ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ།

ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ།

༢༠༢༠ལོར་ཕུལ་བྱུང་གི་བྱ་དགའ་ཐོབ་པའི་རྩོམ་ཡིག

རྟ་གྲྭ་ཚེ་རིང་བཀྲ་ཤིས།

རྟ་གྲྭ་ཚེ་རིང་བཀྲ་ཤིས།

སྔོན་གླེང་།

མཆོད་པར་བརྗོད་པ།

མཚན་དཔེས་བརྒྱན་པའི་འོད་སྟོང་འབར་བའི་སྐུ།།
ཐུགས་རྗེ་ཆེན་པོས་དགའ་བདེ་རབ་སྐྲུན་ཞིང་།།
གཟུགས་ཅན་མི་ཡི་རྣམ་རོལ་སྤྱན་རས་གཟིགས།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོར་འདུད།།

ཅེས་སྐྱབས་ཡུལ་དམ་པ་ལ་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་གུས་ཀྱིས་གླེང་བར་བྱ་བ་ནི་”ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ་”ཞེས་པའི་བརྗོད་གཞི་ཐོག་སྡེ་ཚན་འགའ་ཕྱེ་སྟེ་བརྗོད་པར་སྤྲོ། 

༡༽ ཅི་ཞིག་ལ་ཁོར་ཡུག་ཟེར།

ཅི་ཞིག་ལ་ཁོར་ཡུག་ཟེར་རམ་ཞེ་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། “ཉི་མས་དྲོ་ཞིང་ཟླ་བས་བསིལ།། ཆུ་གཙང་མཁའ་དབུགས་རྩི་ཤིང་ལྡན།། གྲངས་མེད་སྐྱེ་བོར་ཆུ་བཅུད་སྟེར།། འདི་ནི་རང་བྱུང་ཁོར་ཡུག་གོ།”[1]ཞེས་གསུངས་པ་ལྟར་ས་ཆུ་མེ་རླུང་ཤིང་ལ་སོགས་པ་འགྲོ་བ་སེམས་ཅན་གྱི་གནས་ཆགས་སའམ། རང་བྱུང་གི་བཀོད་འམ། མིས་བཟོ་བཅོས་བྱས་པའི་ཉེ་འཁོར་གྱི་བྱ་དངོས་ཐམས་ཅད་ལ་ཁོར་ཡུག་ཅེས་ཟེར། སྤྱིར་སའི་གོ་ལ་སྣ་ཚོཊ་ཤིག་ཡོད་ཀྱང་།  གོ་ལ་གཞན་ནི་རང་བྱུང་གི་བཀོད་པ་བྲལ་བས་འགྲོ་བ་སེམས་ཅན་གནས་ག་ལ་ཆགས། འཛམ་གླིང་སའི་གོ་ལ་འདི་ཉིད་ནི་ཚ་ཚད་དྲོད་སྙོམས་ཤིང་མཛེས་སྡུག་རྣམ་པར་བཀྲ་བའི་རང་བྱུང་གི་བཀོད་པ་མང་ལ། འགྲོ་བ་སེམས་ཅན་གྱི་འཚོ་བ་ལོངས་སུ་སྤྱོད་བྱའམ་གནས་ཆགས་ས་ནི་འཛམ་གླིང་སའི་གོ་ལ་འདི་ཉིད་ཡིན།  སྤྱིར་ཁོར་ཡུག་ལ་རང་བྱུང་དང་འཛུགས་སྐྲུན་རྣམ་པ་གཉིས་མཆིས་ཤིང་། རང་བྱུང་ནི་འཛུགས་སྐྲུན་མ་ཡིན་པས་ས་ཆུ་མེ་རླུང་སོགས་དང་འགྲོ་བ་མིས་བཟོས་པའི་ཁང་ཁྱིམ་སོགས་མ་ཡིན་པ་རྣམས་སོ།

ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཧ་ཅང་གི་འབྲེལ་བ་དམ་ཟབ་ག་ལ་མེད། ནང་བཅུད་ཀྱི་སེམས་ཅན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཁོར་ཡུག་ལ་མ་བརྟེན་པ་མེད་པས་ཧ་ལམ་གཅིག་ལ་གཅིག་བརྟེན་ཡིན།  མདོར་ན་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ཚེ་སྲོག་གི་ངུ་སྐད་ཐོག་མ་གྲགས་ནས་དབུག་མཐའ་མ་ཆད་བར་དུ་ཁོར་ཡུག་ལ་དུས་སྐད་ཅིག་ཙམ་ཡང་མ་བརྟེན་པ་མེད།

 

[1] དེང་རབས་ཤེས་བྱའི་རླབས་ཕྲེང་། བླང་དོར་བཀའ་སློབ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད།

༢༽ ཁོར་ཡུག་དང་ནད་རིགས་བར་འབྲེལ་བ་གླེང་བ།

དེང་རབས་ཀྱི་དུས་ནི་སྙིགས་མ་ལྔ་བདོ་བའི་དུས་ཞེས་གནའ་སྔོན་མ་ལས་འགྲོ་བ་མིའི་སྤྱི་ཚོཊ་ནང་ནད་གསར་སྣ་ཚོགས་ཤིག་བྱུང་གིན་ཡོད་པ་བཤད་ཅི་དགོས།  ནད་གསར་ཅི་རིགས་ཤིག་ངལ་བ་བརྒྱ་ཕྲག་བརྟེན་ཏེ་ཐབས་ཤེས་ཡོད་དགུ་བཙལ་ཀྱང་སྨན་བཅོས་མ་ནུས་པར་རང་ཉིད་རིན་བྲལ་ཚེ་སྲོག་ཕོངས་དགོས་པ་མིག་མཐོང་ལག་ཟིན་ཡིན། དེ་བཞིན་དུ་ད་ལྟ་རྒྱ་ནག་རྒྱ་ཁབ་ཆེན་པོའི་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡུལ་གྲུ་ཀུན་ལ་རླུང་བཞིན་ཁྱབ་བརྡལ་དུ་ཕྱིན་ཏེ་འཛམ་གླིང་ཁ་ཆག་རྣ་རལ་གྱི་གནས་སུ་འགྱུར་ཡོད། དེ་ཚོ་ཚང་མ་ཉིན་རེ་བྱ་བའི་རྣམ་བཞག་འགྲེང་ཆགས་ཉལ་འདུག་གི་འཕྲོད་བསྟེན་ལ་སྐྱོན་ཤོར་བ་དང་རང་ཉིད་འཚོ་ས་ཁོར་ཡུག་ལ་དོ་ཕོག་ཆེ་བས་བྱུང་བ་སྨོས་མི་དགོས། འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་ཚང་མའི་ཚེ་སྲོག་འབྱུང་བ་ལྔ་ལ་བརྟེན་ཡོད་ཅིང་། ཇི་ཙམ་གྱི་ཕྱི་སྣོད་ལ་དོ་ཕོག་ཆེ་བ་དེ་ཙམ་གྱིས་ཆར་ཆུ་དུས་སུ་མི་འབབ་པ།  ལོ་ཕྱུགས་རྟག་ཏུ་མི་ལེགས་པ། ནད་ཡམས་ཅི་རིགས་ཤིག་འཕེལ་བ་སོགས་རྐྱེན་ངན་སྣ་ཚོགས་ཤིག་བྱུང་གིན་ཡོད། དེ་ལས་ལྡོག་སྟེ་རང་ཉིད་འཚོ་གནས་འཛམ་བུ་གླིང་འདི་ཇི་ཙམ་གྱི་མཛེས་སྡུག་གི་རྣམ་པར་བཀྲ་བའི་ཁོར་ཡུག་ཤིག་བསྐྲུན་ན་དེ་ཙམ་ཀྱི་ནད་ཡམས་ཉུང་དུ་མཆེད་པ། དངངས་སྐྲག་དང་འཇིག་སྣང་མེད་པ་སོགས་རང་བཞན་སེམས་ཅན་ཚང་མ་བཀྲ་ཤིས་པ་དང་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་ཐུབ། སྔར་ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་ཤར་མི་མྱོང་བའི་དེང་སང་འཛམ་གླིང་ཚ་དྲོད་མང་དུ་འཕེལ་བ། རང་བྱུང་གི་རྒྱུག་ཆུ་སྐམ་པ། ནད་ཡམས་གསར་པ་ཅི་རིགས་ཤིག་འཕེལ་བ་ལ་སོགས་པ་ཡོད་དོ་ཅོག་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ལས་བྱུང་བ་ཤ་སྟག་ཡིན།  དེའི་ཕྱིར་འགྲོ་བ་སེམས་ཅན་དང་ཁོར་ཡུག་བར་འབྲེལ་བ་དམ་པོ་ཡོད་པ་ཤེས་པའི་ཐོག་ནས་ནད་རིགས་ལས་སྐྱོབ་ཐབས་ལ་ཁོར་ཡུག་ལ་བདག་སྲུང་ལེགས་པོ་བྱེད་དགོས་སྙམ།

