའི་གསར་ཤོག་(བཀའ་བརྒྱུད་སྨོན)་ཞེས་པ་ཞིག་གི་རྩོམ་སྒྲིག་པའི་འགན་ཡང་ཁུར། བོད་ཕྱི་ནང་གཉིས་ནས་“སྙན་རྩོམ”་དང་། “འབོལ་རྩོམ”་གཙོས་པའི་རྩོམ་རིག་འགྲན་བསྡུར་སྐབས་སུ་ཨང་རིམ་རྩེར་སོན་གྱི་བྱ་དགའ་ཡང་ཐེངས་དུ་མ་བླངས། ད་རེས་ ༢༠༢༡ལོའི་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་ཁྲོད་དུ་ཕུལ་བྱུང་གི་གཟེངས་ཐོབ་པ་བཅས་སོ།

བློ་གྲོས་ཆོས་བཟང་།

བློ་གྲོས་ཆོས་བཟང་།
བློ་གྲོས་ཆོས་བཟང་།

མཚན་ཡོངས་ལ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ཞེས་འབོད། ཁོང་ནི་བཞུགས་སྒར་དུ་ཡོད་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་ལམ་དགེ་རྒན་རིས་མེད་སློབ་དཔོན་ཡིན་པ་དང་། ཁོང་བོད་དུ་འཁྲུངས་ཤིང་། རྗེས་སུ་རྒྱ་གར་ལ་འབྱོར་རྗེས་ ༡༩༩༥ལོར་རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཞུགས། ༢༠༠༣ རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་སྟེ། ༢༠༠༦ ལོར་དབུ་མ་རབ་འབྱམས་པའི་ལག་ཁྱེར་བླངས། དཔལ་སྤུངས་ཤེར་རབ་གླིང་དུ་འདུལ་བ་ལོ་གཉིས་སློབ་གཉེར་གནང་རྗེས་༢༠༡༠ལོར་ནང་ཆོས་ཐོག་Ph.d རིས་མེད་སློབ་དཔོན་གྱི་འབུམ་རམས་པའི་ལག་ཁྱེར་ཐོབ། ༢༠༡༠ ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་གནང་མུས་ཐོག “ཀླད་པ་ལས་འདས་བའི་ཤི་བའི་རྗེས་ཀྱི་གནད་དོན།” དང་། “ཡང་སིངྒལའི་དེབ་ཐེར་དུ་འཁོད་པའི་རབས་ཆེན་བོད་མི།” ཞེས་པའི་དེབ་དང་དཔྱད་རྩོམ་མང་དུ་སྤེལ་བ་དང་བཅས་སོ།

བྱ་སྨྱོན་པ།

བྱ་སྨྱོན་པ།
བྱ་སྨྱོན་པ།

སྐལ་བཟང་མེ་ཏོག་གམ་བྱ་སྨྱོན་པ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས་ཤིང་། ཆུང་དུས་ནས་ས་གནས་སློབ་ཆུང་སོགས་འགྲིམས། ༡༩༩༨ ལོར་རྒྱ་གར་དུ་འབྱོར་བ་དང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྐབས་གཉིས་པའི་མཐར་ཕྱིན་སློབ་མའི་གྲས་སུ་ཚུད་དེ་འཛིན་གྲྭ་མཐར་ཕྱིན།

༢༠༠༠ ལོར་ནོར་གླིང་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཏེ་རྩོམ་ཡིག་འབྲི་བའི་ལས་ལ་ཞུགས། སྔ་རྗེས་སུ་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་བརྒྱ་ལྷག་སྤེལ། ༢༠༠༧ ལོར་ས་མཐའི་རླུང་ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་བརྩམས། ༢༠༠༩ ལོར་PEN པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྒྱལ་བའི་མཛད་རྣམ་སྡེ་ཚན་དུ་རྩོམ་སྒྲིག་པའི་ལས་ཀ་བྱེད་མུས་བཅས།

ཚེ་རིང་བཀྲ་ཤིས།

ཚེ་རིང་བཀྲ་ཤིས།
ཚེ་རིང་བཀྲ་ཤིས།

ཚེ་རིང་བཀྲ་ཤིས་ནི་ ༡༩༩༩ ལོར་རྒྱ་གར་བྱང་ཤར་མོན་རྟ་དབང་དུ་སྐྱེས་ཞིང་། ༢༠༠༨ལོར་ཆོས་སྡེ་ཆེན་པོ་རྟ་དགོན་དུ་ཆོས་གྲྭར་ཞུགས། ༢༠༡༧ ལོར་འཛིན་གྲྭ་བརྒྱད་པ་སློབ་ཐར་ཕྱིན་ཏེ་ཝྭ་ཎ་མཐོ་སློབ་ཏུ་འཛུལ་རྒྱུགས་ཀྱི་ལམ་ནས་ཞུགས། ད་ལྟ་ཝྭ་ཎ་མཐོ་སློབ་ཏུ་འཛིན་རིམ་དབུ་གོང་དང་པོར་སློབ་སྦྱོང་བྱེད་བཞིན་པ་ཡིན།

ཀུན་བཟང་སྒྲོལ་མ།

ཀུན་བཟང་སྒྲོལ་མ།
ཀུན་བཟང་སྒྲོལ་མ།

ཀུན་བཟང་སྒྲོལ་མ་ནི་བོད་དུ་སྐྱེས་ཤིང་། རྗེས་སུ་རྒྱ་གར་གྱི་ཝ་ཎ་མཐོ་སློབ་ཏུ་བོན་དང་ནང་པའི་མཚན་ཉིད་རིག་པར་སློབ་སྦྱོང་གནང་། འདས་པའི་ལོ་བརྒྱད་ཀྱི་ནང་ལ་ཁོ་མོས་བོན་གྱི་མཚན་ཉིད་རིག་པའི་སྐོར་བོད་སྐད་ནས་དབྱིན་བསྒྱུར་གྱི་ཕྱག་ལས་གནང་མྱོང་ཡོད། ཁོ་མོས་རྒྱལ་སྤྱིའི་གཞོན་སྐྱེས་ཀྱི་རྩོམ་པ་པོའི་ཚོགས་ཆེན་མང་པོར་ཞིབ་འཇུག་གི་རྩོམ་ཡིག་མང་པོ་འགྲེམས་སྤེལ་བྱས་མྱོང་ལ། བོད་རིག་ན་གཞོན་རྩོམ་པ་པོ་མང་པོས་དགའ་བསུ་ཐོབ་པའི་རྩོམ་པ་པོ་ཞིག་ཡིན།