༣༽ ནད་རིགས་ཀྱི་འབྱུང་རྐྱེན་དང་སྔོན་འགོག

དང་པོ་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ་ལ་ཆོས་ཀྱི་ཐོག་ནས་བཤད་ན་ལས་དང་ཉོན་མོངས་པ་ཞེས་གཙོ་བོ་མ་རིག་པ་ལ་ཐུག་ཡོད་མོད། འོན་ཀྱང་། ནད་རིགས་འབྱུང་རྐྱེན་གཙོ་བོ་ནི་རང་ཉིད་སྐྱེད་སྲིང་བྱེད་ས་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་དྲགས་པ་དང་འཕྲོད་བསྟེན་གྱི་ཕོངས་པ་ལས་བྱུང་བ་ཤ་སྟག་ཡིན། དེང་དུས་ཕྱི་དངོས་པོ་རིག་གནས་ཡར་རྒྱས་ཆེས་མྱུར་བའི་ནང་ཡ་རབས་སྤྱོད་བཟང་གི་མ་འདང་བས་འཛམ་གླིང་འདིའི་སྟེང་དུ། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། རྙོག་གྲ་ཆེ་ཕྲ་ཆུང་གསུམ་ཅི་རིགས་ཤིག་བྱུང་གི་ཡོད།  དེ་བཞིན་དུ་ནད་རིགས་ཀྱང་སྣ་ཚོཊ་ཤིག་གཅིག་གིས་གཅིག་ལ་ཐུབ་ཚོད་དང་བསླུ་བྲིད། ང་རྒྱལ། ཕྲག་དོག འདོད་རྔམ་སོགས་ལས་བྱུང་བ་འབའ་ཞིག་ཡིན། དཔེ་མཚོན་ཙམ་ཞིག་བཀོད་ན། ཉོ་ཆ་ཚལ་གཅིག་ཡན་ཆད་(chemical )རྫས་སྦྱོར་འདྲ་མིན་བླུགས་ཏེ་ཕྱིའི་མཐོང་ཚུལ་ལ་མཛེས་ཤིང་སྡུག་པ་ཙམ་ལས་དངོས་པོའི་གནས་ཚུལ་ལ་བསླུ་བྲིད་ཀྱིས་ཁེངས་ནས་གཙོང་གི་ཡོད་པ་གོར་མ་ཆག  དེར་བརྟེན། འཛམ་གླིང་འདིའི་སྟེང་ནད་རིགས་མང་དུ་མཆེད་པ།  དངངས་སྐྲག་དང་འཇིགས་སྣང་སོགས་ཚང་མ་ནང་སེམས་པ་འདུལ་མི་ཐུབ་པ་ལས་བྱུང་བ་ཁོ་ན་ཡིན། དེ་འགོག་ཐབས་ལ་གཙོ་བོ་རྩ་བ་དེ་དྲངས་ཕྱུང་དགོས་པ་མ་ཟད། གཙོ་བོ་ལུས་ཀྱི་འཕྲོད་བསྟེན་ལ་གང་གཟབ་དང་། རང་ཉིད་འཚོ་ས་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་དགོས་པ་ཆེས་གལ་འགངས་ཆེ།  ཇི་ཙམ་གྱིས་ཁོར་ཡུག་ལ་བདག་གཅེས་བྱས་པ་དེ་ཙམ་གྱིས་ཁོར་ཡུག་དེར་གནས་པའི་འགྲོ་བ་མི་ཙམ་མ་ཡིན་པར་སྲོག་ཆགས་ཀུན་ལ་ཕན་པ་རླབས་ཆེན་ཡོད་པ་བཤད་ཅི་དགོས།  ཁོར་ཡུག་སྲུང་སྐྱོབ་ཟེར་བ་ནི་སེམས་ཅན་སྤྱི་ལ་སྨན་པའི་ཕན་པ་རླབས་ཆེན་ཞིག་ཡིན་པར་བརྟེན། གོང་དུ་བཀོད་པའི་ང་རྒྱལ། ཕྲག་དོག འདོད་རྔམ། བསླུ་བྲིད་ལ་སོགས་པ་ལྟ་བ་སྙིགས་མ་རྣམས་རྒྱང་དུ་དོར་ནས་འགྲོ་བ་ཀུན་ལ་ཕན་པའི་ཁོར་ཡུག་སྲུང་སྐྱོབ་ལས་བྱ་ལྟ་བུ་སྤེལ་ཐུབ་ན་སྤྱི་ཚོགས་སུ་ནད་རིགས་ཉུང་བ་དང་། རང་བྱུང་གིས་གནོད་པ་མི་ཡོང་བ་སོགས་ཕན་པ་རླབས་ཆེན་ལྡན་པས་དེ་ལས་སྔོན་འགོག་ལྷག་པ་ཞིག་ག་ལ་ལྡན་ཡོད་དོ།

༤ ༽ ཁོར་ཡུག་ཉམས་པའི་རྒྱུ་རྐྱེན་དང་སླར་གསོའི་ཐབས་གླེང་བ།

སྤྱིར་ད་ལྟའི་དུས་ནི་སྙིགས་མ་ལྔ་བདོ་བའི་འགྲོ་བ་མི་ཀུན་ཟིང་ཆ་ཆེ་བའི་འཁྲུག་ཆ་འདོད་པ་མ་ཟད། མི་འབོར་ཡང་སྔོན་ལས་ད་ལྟ་ལྡབ་གཉིས་གསུམ་མང་དུ་ཕྱིན་པས་ཕྱོགས་གང་ཅིའི་འཐད་ནས་ཉམས་པའི་རྒྱུུ་རྐྱེན་ཤིན་ཏུ་མང་།  སོ་སོའི་ཤེས་ཚད་དང་བསྟུན་ཏེ་རྒྱུ་རྐྱེན་གཉིས་གསུམ་ཞིག་བརྗོད་ན།  ཁོར་ཡུག་གལ་ཆེན་ཡིན་པ་མ་རྟོགས་ནས་སྒེར་དོན་གཙོ་བོ་འཛིན་ཏེ་བཟོ་སྐྲུན་གྱི་ལས་བྱ་སྣ་ཚོགས་སྤེལ་བ།  ཤིང་ནགས་ཚད་མེད་གཅོད་འབྲེག་བྱས་ནས་ཚོང་རྒྱབ་པ།  ཤིང་ནགས་དང་ས་ཞིང་རྒྱ་ཆེན་སོགས་ཕན་གནོད་ལ་མི་བལྟ་བར་གློག་ཁང་རྒྱ་ཆེན་དང་། མོ་ཊ་(རླངས་འཁོར་)ལམ་ཁ་རྒྱ་ཆེན་ལ་སོགས་པ་བཅས་ཡིན། དེང་སང་ཚན་རིག་གིས་ལས་བྱ་སྣ་ཚོགས་ཤིག་སྤེལ་ཡོང་དུས་འཕྲལ་གྱི་འཚོ་བ་སྐྱེལ་སྟངས་ལ་ཅུང་བདེ་ཡང་དོན་དངོས་སུ་དགོས་པ་ལས་མང་བ་གནོད་ཀྱིན་ཡོད། དཔེར་ན། བཟོ་གྲྭ་ག་རེ་བཙུགས་པ་ཡིན་ནའང་འགྲོ་བ་མི་འཚོ་བ་ལ་ཅུང་ཕན་ཡང་དོན་ངོ་མར་གོ་ལ་འདིར་གནས་པས་ཚེ་སྲོག་ཚང་མ་ལ་གནོད་ཀྱིན་ཡོད། 

འཛམ་གླིང་སའི་གོ་ལ་འདིར་མི་ལོ་ཉི་ཤུ་གོང་ལ་ཁོར་ཡུག་གི་དཀའ་ངལ་དེ་ཙམ་མེད་པས། ༢༠༠༠ ལོ་ནས་བཟུང་འཛམ་གླིང་ཡོངས་ལ་ཁོར་ཡུག་གི་དཀའ་ངལ་རིམ་བཞིན་བྱུང་ཞེས་མི་རབས་རྒན་པ་ཚོའི་གསུང་གོ་མྱོང་།

གཉིས་པ་སླར་གསོའི་ཐབས་གླེང་བར་བྱ་བ་ལ་ཁོར་ཡུག་ཅེས་པ་གལ་ཆེན་ཡིན་མིན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་གོ་རྟོགས་དགོས།  ཁོར་ཡུག་གལ་ཆེན་ཡིན་མིན་དང་། དོན་གྱི་གནས་ལུགས་མ་རྟོགས་པར་ཁོར་ཡུག་སྲུང་སྐྱོབ་ཅེས་ཚིག་སྐམ་དེ་རང་གི་དགྲ་ངོ་མ་ཤེས་ནས་དགྲ་གསད་རྒྱུ་ཟེར་བ་དང་ཅི་མི་མཚུངས།  དེར་བརྟེན་། ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་མིན་དང་མི་རེ་ངོ་རེའི་ཆེས་ལྕི་བའི་འགན་འཁྲི་ཡོད་པ་རྟོགས་དགོས་པ་གལ་འགངས་ཆེ། འཛམ་བུ་གླིང་ནང་ཁོར་ཡུག་གི་ཉིན་མོ་གཙོ་བོར་གྱུར་པའི་དེ་དང་འབྲེལ་བའི་ཉིན་མོ་སྲུང་བརྩི་མང་པོ་བྱེད་བཞིན་ཡོད། དེ་ནི་དགོས་མེད་དམ་དོན་མེད་སྲུང་བརྩི་བྱེད་པ་ག་ལ་ཡིན། དེས་ཁོག་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་དགོས་པའི་གོ་བརྡ་སྤྲོད་ཀྱིན་ཡོད་པ་དང་གལ་ཆེན་ཡིན་པ་མཚོན།  འ་ཅག་བོད་ཀྱི་གཏམ་དཔེ་ལ་”ཁ་བཤད་ཆུ་ཡི་ཝུ་བ། །ལག་ལེན་གསེར་གྱི་ཐིག་པ།།”ཞེས་པ་ལྟར་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ལག་ལེན་ཏིལ་འབྲུ་ཙམ་མེད་པའི་རང་དོན་ཁོ་ན་འཛིན་མཁན་སྐྱེས་བུ་རྣམས། རང་ལྟ་མཆོག་འཛིན་དང་ཀླད་རྙིང་མཁྲེགས་བཟུང་གི་ལྟ་བ་རྣམས་རྒྱང་དུ་དོར་ནས་ཁོར་ཡུག་སྲུང་སྐྱོབ་ལ་འབད་དགོས་པ་ཤིན་ཏུ་ནས་གལ་དགངས་ཆེ། ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་། གཞན་ལ་ཕན་ན་ཆོས་ཡིན་གསུང་པ་ལྟར་དེ་ནི་སེམས་ཅན་སྤྱི་ཡོངས་ལ་ཕན་པའི་བྱ་བ་ཞིག་ཡིན་ནོ།

མཇུག་གཏམ།

བོད་ཀྱི་སྤྱི་ཚོགས་སུ་ཁོར་ཡུག་སྐོར་གྱི་འགྲོ་གླེང་དང་། གོ་རྟོགས་སྤེལ་སའི་ལྡིངས་ཆ་སྐྲུན་རྒྱུ་སོགས་ལ་དམིགས་ནས་ལྷག་བསམ་ནམ་མཁའ་ལྟར་ཡངས་པའི་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་འབྲི་རྩོམ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པའི་གསེར་དང་མཚུངས་པའི་གོ་སྐབས་བཟངཔོ་དེར་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པའི་གཏམ་དཔེ་ལྟར། རང་ཉིད་ཀྱི་འབྲི་རྩལ་དང་མཐོང་རྒྱ་ཐོས་རྒྱ་ཤིན་ཏུ་ཞན་ཡང་རང་ཉིད་ཀྱི་རྕོམ་རྩལ་ཡར་རྒྱས་ཀྱི་ཆེད་”ཁོར་ཡུག་ལས་འཕྲོས་པའི་ནད་རིགས་ཀྱི་འབྱུང་རྐྱེན་གླེང་བ་”ཞེས་པའི་བརྗོད་གཞི་ཐོག་གུས་པའི་རྨོངས་འཆར་དང་འབྲེལ་ནས་གཏམ་འགའ་འབྲི་ཁུལ་བྱས་པ་ཡིན། ཚིག་ཚོགས་མང་བའི་རྩོམ་ཤོག་འདིར་བརྡ་སྤྲོད་དང་སྡེབ་སྦྱོར་ཀློག་མི་བདེ་བ་སོགས་ཕྱོགས་གང་ཅིའི་འཐད་ནོར་འཁྲུལ་མཆིས་པས་དགོངས་འཁྲོལ་ཡོང་བ་ཞུ་བ་དང་། མཐའ་དོན་འཛམ་གླིང་ཞི་བདེའི་དད་དཔོན་༸གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས་མཇུག་བསྡུ་བའོ།

 

ཟུར་བལྟའི་དཔེ་དེབ།

 

2 )དེང་རབས་ཤེས་བྱའི་རླབས་ཕྲེང་། བླང་དོར་བཀའ་སློབ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད།

3) ཁོར་ཡུག་ལམ་སྟོན་དང་། བྱམས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ཕྱོགས་བསྡེབས། ༸གོང་ས་མཆོག་གིས་མཛད།

ཁོར་ཡུག་དང་ན་ཚ་གླེང་བའི་གཏམ།

ཁོར་ཡུག་དང་ན་ཚ་གླེང་བའི་གཏམ།

༢༠༢༠ལོར་ཨང་གཉིས་པ་ཐོབ་པའི་རྩོམ་ཡིག

བྱ་སྨྱོན་པ།
བྱ་སྨྱོན་པ།
སྔོན་གླེང་།

སྤྱིར་ཁོར་ཡུག་ནི་འགྲོ་བ་མིའི་འཚོ་གནས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ཁོར་ཡུག་གཙང་བཙོག་ལ་བརྟེན་ནས་སྤྱི་ཚོགས་གོང་འཕེལ་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཁོར་ཡུག་གི་ལོངས་སྤྱོད་ནི་ཁ་ཐུག་གི་དགོས་མཁོ་ཙམ་མ་ཡིན་པར་མ་འོངས་པར་བསམ་བློ་གཏོང་རྒྱུ་གལ་ཆེ། ཉེ་ཆར་འཛམ་གླིང་གི་ཕྱོགས་གང་སར་མི་ལ་ནད་ཡམས་དང་ཆག་སྒོ། མུ་གེ་སོགས་བསྟུན་མར་ཡོང་གིན་ཡོད་པ་ནི་ཁོར་ཡུག་ལ་བརྩི་འཇོག་དང་སྲུང་སྐྱོབ་མ་བྱས་པའི་མཇུག་འབྲས་རེད། དེང་གི་དུས་འདིར་འཛམ་གླིང་སྟེང་ཚན་རྩལ་དང་དཔལ་འབྱོར་རིག་གནས་སོགས་དར་ཁྱབ་ལ་བརྟེན་ནས་གོང་འཕེལ་གྱི་ཚ་རླབས་འཕྱུར་གྱིན་ཡོད། དེ་བཞིན་ཁོར་ཡུག་འཛུགས་སྐྲུན་དང་བཅོས་བསྒྱུར། སྲུང་སྐྱོབ་ཀྱི་རྩ་ཁྲིམས་མང་པོ་ཞིག་ཀྱང་དྲིལ་བསྒྲགས་བྱེད་བཞིན་ཡོད་པས། ང་ཚོས་ཀྱང་རང་བདག་རང་གཅེས་ཀྱི་དཔེ་ལྟར། ཁོར་ཡུག་གི་ཤེས་བྱ་དང་ལས་དོན་གང་མང་སྒྲུབ་པར་འབད་བརྩོན་བྱེད་དགོས་པ་ཡིན།      

གཅིག བོད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཤུགས་རྐྱེན་གླེང་བ།

བོད་ཀྱི་ཁོར་ཡུག་ནི་རི་མཐོ་ཞིང་ས་གཙང་བ། མཁའ་དབུགས་བསིལ་བ་ཞེས་བོད་ཙམ་མ་ཡིན་པར་འཛམ་གླིང་མི་མང་གིས་བཤད་ཀྱིན་ཡོད་ལ། བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ནང་དུའང་བོད་ཀྱི་རང་བྱུང་ཁོར་ཡུག་ནི་མཛེས་ཤིང་ལྟ་ན་སྡུག་པ་སྟེ།  གངས་རི་དང་རྩྭ་ཐང༌། ནགས་ཚལ། མཚོ་དང་མཚེའུ། གཙང་བོ་བཅས་དགེ་བཅུ་འཛོམས་པའི་ཡུལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དྲང་མོར་ཞུ་ན། འཇིག་རྟེན་གྱི་ནོར་མཆོག་ཏུ་གྱུར་ཡོད། སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ཡང་དག་ཅིག་འབྱུང་དགོས་ན། རང་བྱུང་ཁོར་ཡུག་ལ་རག་ལས་ཤིང་གཙོ་བོ་རི་ཆུ་ནགས་གསུམ་དང་སྐྱེ་དངོས་སྲོག་ཆགས་སྲུང་སྐྱོབ་ལ་བརྟེན་ནས་འཛམ་གླིང་སྟེང་འཕེལ་རྒྱས་ཀྱི་ཆ་མང་པོ་ཞིག་ལྷུན་གྱིས་འགྲུབ་ཡོང་གིན་ཡོད། ཡིན་ནའང་གནས་སྐབས་ཀྱི་གོང་འཕེལ་དང་བདེ་སྐྱིད་དེས་འཛམ་གླིང་སྟེང་འཇིག་ཉེན་མང་པོ་ཞིག་བསྐྱལ་ཡོང་གིན་ཡོད། ང་ཚོས་འདས་པའི་ལོ་རྒྱུས་ནང་འཐུས་ཤོར་དང་ཉམས་རྨས་དུ་ཕྱིན་པ་མང་པོ་ཞིག་མཐོང་ཡོད་མོད། འོན་ཀྱང་རང་བྱུང་ཁོར་ཡུག་གི་ཉམས་རྒུད་ལ་བསམ་བློ་གཏོང་མཁན་མང་པོ་མེད། དེར་ཐམས་ཅད་མཁྱེན་པས། རང་བྱུང་གཏེར་མཛོད་དང་ཤིང་ནགས་སོགས་ཀྱིས་ཐོན་སྐྱེད་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་བརྒྱ་ཆ་ལྔ་ནས་བཅུ་འཕར་ཡོད། ད་ཆ་ང་ཚོའི་མི་ཐོག་འདིར་ལྷག་པའི་རྐྱེན་ངན་དང་མ་འོངས་པའི་མི་རབས་རྗེས་མ་ཚོའི་དཀའ་ངལ་དང་གྱོང་རྒུད་ལ་བསམ་བློ་བཏང་ན་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན། ཞེས་གསུངས་ཡོད།

བོད་ནང་དུ་གཞོན་སྐྱེས་སྐོར་ཞིག་གིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས། ཡུལ་སྲོལ་སོགས་ཀྱི་འཇིག་ཉེན་ཞིག་བཤད་ཀྱིན་ཡོད་མོད། འོན་ཀྱང་དེ་ལས་ཀྱང་ཚབས་ཆེ་བའི་འཇིག་ཉེན་ཞིག་ཡོང་ཡོད་པ་ནི་རང་བྱུང་ཁོར་ཡུག་རེད། དེའི་རྐྱེན་གྱིས་ང་ཚོས་རང་བྱུང་ཁམས་ཀྱི་བསླབ་བྱ་དང་དུ་ལེན་དགོས་ལ། ཐ་ན་རྩྭ་རྐང་གཅིག་གི་རིན་ཐང་དང་དེ་སྐྱེ་བའི་གོ་རིམ་ལའང་བསམ་གཞིགས་ནན་མོ་བྱེད་དགོས། དཔེར་ན། ས་རྐོ་རྡོ་སློག༼གཏེར་ཁ༽དང་ཤིང་ནགས་གཅོད་འབྲེག རྡུལ་ཕྲན་སྙིགས་རོ། རི་སྐྱེས་སྲོག་ཆགས་གསོད་བཟུང་དང་རྩྭ་རྩི་ཤིང་ལ་གནོད་འཚེ་གཏོང་པ་སོགས་ཀྱིས་སའི་བཅུད་ཤོར་ཞིང་འབྱུང་བ་དང་གནམ་གཤིས་འཁྲིགས་ཏེ་ཐན་པ་དང་རླུང་འཚུབ། ས་ཡོམ། ཆུ་ལོག་བཅས་ལོ་རེ་བཞིན་འབྱུང་གིན་ཡོད། མ་གཞི་རང་བྱུང་གནོད་འཚེའི་འབྱུང་རྐྱེན་ནི་ཁོར་ཡུག་ལ་སྦགས་བཙོག་དང་གཏོར་བཅོམ་བྱས་པ་ལས་བྱུང་བ་ཡིན་ཡང་། མང་པོ་ཞིག་གིས་དེ་ལ་དོ་སྣང་བྱེད་ཀྱིན་མེད།

          རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་དེ། ནང་ཆོས་ནང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཞེས་སྣོད་བཅུད་གཉིས་ནི་གཅིག་ལ་གཅིག་བརྟེན་གྱིས་གྲུབ་པར་གསུངས་བ་བཞིན། འགྲོ་བ་མི་གཙོས་སེམས་ཅན་ཡོད་དོ་ཅོག་ཁོར་ཡུག་གི་ལོངས་སྤྱོད་ལ་བརྟེན་ནས་འཛམ་གླིང་སྟེང་འཚོ་གནས་ཐུབ་པ་རེད། ཐམས་ཅད་མཁྱེན་པས་ཀྱང་ལྗོན་ཤིང་དང་སྐྱེས་དངོས་རིགས་ཀྱིས་འཇིག་རྟེན་གྱི་མཁའ་དབུགས་གཙང་བར་བྱེད་ཅིང༌། དེས་སྐྱེ་བོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་ཀྱིས་འབྱུང་ཁམས་ཆ་སྙོམས་པ་དང་མིའི་ཚེ་རིང་བའམ་ཚེ་སྲིང་བར་བྱེད་ཅེས་གསུངས་ཡོད། དེས་ན་འདིར་བོད་ཀྱི་རང་བྱུང་ཁོར་ཡུག་གི་གྲུབ་ཆ་གལ་ཆེ་བ་གསུམ་དཔེ་མཚོན་ཙམ་དུ་དྲངས་ན།

          ཀ༽བོད་ཀྱི་རང་བྱུང་ཁོར་ཡུག་ནང་གངས་རི་ནི་ཆུ་བོའི་མགོ་ཁུངས་དང་དྭངས་གཙང་ལྷད་མེད་ཀྱི་འོད་ཀྱི་ཕུང་བོ་ཞིག་དང་མཚུངས་བས། གངས་རི་ནི་བོད་ཀྱི་དཔལ་འབྱོར་ཐད་ལ་མེད་དུ་མི་རུང་བ་དང༌། ཨེ་ཤ་ཡའི་དཔལ་འབྱོར་གྱི་ཐོན་ཁོངས་གཙོ་བོ་ཞིག་ཡིན་ལ། བོད་ཀྱི་སྲོལ་རྒྱུན་ཁྲོད་དུའང་གངས་རི་ནི་ཡུལ་ལྷ་དང་གཞི་བདག་གང་རུང་གི་བསྟི་གནས་སུ་འབོད་ལ་བརྩི་འཇོག་དང་མཆོད་པར་བྱས་དེ་མི་ལོ་སྟོང་ཕྲག་བརྒྱུད་ཤིང༌། གངས་རི་ནི་ཉི་དུག་སེལ་བྱེད་གཅིག་པུ་དེ་ཡིན་པས་མི་དང་སྲོག་ཆགས་གསོན་གནས་ཀྱི་སྲོག་རྩ་དང་། གངས་རི་ནི་བོད་ཀྱི་ཁོར་ཡུག་གི་ནང་བཅུད་ལྟ་བུ་ཡིན་པས་བོད་ཙམ་མིན་པར་འཛམ་གླིང་སྟེང་མེད་ཐབས་མེད་པ་ཞིག་ཆགས་ཡོད།

ཁ༽དེ་བཞིན་རྩྭ་ཐང་ནི་འབྲོག་ལས་གཙོ་བོ་གྱུར་བའི་འཚོ་བའི་རྨང་གཞི་དང༌། རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་ནི་འབྲོག་པའི་འཚོ་རྟེན་ཡིན་པས། རྩྭ་ཐང་གིས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལ་གོང་འཕེལ་གྱི་ཆ་བསྐྲུན་ཡོད་པ་དང༌། བོད་འདི་འཛམ་གླིང་སྟེང་འཚོ་གནས་ཡོད་པའི་མི་རིགས་གཞན་དང་འདྲ་བར་ད་ལྟ་བར་དུ་གསོན་ཤུགས་རྒྱས་པའང་རྩྭ་ཐང་གི་བཀའ་དྲིན་ཉག་ཅིག་ཡིན། རྩྭ་ཐང་གིས་བོད་ཀྱི་འཚོ་བའི་ཁ་དོག་བསྐྲུན་པ་མ་ཟད། འཛམ་གླིང་གི་གནམ་གཤིས་ཏེ། དཔེར་ན། རླན་བཤེར་དང་དྲོད་གྲང༌། ཆར་ཆུ་སོགས་ལ་ཚོད་འཛིན་བྱེད་པས་སྤྱི་ཚོགས་གོང་འཕེལ་སོགས་ལ་ཤུགས་རྐྱེན་སྤྲོད་ཀྱིན་ཡོད།

ག༽ཆུ་བོ་ནི་གངས་རི་ལས་བཞུར་ཡོང་གི་ཡོད་ལ་ང་ཚོའི་རྩྭ་ལམ་དུའང་བཞུར་འགྲོ་ཀྱིན་ཡོད། དཔེར་ན་ཁ་འབབ་རྣམ་བཞི། འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ། སྐྱིད་ཆུ། ནག་ཆུ་སོགས་གཅིག་ལས་གཅིག་གཙང་གིས་རྒྱ་གར་དང་རྒྱ་ནག བལ་ཡུལ། བྷང་ལ་དེ་ཤི། འབྲུག འབར་མ། ནང་སོག པ་ཀི་སི་ཐན། ཐའི་ལན་ཀྲི། བི་ཐི་ནམ་སོགས་རྒྱལ་ཁབ་ཆེ་ཆུང་མང་པོའི་ནང་བཞུར་གྱིན་ཡོད། ང་ཚོས་ཤེས་གསལ་ལྟར་ན་བོད་ཀྱི་ཆུ་བོ་དག་གིས་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ལྔ་བཅུ་ཙམ་ལ་སོ་ནམ་ཞིང་ལས་ཀྱི་རིགས་དང་མི་ཕྱུགས་ཀྱི་འཐུང་ཆུ། འཕྲོད་བསྟེན། ཆུ་གློག་བཟོ་གྲྭ། རྩི་ཤིང་དང་སྐྱེད་ཚལ་འདེབས་ལས་སོགས་ལ་དོན་དམ་ཆུའི་མཐུན་རྐྱེན་དང་མཁོ་གནས་སྐྲུན་གྱིན་ཡོད། དེས་ན་འཛམ་གླིང་གི་ཁྲག་རྩ་དང་འདྲ་བས་ང་ཚོ་ལ་མཁོ་བ་ནི་སྦགས་བཙོག་མེད་པར་དྭངས་གཙང་ཞིག་ཡིན་དགོས། དབུགས་ཐོག་སེམས་ཅན་ཚང་མར་ཆུ་ནི་མེད་མི་རུང་བའི་འཚོ་བའི་ཆ་རྐྱེན་དང་འགྲོ་བ་མིའི་སྤྱི་ཚོགས་དང་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་པ་སྨོས་མ་དགོས་སོ།

གཉིས། མི་དང་ཁོར་ཡུག་ན་ཚ་བཅས་ཀྱི་བར་འབྲེལ་བ་ཅི་ཞིག་ཡོད་དམ།

ང་ཚོས་ང་ཚོ་ཁོར་ཡུག་དང་ཁ་བྲལ་ཐབས་མེད་པར་བཤད་ཀྱིན་ཡོད་ལ། རང་བྱུང་ཁོར་ཡུག་ང་ཚོ་དང་ཁ་བྲལ་ཚེ། ང་ཚོའི་མིག་མདུན་དུ་མུན་ནག་ལྟ་བུ་ལས་མཛེས་སྡུག་དང་ཉམས་སྣང་ཅི་ཡང་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོས་རང་བྱུང་ཁོར་ཡུག་གི་དགེ་མཚན་ལ་སློབ་སྦྱོང་དང་དོ་སྣང་བྱེད་དགོས། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དུས་རིམ་ནས་གནས་ལུགས་མང་པོ་ཤེས་པར་འབད་བརྩོན་བྱེད་དགོས། ཁོར་ཡུག་ཉམས་ཞིབ་པ་མང་པོས་ཀྱང་བོད་ཀྱི་ཁོར་ཡུག་ནི་མ་འོངས་པར་འཛམ་གླིང་རང་བཞིན་ཅན་གྱི་གཅེས་ནོར་དང་ཞི་བའི་བསྟི་གནས་ཤིག་ཏུ་ཆགས་རྒྱུ་ཡིན་པ་གསུངས་ཡོད། ཡིན་ནའང་ད་ལྟའི་བོད་ཀྱི་རང་བྱུང་ཁོར་ཡུག་ནི་ཛ་དྲག་གི་ནད་པ་ཞིག་དང་འདྲ་བའི་གནས་སྟངས་འོག་ལྷག་ཡོད་ལ། ང་ཚོས་ཁོར་ཡུག་འཛུགས་སྐྲུན་དང་གཅེས་སྐྱོང་བྱེད་ཚུལ་ཡང་ཁ་ནས་བཤད་པ་ཙམ་གྱིས་འགྲིག་འགྲོ་བ་ཞིག་མིན་པའི་རྐྱེན་གྱིས་སྲུང་སྐྱོབ་ཐད་ལ་སྦྱོང་བརྡར་དང་ཉམས་ཞིབ། ལག་ལེན། རྐང་འཛིན་བཅས་ཀྱིས་སྒོ་ནས་ཁོར་ཡུག་གི་སྐོར་ལ་ཟབ་སྦྱོང་དང་།  ཁོར་ཡུག་ལ་བག་ཆགས་འཇོག་པར་འབད་བརྩོན་བྱས་ཏེ་རང་ཉིད་སྡོད་སའི་ཁོར་ཡུག་གི་གཙང་སྦྲ་ཚུན་ཆད་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང༌། ལས་དོན་བསྒྲུབ་མཁན་ལའང་དཔལ་འབྱོར་སོགས་ཀྱིས་རོགས་རམ་དང་དགོས་མཁོ་སྒྲུབ་དགོས།

          ང་ཚོས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་ལོངས་སྤྱོད་ལ་བག་མེད་པར་གཏོར་བཅོམ་བཏང་ན་ག་ལ་འགྲིག རང་བྱུང་ཁོར་ཡུག་གིས་འགྲོ་བ་མི་ལ་ལུས་ཁམས་བདེ་ཐང་སོགས་ཀྱིས་མཚོན་པའི་བདེ་སྐྱིད་འབའ་ཞིག་སྟེར་གྱིན་ཡོད། ང་ཚོས་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་ན་ཁོར་ཡུག་གིས་ང་ཚོ་བུ་ཕྲུག་བཞིན་སྐྱོང་སྲིད་དམ། དེང་སང་ན་ཚའམ་ནད་ཡམས་འདྲ་མིན་དང་འཐུང་ཆུ་མ་འདང་བ། ད་དུང་གནམ་གཤིས་འགྱུར་ལྡོག་གིས་རྒྱ་མཚོ་དང་གཙང་བོ་སྐམ་བཞིན་ཡོད་ལ་ཚ་དྲོད་ཀྱང་ལོ་རེ་ནས་ལོ་རེར་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

          མི་མང་པོ་ཞིག་མེ་ཏོག་དང་སྐྱེས་དངོས་ལ་དགའ་པོ་ཡོད་པ་རེད། ཡིན་ནའང་མེ་ཏོག་གི་མཛེས་སྡུག་བསམ་པ་ཙམ་དང་འབྲས་ལྡན་ལྗོན་ཤིང་གི་ལོངས་སྤྱོད་ལ་དམིགས་པ་ཙམ་ལས་ཁོར་ཡུག་རང་ངོས་ཀྱི་ཕན་གནོད་ལ་བསམ་བློ་ཅི་ཡང་མི་གཏོང་། ཁོར་ཡུག་གི་མཛེས་སྡུག་དང་ཕན་འབྲས་ངོ་མ་ནི་རི་ཆུ་ནགས་གསུམ་དང་དེར་གནས་པའི་སྲོག་ཆགས་དང་རྩི་ཤིང་སོགས་གཅིག་ལ་གཅིག་བརྟེན་གྱིས་ཁོར་ཡུག་ལ་མཛེས་སྡུག་བསྐྲུན་གྱིན་ཡོད་པར་བརྟེན། གལ་སྲིད་ཁོར་ཡུག་དོ་མ་མཉམ་པའམ། ཁོར་ཡུག་སྐྱེ་དངོས་གང་རུང་ཞིག་ཉམས་ཆག་བྱུང་ཚེ། ང་ཚོ་ལའང་དེ་མཐུན་གྱིས་རྒོལ་ལན་ཟེར་ན་འདྲ། གང་ལྟར་བློ་ཡུལ་དུ་མི་ཤོང་བའི་ཆག་སྒོ་བྱུང་དང་འབྱུང་ བཞིན་པ་ནི་མིག་སྔར་གྱི་གནས་ཚུལ་ཚབས་ཆེན་ཏེ་ཏོག་དབྱིབས་ནད་དུག་(Covid-19)གིས་ར་སྤྲོད་བྱུང་ཡོད། དེ་ཡང་ཡོངས་གྲགས་ལྟར་ན་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟས་པ་ལས་བྱུང་བར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་སོགས་ནས་གཏན་འཁེལ་བྱུང་བ་རེད། ཐམས་ཅད་ཀྱི་རྩ་བ་མཐར་དེད་ན་ཁོར་ཡུག་ལ་ཐུག་འདུག་པའང་ཤེས་དགོས་པ་དང་། ཁོར་ཡུག་གི་བཅུད་དང་ནུས་པར་སྲུང་སྐྱོབ་བྱེད་པར་ཁོར་ཡུག་གི་དགེ་མཚན་དང་དེ་འབྲེལ་གྱི་ཤེས་བྱ་ལ་སློབ་སྦྱོང་དང་། གཞན་ལ་གོ་རྟོགས་སྤེལ་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད།

དེ་བཞིན་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གང་ཡིན་ཡང་སྦགས་བཙོག་དང་སྣང་མེད་འོག་ནད་ན་ཚ་ཡོང་གིན་ཡོད། དཔེར་ན། ཉིན་རེའི་ཟ་འཐུང་དང་གྱོན་ཆོས་སོགས་ཐོན་སྐྱེད་མང་པོ་ཞིག་རྫས་འགྱུར་གྱིས་མ་ལྷད་པ་ཞིག་ཧ་ཅང་དཀོན་སྟབས་འཕྲོད་བསྟེན་གྱི་ཐོག་ནས་བཤད་ན་ན་ཚ་དང་ཁ་འབྲལ་ཐབས་མེད་པ་དེ་རེད། སྤྱི་ཚོགས་ཡར་རྒྱས་དེས་སྤྱི་ཚོགས་ཁོར་ཡུག་ལ་ཕོག་ཐུག་གཏོང་གིན་ཡོད། ལྷན་སྐྱེས་ཀྱི་ཐོན་ཁོངས་ཉུང་བ་དང་ཁྲ་ཁྲ་ཟང་ཟིང་དང་སྙིང་རྗེ་མོ་ལ་དགའ་བ་ལས་མདོག་མེད་པའི་རང་བཞིན་ལྷན་སྐྱེས་ཀྱི་ཐོན་དངོས་རིན་ཐང་ལ་དོ་སྣང་བྱེད་མཁན་མེད་པ་དང་། ད་དུང་ཡར་རྒྱས་ལ་རློམ་པའི་འཕྲུལ་ཆས་མང་པོ་ཞིག་གིས་ང་ཚོ་ནམ་ཡང་ཉེན་ཁའི་གནས་སུ་འདེད་ཀྱིན་ཡོད་ལ། དེས་ཁོར་ཡུག་ལ་སྦགས་བཙོག་ཚད་མཐོན་པོ་ཤོར་བས་ན་ཚ་ཡོང་བ་ཆོས་ཉིད་ལྟར་ཆགས་ཡོད།

འོ་ན་ཇི་ལྟར་བྱས་ན་ད་གཟོད་ན་ཚ་སོགས་སྔོན་འགོག་བྱེད་ཐུབ་བམ་ཟེར་ན། གདམ་ཀ་གཅིག་ལས་མེད། ཁོར་ཡུག་ལ་གཅེས་དགོས་པ་དེ་ཡིན། སྐད་ཆ་ཐད་ཀར་བཤད་ན། སའི་བཅུད་ཉམས་མི་འཇུག་པ་དང་། གངས་རིའི་མདངས་ཤོར་མི་འཇུག་པ། མཚོ་དང་མཚོའུ་མི་རྙོགས་པ། རི་སྐྱེས་སྲོག་ཆགས་སོགས་ལ་གནོད་འཚེ་མི་གཏོང་བའི་ལས་སྒོ་སྤེལ་བ། དེ་བཞིན་རྫས་འགྱུར་གྱི་ལྷད་པའི་ཐོན་དངོས་མང་པོ་ཞིག་ཁོར་ཡུག་གི་གད་སྙིགས་ཡིན་པ་ངེས་ཤེས་འདྲོངས་པ་དང་།  རང་བྱུང་ཐོན་དངོས་ཀྱི་སྤྱོད་སྒོ་ཤུགས་ཆེ་རུ་གཏོང་ཐུབ་ཚེ། ཁོར་ཡུག་བདེ་འཇགས་འབྱུང་ལ། ནད་ན་ཚ་ཡང་ཡོང་རྒྱུ་མ་རེད་བསམ།

ང་ཚོས་འདས་པའི་བསླབ་བྱ་དག་མིག་དཔེ་རུ་བཟུང་ནས། དེང་གི་གཏན་འབེབས་སྲིད་ཇུས་འོག་རང་དོན་ཁེ་གཉེར་དང་འགྲམ་བཞི། སྲོལ་རྒྱུན་དར་སྤེལ་སོགས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ལས་དོན་ཅུང་སྒྲུབ་ཐུབ་པར་བསམ་ནས་འདིར་དཔེ་མཚོན་དུ་དྲངས་ཡོད།

          ༡༽རང་དོན་ཁེ་གཉེར་ནི་གཞུང་གིས་ཆེད་མངགས་རི་སྟོང་ཐང་ཆེན་དུ་ཤིང་འབྲས་དང་རྩྭ་འདེབས་རྣམས་ལ་སུས་གསར་སྤེལ་བྱས་ན་དེས་གཉེར་སྐྱོང་བྱ་རྒྱུ་དང་དེ་ལ་ཁེ་ཕན་ཡོད་པ། རྒྱུད་འཛིན་བྱེད་ཆོག་པ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད། ང་ཚོས་གོ་སྐབས་དམ་འཛིན་གྱིས་རང་དང་ཉེ་བའི་ཁོར་ཡུག་སྔོ་ལྗང་ཅན་དུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁ་ཤས་ཀྱིས་ཁེ་བཟང་ཙམ་ལ་བསམ་བློ་བཏང་སྟེ་འབད་བརྩོན་བྱེད་པའང་ཡོད་ཀྱང༌། ང་ཚོ་ལ་མཚོན་ན་ཁོར་ཡུག་འཛུགས་སྐྲུན་གྱི་ཆ་མང་དུ་འགྲོ་བས་ང་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས།

          ༢༽འགྲམ་བཞི་ནི། ཁང་འགྲམ། ཆུ་འགྲམ། ལམ་འགྲམ། གྲོང་ཚོའི་འགྲམ་བཅས་ལ་ཤིང་སྡོང་མང་དུ་འཛུགས་རྒྱུ་དེ་རེད། ང་ཚོ་མིའི་སྡོད་སའི་ཁོར་ཡུག་ཏུ་ཁང་པ་དང་ཆུ། ལམ་བཅས་ནི་མིའི་འཚོ་བའི་ནང་དུས་རྒྱུན་དང་འགྲོགས་ཡོད་སྟབས། རང་ཉིད་ཀྱི་ཁོར་ཡུག་ཚུན་ཆད་གཙང་མ་ཡོད་ན། ནད་ན་ཚ་མ་ཡོང་བར་འཕྲོད་བསྟེན་ཐོག་ཏན་ཏན་ཕན་ཐོགས་ཡོད་པས། རང་ཉིད་ཀྱི་ཁེ་ཕན་ཙམ་མིན་པའི་མདོ་དོན་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་འཚོ་བཅུད་དྭངས་མོ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།

          ༣༽བོད་ཀྱི་སྲོལ་རྒྱུན་ནང་དུ་གངས་རི་དང་ནགས་ཚལ། གཙང་བོ་སོགས་ལ༼ལྷ༽གནས་ཡོད་པའི་ངོས་འཛིན་འོག རི་མཐོན་པོའི་མགོ་ནས་དར་ལྕོག་འཛུགས་པ་དང་བསངས་གཏོང་བ། མཚོ་དང་གཙང་བོར་གཏེར་འཇོག་པ། ལྗོན་ཤིང་ལ་ལྷ་ཤིང་ཀླུ་ཤིང་ཞེས་མིང་བཏགས་ཏེ་ཁོར་ཡུག་ལ་སྦགས་བཙོག་དང་གཅོད་འབྲེག་ཆེར་མེད་པར་སྲུང་སྐྱོབ་ཀྱི་ལས་ལ་འཇུག་ཀྱིན་ཡོད། སྤྱིར་སྲོལ་རྒྱུན་ལ་དག་དང་མ་དག་གི་ཆ་མང་དུ་འདུས་ཀྱང་རང་བྱུང་ཁམས་ལ་བལྟ་སྟངས་དང་སྲུང་སྐྱོབ་བྱེད་སྟངས་དེས་ང་ཚོའི་ཁོར་ཡུག་ལ་ཕན་ཐོགས་བྱུང་ཡོད་པས་རྒྱུན་འཛིན་དང་དར་ཁྱབ་དུ་གཏོང་དགོས། ཐམས་ཅད་མཁྱེན་པས་ཀྱང་བོད་ཀྱི་ཁོར་ཡུག་གཙང་མར་གནས་ཐུབ་ཚེ་ཡུལ་ཁམས་མཛེས་སྡུག་གི་ཁེངས་ཏེ་ཕྱིའི་ལྗོངས་རྒྱུ་བ་དག་རྒྱུན་མི་ཆད་པར་ཡོང་ནས་ཤེས་རིག་དང་དཔལ་འབྱོར་སོགས་རང་བཞིན་གྱིས་འཕེལ་རྒྱས་ལ་འགྲོ་ཞེས་གསུངས་པ་བཞིན། ང་ཚོས་བོད་ཀྱི་ཁོར་ཡུག་གི་དགེ་མཚན་འཛམ་གླིང་སྟེང་ཁྱབ་ཐུབ་པར་འབད་དགོས་སོ།

          ༤༽གཞན་ཡང་རྩོམ་རིག་སྒྱུ་རྩལ་གྱི་ཐད་ནས་དེང་སང་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་སྐོར་ཞིག་གིས་གཞས་ཚིག་དང་སྙན་ངག གར་ཆུང༼གཏམ་བརྗོད༽སོགས་ལ་བརྟེན་ནས་ཁོར་ཡུག་གི་ཡོན་ཏན་དང་ཉམས་རྒུད་བཤད་ཀྱིན་འདུག དེ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམ་སྟབས་ཤིག་ལ་བརྩིས་ཆོག་པ་མ་ཟད། དགའ་བས་ཡི་རང་བྱེད་དགོས་ངེས་རེད།

བོད་མི་ཚང་མས་ཁོར་ཡུག་ལ་ཤ་ཚ་དང་བརྩི་འཇོག་རྒྱུན་སྲིང་བྱེད་རྒྱུ་གལ་ཆེ་བ་མ་ཟད། སྣོད་བཅུད་གཉིས་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཁོར་ཡུག་ཉམས་རྒུད་དུ་སོང་ན་ང་ཚོའང་ཉམས་རྒུད་དུ་འགྲོ་བ་ཡིན་པས། ཁོར་ཡུག་ཡག་པོ་དགོས་པ་ནི་ང་ཚོ་མི་ཐོག་འདི་དང་མི་ཐོག་རྗེས་མ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁོར་ཡུག་ལ་གཅེས་སྤྲས་མ་བྱས་ན་ནད་ན་ཚ་སོགས་ཁྱེར་ཡོང་བ་ཡིན་ལ། ཁོར་ཡུག་ལ་བརྟེན་མཁན་ང་ཚོ་འགྲོ་བ་མི་གཅིག་པོ་མིན་པའང་ཤེས་དགོས་པས། ཁོར་ཡུག་བཟང་ངན་གྱི་བདེ་སྡུག་གི་འཚོ་བ་ཞིག་ཐག་གཅོད་བྱས་ཡོད་པ་གཅིག་མཚུངས་ཡིན། དེར་བརྟེན། མིག་སྔར་ང་ཚོས་མཐོང་ཐོས་བྱུང་བའི་རང་བྱུང་གི་འཇིགས་པ་དེ་དག མདོར་དེད་ན་ཁོར་ཡུག་ལ་གནོད་འཚེ་ཐེབས་པའི་ངན་འབྲས་ཕྱིར་ང་ཚོར་འཁོར་བ་ལས་གཞན་བཤད་ས་ཅི་ཡང་མེད། ཁོར་ཡུག་གི་གལ་ཆེན་རང་བཞིན་ཤེས་དགོས་པ་དང་ཁོར་ཡུག་སྐོར་མང་ཙམ་ཤེས་ན་དོན་ལ་རང་ཉིད་སྲུང་སྐྱོབ་དང་འཚོ་གནས་ཀྱི་རིན་ཐང་སོགས་ངོས་ཟིན་པར་འགྱུར་རོ།

མཇུག་བསྡུས་པ།

རང་བྱུང་ཁོར་ཡུག་གིས་མི་ལ་རྫོགས་མཐའ་མེད་པའི་ལོངས་སྤྱོད་ཅིག་སྟེར་གྱིན་ཡོད། དེས་ན་ང་ཚོས་ཁོར་ཡུག་ལ་དོ་ཁུར་ཆེན་པོས་སྲུང་སྐྱོབ་དང་བདག་གཉེར་གཙང་སྦྲ་བཅས་བྱེད་དགོས། ཐམས་ཅད་མཁྱེན་པས་ཀྱང་ཁོར་ཡུག་ཤེས་བྱ་ནི་བདེ་སྙོམས་མི་ཚེ་སྐྱེལ་ཐབས་ཤིག་ཡིན་ཅེས་གསུངས་ཡོད། ང་ཚོ་ལ་མཁོ་བ་ནི་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་དང་ང་ཚོའི་ཕུགས་འདུན་ནི་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། མུ་མཐུད་ཁོར་ཡུག་གི་ཕྱོགས་ལ་ཐུགས་ཁུར་མང་དུ་གནང་རྒྱུ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་བོད་མི་རིགས་གཅིག་པུའི་བདེ་སྐྱིད་ཀྱི་ཁེ་ཕན་ཙམ་མིན་པར་རྒྱ་དཀར་ནག་ཐེ་བའི་འཛམ་གླིང་ཡོངས་ལ་ཕན་པའི་དོན་ཆེན་ཞིག་ཡིན་པས། ང་ཚོས་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་ཁོར་ཡུག་འདི་མགྱོགས་མྱུར་ངང་སྔར་ལས་མཛེས་སྡུག་དང་གཟི་མདངས་ཤིག་འཕྲོ་ཡོང་བར་སྨོན་འདུན་གྲངས་མེད་དང་བཅས།། །།                           

                    ཟླ་ཚེས་བཟང་བོར།༢༠༢༠་༨་༣༠

ཚེ་སྲོག་གི་གཤེད་མའི་ནད་ཡམས།

ཚེ་སྲོག་གི་གཤེད་མའི་ནད་ཡམས།

༢༠༢༠ལོར་ཨང་དང་པོ་ཐོབ་པའི་རྩོམ་ཡིག

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།
ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།
༡ ཀླད་ཀྱི་གཏམ།

ད་ལོ་སྟེ།  ༢༠༢༠ ལོ་འདིར།  ཁོ་བོ་ལྷོ་འཛམ་གླིང་འདིར་སྐྱེས་ནས་ལོ་ངོ་སོ་བརྒྱད་ཧྲིལ་པོ་འཁོར་གྱིན་འདུག   ཕྲན་གྱིས་ཤེས་ཚོད་དང་དྲན་པས་ཟིན་ཚོད་ལ་འཛམ་གླིང་ཁྱོན་ཡོངས་སུ་འཇིགས་སྣང་དང་།  དངངས་སྐྲག་སྐྱེ་དགོས་པའི་ནད་ཡམས་ཁ་ཤས་ཤིག་བྱུང་། དཔེར་ན། ༢༠༠༠ ནས་ ༢༠༠༣ ལོའི་བར་ཧོང་ཀོང་ནས་བྱུང་བའི་( SARS ) དང་།  ༢༠༠༩ ལོར་མེག་སི་ཀོ་ནས་བྱུང་བའི་ ( Swine Flu ) ༢༠༡༤ ལོར་ཨ་ཧྥི་རི་ཀ་ནས་བྱུང་བའི་ ( Ebola ) དང་།  ༢༠༡༥ ལོར་རྒྱ་ནག་ནས་བྱུང་བའི་ ( Mers ) ཆམ་ནད་བཅས་རེད།  ནད་ཡམས་དེ་དག་གིས་ཁོ་བོ་ལྟ་བུ་ལུང་ཁུག་ཏུ་སྡོད་མཁན་དག་ལ་དངོས་སུ་གནོད་འཚེ་དང་འཇིགས་སྣང་དེ་ཙམ་བཟོས་མ་སོང་སྙམ། 

ཡིན་ནའང་།    ད་ལོར་ཁྱབ་དང་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་ནི་དེ་དག་དང་མི་འདྲ་བར་འཛམ་གླིང་སྤྱི་དང་། ལྷག་པར་དུ་ལུང་ཁུག་དང་ས་ཁུག་ཁག་ཏུ་དཀའ་ངལ་ཆེས་ཆེར་བཟོས་དང་བཟོ་མུས་ཡིན།   དཔེར་ན།   ད་ལོའི་ཟླ་ ༢ ཚེས་ ༢༨ ཉིན།  བལ་བོད་ཀྱི་མཐའ་མཚམས་སུ་ཆགས་ཤིང་།  སྔར་བོད་ཀྱི་རྒྱལ་ཁོངས་ཡིན་པ།    དེང་བལ་ཡུལ་གྱི་ས་ཁོངས་སུ་ཡོད་པའི་བཙུམ་གྱི་ཡུལ་ལ་ཕྲན་གནས་སྐོར་དུ་ཕྱིན་པ་ཡིན།   ཡུལ་ལུང་དེ་ནི་བལ་ཡུལ་གྱི་རྒྱལ་ས་ནས་རླངས་འཁོར་གྱིས་ཉིན་གཅིག་དང་། དེ་ནས་རྐང་འགྲོས་ཀྱིས་ཉིན་གཉིས་འགྲོ་དགོས།  ཡུལ་མི་རྣམས་ཏོག་དབྱིབས་ནད་ཡམས་ལ་འཇིགས་སྣང་དང་དངངས་འཚབ་ཆེན་པོ་བྱེད་ཀྱིན་འདུག 

དེའི་རྗེས།   ཚུར་རྒྱ་གར་དུ་འབྱོར་ནས་ཟླ་ ༣ ཚེས་ ༢༡ ནས། དེ་རིང་སྟེ་ཟླ་ ༦ ཚེས ༥ བར་ནད་ཡམས་འགོ་དོགས་ཀྱི་འཇིགས་སྣང་གིས་དགོན་པའི་ཐེམ་པ་ཕྱི་ལ་བརྒལ་མ་ནུས་པར་ཟླ་གཉིས་ལྷག་འགྲོ་བཞིན་ཡོད། ད་དུང་ཡང་ཇི་ཙམ་འཇིགས་སྣང་འོག་སྡོད་དགོས་མིན་ཤེས་ཀྱིན་མི་འདུག   ད་ཐེངས་ཀྱི་ནད་ཡམས་དེ་ནི་ཁོ་བོའི་ལུས་སེམས་གཉིས་ཀར་དཀལ་ངལ་དང་སུན་གཙེར་དངོས་སུ་བཟོ་མཁན་དང་།    མིང་གོ་ཙམ་གྱིས་ཀྱང་མི་བདེ་བ་སྐྲུན་མཁན་དེ་ཡིན།

          འོ་ན། འདས་པའི་ལོ་རྒྱུས་ཁྲོད་འཛམ་གླིང་ཤར་ནུབ་ཏུ་ནད་ཡམས་ཅི་ཙམ་བྱུང་ཡོད་ཅེ་ན།

༢ འཇིགས་སུ་རུང་བའི་ནད་ཡམས་ཆེན་པོ་གཉིས།

སྤྱིར་འཛམ་གླིང་འདིར་འགྲོ་བ་མིའི་འདོད་རྔམ་དང་གདུག་རྩུབ་ཇེ་ཆེར་སོང་བའི་རྐྱེན་གྱིས་ནད་ཡམས་ཆེ་ཆུང་གྲངས་ལས་འདས་པ་བྱུང་ཡོད།   རྒྱལ་སྤྱིའི་ངོས་ནས་ཆེས་འཇིགས་སུ་རུང་བའམ་ཁྱབ་གདལ་ཆེ་བའི་ནད་ཡམས་སུ་ངོས་འཛིན་བྱས་པ་གྲངས་ ༢༤༡ [1]ཡོད་ཅིང་།   འདིར་དེའི་གྲས་ནས་ཆེས་འཇིགས་སུ་རུང་བའི་ནད་ཡམས་གཉིས་ཀྱི་བྱུང་བ་མདོ་ཙམ་འགོད་ན།

༡        ༡༣༤༧ ནས་ ༡༣༥༢ ལོའི་བར་ཡོ་རོབ་ཏུ་བྱུང་ཞིང་། ནད་ཡམས་དེའི་མིང་ལ།  འཆི་བ་ནག་པོ་ ( Black Death ) ཞེས་བཏགས་པ་དང་། དེ་ནི་ ༡༣༣༤ ལོར་ཐོག་མར་རྒྱ་ནག་ནས་མཆེད་དེ་དར་སྐུད་ཚོང་ལམ་བརྒྱུད་ཡོ་རོབ་ཏུ་ཁྱབ།[2] འཛམ་གླིང་ལོ་རྒྱུས་ཁྲོད་དུ་ཆེས་འཇིགས་སུ་རུང་བའི་ནད་ཡམས་སུ་བརྩི་བ་དང་། ཁྱོན་མིའི་ཚེ་སྲོག་ཕྲོགས་པའི་གྲངས།  ས་ཡ་ ༧༥ ནས་ ༢༠༠ ཡས་མས་ཏེ། གླིང་ཆེན་ཡོ་རོབ་ཀྱི་མི་འབོར་བརྒྱ་ཆ་ ༦༠ ཐམ་པ་འཆི་ལམ་དུ་བརྫངས་ཏེ་[3] ཡོ་རོབ་ཀྱི་མི་འབོར་ཕྱེད་ཙམ་སྟོངས་པར་གྱུར།   ནད་ཡམས་དེའི་རྐྱེན་པས་ཡོ་རོབ་ཀྱི་ཀུན་སྤྱོད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་འདུག   ནད་ཡམས་དེའི་འབྱུང་རྐྱེན་ལ་བཤད་ཚུལ་ཇི་སྙེད་ཅིག་ཡོད་ཀྱང་།   མང་པོ་ཞིག་གིས་ཙི་ཙི་ལས་མཆེད་པར་བཤད།[4] ནད་ཡམས་དེ་ཞི་བར་ལོ་ངོ་བཞི་ཙམ་འགོར་བ་དང་། དམིགས་བསལ་གྱི་སྨན་གང་ཡང་བཟོ་ཐུབ་མི་འདུག

 

༢     ༡༩༡༨ ནས་ ༡༩༢༠ ལོའི་བར་བྱུང་ཞིང་། ནད་ཡམས་དེའི་མིང་ལ། (“Spanish Flu” Pandemic ) སཱི་པཱ་ཎི་ཤིའི་ནད་ཡམས་ཞེས་བཏགས། མིང་དེ་ལྟར་བཏགས་པར་རྒྱུ་མཚན་མང་པོ་ཞིག་འདུག་ཀྱང་འདིར་མི་སྤྲོ།  ནད་ཡམས་དེ་ཉིད་ཐོག་མར་རྒྱལ་ཁབ་གང་ནས་འགོ་བཙུགས་ཡོད་མེད་གསལ་པོ་ཤེས་ཀྱི་མེད་ནའང་[5] ཁྱོན་འཛམ་གླིང་གི་མི་ས་ཡ་ ༥༠༠ ལ་འགོས་པ་དང་། ཤི་བའི་གྲངས། ས་ཡ་ ༥༠ དང་།  ཁ་ཤས་ཀྱིས་ས་ཡ་ ༡༠༠ ཤི་བ་དང་སྐབས་དེའི་འཛམ་གླིང་གི་མི་འབོར་སུམ་ཆ་གཅིག་ཤི་སྐོར་ཡང་ཟེར[6] སྙན་ཐོ་དེ་ལ་གཞིགས་ཚེ་རྒྱ་ནག་ནས་ལས་བཟོ་བ་སྟོང་ཕྲག་མང་པོ་ཞིག་ཡོ་རོབ་ཏུ་ཡོང་བ་ལས་འགོས་སྐོར་དང་།   ནད་ཡམས་ཀྱི་འབྱུང་རྐྱེན་གཙོ་བོ་ནི་ཕག་པ་ལས་བྱུང་སྐོར་གསལ་བཞིན་འདུག  ནད་ཡམས་དེ་གཉིས་ནི་རྒྱུ་མེད་དང་རྐྱེན་མེད་ལས་བྱུང་བ་ཞིག་མ་ཡིན་པར།  འགྲོ་བ་མི་དང་ཁོར་ཡུག་བར་གྱི་འབྲེལ་ལམ་ལ་བརྩི་འཇོག་མ་བྱས་པར་དགོས་མཁོ་ལས་བརྒལ་ནས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་ཉེར་འབྲས་ལས་བྱུང་སྐོར་ཚན་རིག་པ་དང་ཞིབ་འཇུག་པ་མང་པོས་རྗོད་བཞིན་ཡོད།[7]

 
[1]                   https:/en.m.wikipedia.org>list of epidemics
[2]                   https://www.britannica.com/event/black-Death.
[3]                   www.historytoday.com>black Death
[4]                   www.cnn.com>black Death spread by humans, vindicating rats
 [5]                   www.history.com>spanish flu>
[6]                   www.nationalgeographic.com.1918flu Pandemic that killed 50 million originated in china,
[7]                   www.sciencefocus.com>How do viruses jump from animals to Human?  ‘‘Wild says that with COVID-19 making wildlife look guilty of making humans sick, she wants people to acknowledge that animals and nature mostly help us stay healthy, and that tragic outcomes are rare, When we say that we’re all in this together, that means animals , too.’ “When we keep ecosystem healthy,’’ She say,  ‘‘we really reduce the risk of disease.’’

 

༣ བོད་དུ་བྱུང་བའི་ནད་ཡམས་ཆེན་པོ་གཉིས།

བོད་དུའང་ནད་ཡམས་ཇི་སྙེད་ཅིག་བྱུང་ཡོད་ཀྱང་། དེའི་སྐོར་ཕྱོགས་གཅིག་ལ་བསྒྲིགས་ཏེ་ཡིག་ཐོག་ཏུ་ཁ་གསལ་འཁོད་པ་ནི་ཤིན་ཏུ་དཀོན།  རྒྱལ་རབས། རྣམ་ཐར། མི་སྣ་གྲགས་ཅན་གྱི་ལོ་རྒྱུས་ཁག་ཅིག་ཏུ་གསལ་བ་ལ་གཞིགས་ཚེ་ཆེ་གྲས་གྲངས་ ༡༠ ཡས་མས་ཤིག་བྱུང་འདུག་སྙམ།  དེ་དག་ལས་གཉིས་ཙམ་གྱི་བྱུང་བ་མདོ་ཙམ་འགོད་ན།

 

༡       ༡༤༥༩ ལོའི་ཡས་མས་སུ་ས་སྐྱའི་ཕྱོགས་སུ་ནད་ཡམས་རིགས་མི་གཅིག་པ།  རྒྱ་ནད་མིག་སེར། བལ་ནད་རྒྱུ་གཟེར། རྩོག་འགྱེལ་ཧ་ལ་ནག་པོ།   འཛུམ་ལྟག་སྒྱེད།   ནག་པོ་སུམ་སྒྲིལ་སོགས་དུས་གཅིག་ཏུ་བྱུང་བ་དང་།  དེའི་རྒྱུ་རྐྱེན་ནི་རྒྱ་ནག་གི་གནས་སྐོར་བ་ཞིག་ས་སྐྱར་བསླེབས་ནས་ཁྱབ་འདུག ནད་པ་དང་ཤི་བའི་གྲངས་ནི།   གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་ཐར་དུ་ནད་ཡམས་ཀྱིས་རྐྱེན་པས་ས་སྐྱའི་གདན་ས་ཆེན་པོ་སྟོང་པར་འགྲོ་བ་འདུག   ཅེས་གསུངས་པར་གཞིགས་ཚེ།  ནད་པའི་གྲངས་དང་ཤི་བའི་གྲངས་ཧ་ཅང་ཆེན་པོ་ཡིན་པའི་རྣམ་པ་འདུག   ནད་ཡམས་དེ་ཉིད་ཞི་བྱེད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཇི་སྙེད་ཅིག་སྤེལ་བ་དང་། གཙོ་བོ་རིལ་དམར་ཆེན་མོ་ཞེས་པའི་སྨན་དེ་གསར་དུ་བཟོས་ནས་ནད་ཡམས་དེ་བཅོས་ཐུབ་འདུག[1]

 

༢        ༡༥༦༨ དང་ ༡༥༦༩ ལོའི་ཡས་མས་སུ་ས་སྐྱའི་ཤབ་ལུང་ཞེས་པའི་ལུང་པར་ནད་ཡམས་ཤིག་བྱུང་། དེ་ནི་འབྲུམ་ནད་དང་།   སིབ་བི་ཉིས་བརྩེགས་ཞེས་པའི་ནད་ཡམས་དང་། དེའི་སྐབས་སྨན་པ་དཔལ་ལྡན་རྒྱལ་མཚན་གྱིས་སྨན་བཅོས་བྱས། སིབ་ཐང་ཆེན་མོ་དང་། སྤང་རྩི་སོགས་སྨན་ཡང་ཇི་སྙེད་ཅིག་གསར་དུ་བཟོས་པ་དང་། ནད་ལས་ཐར་པ་ ༡༣༠༠ བྱུང་། ཁོང་གི་སློབ་མ་དག་གིས་བསྐུལ་ངོར་  ( འབྲུམ་ནག་བཅོས་ཐབས་ཀྱི་ཡིག་ཆུང་) ཞེས་པའི་བསྟན་བཅོས་ཤིག་ཀྱང་མཛད།  དེའི་སྐབས་ནད་ཡམས་ཀྱིས་རྐྱེན་པས་ཤི་བའི་གྲངས་མི་གསལ་ཡང་།  ཁོང་གི་རྣམ་ཐར་དུ་ཤི་བའི་རོ་ཡིས་ལམ་ལ་མི་ཐར་ཞེས་གསལ་བས།[2]  དེ་ལ་དཔག་ན་ཤི་བའི་གྲངས་སྟོང་ཕྲག་བརྒལ་བ་ཞིག་ཡོད་ངེས་སྙམ།

 

[1]                   ཤོག་གྲངས། ༢༣༡ རྗེ་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོ། མཛད་པ་པོ། ཤེས་རབ་དཔལ་ལྡན། ཐང་སྟོང་ཐེབས་རྩ་ནས་པར་སྐྲུན་བྱས།

[2]                   ཤོག་གྲངས། ༢༥༣ གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། བྱམས་པ་འཕྲིན་ལས་ཀྱིས་བརྩམས། བོད་གཞུང་སྨན་རྩིས་ཁང་། ཕྱི་ལོ་༡༩༩༡

 

༤ ནད་ཡམས་དང་ཁོར་ཡུག་བར་གྱི་འབྲེལ་བ་དངོས།

འོ་ན། ནད་ཡམས་དང་ཁོར་ཡུག་བར་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན།          དེ་ལ་དང་པོ་ཁོར་ཡུག་ཅེས་པའི་གོ་དོན་ཤེས་དགོས་པས། མང་པོ་ཞིག་གིས་ཁོར་ཡུག་ཟེར་དུས་རྩི་ཤིང་ནགས་ཚལ་དང་། རི་ཆུ་སོགས་ཙམ་ལ་གོ་བ་ལེན་བཞིན་ཡོད་ཀྱང་། དེ་ཙམ་མ་ཡིན་པར། རང་ཉིད་ཀྱི་ཉེ་འཁོར་གྱི་སྣོད་བཅུད་གཉིས་ཀར་གོ་དགོས།[1] དེར་བརྟེན།  བཅུད་ཀྱི་སེམས་ཅན་དང་འབྲེལ་བ་ནི་ཁོར་ཡུག་གི་འབྲེལ་བའི་ཁོངས་ནས་གལ་ཆེ་བའི་འབྲེལ་བ་ཞིག་ཡིན།

          དེང་གི་ཉམས་ཞིབ་པ་དང་། ཚན་རིག་པ།[2]ཕྱི་ལུགས་སྨན་པ།[3] བོད་ཀྱི་གསོ་རིག་སྨན་པ་[4]ཀུན་མ་བགྲོས་གཅིག་མཐུན་གྱིས། འགྲོ་བ་མིར་འགོ་བའི་ནད་ཡམས་དང་ནད་ཅེས་པ་ནི། འགྲོ་བ་གཞན་གྱི་ལུས་ཐོག་ལ་ཡོད་པའི་འབུ་ཕྲ་དག་མིའི་ཁྲག་རྒྱུན་དང་དབུགས་རྒྱུན་ལ་སིམས་ཏེ་བྱུང་བའི་ལུས་ཁམས་མི་བདེ་བའི་ནད་ཅིག་དང་། ཡང་ན། སྲིད་པའི་གངས་རི་དང་འཁྱག་རོམ། ས་གཞི་དང་རྒྱ་མཚོ་སོགས་སུ་ལོ་ངོ་ཁྲི་སྟོང་མང་པོའི་རིང་རྒྱུ་ཞིང་གནས་པའི་འབུ་ཕྲ་རྣམས་ཕྱིར་ཐོན་ནས་འགྲོ་བ་མི་དང་སྲོག་ཆགས་ཀྱི་ཁྲག་རྒྱུན་དུ་སིམས་ཏེ་ལུས་ཁམས་ལ་མི་བདེ་བ་བཟོ་བཞིན་ཡོད་པར་བཤད་པས་འབུ་ཕྲ་ནི་ནད་དང་ནད་ཡམས་ཀྱི་འབྱུང་རྩ་གཙོ་བོ་ཡིན་པར་འདོད།[5]  ད་ཐེངས་ཀྱི་ཏོག་དབྱིབས་ནད་ཡམས་ ( Covid 19 ) ཀྱང་ཚན་རིག་པ་དང་ཞིབ་འཇུག་པ་མང་པོ་ཞིག་གིས་རྒྱ་ནག་ཝུ་ཧྰན་གྱི་སྲོག་ཆགས་གསོན་པོའི་ཁྲོམ་ར་ནས་ཙི་ཙིའི་རིགས་ལས་མཆེད་པར་སྨྲ་བ་དང་།[6]

ལ་ལས་རྒྱའི་ཚན་རིག་པས་ཆེད་མངགས་རྫས་སྦྱོར་བརྟག་དཔྱད་ཁང་ནས་བཟོས་པར་སྨྲ།[7]དང་པོ་ལྟར་ན། ཁོར་ཡུག་དང་དངོས་སུ་འབྲེལ་བ་ནི། སེམས་ཅན་ཚད་ལས་བརྒལ་བ་སྡེབ་གསོད་བྱས་པའི་ཉེར་འབྲས་ཏེ། ཞིབ་འཇུག་པ་སོགས་ཀྱིས་སེམས་ཅན་གྱི་ལུས་ཐོག་ཏུ་ནད་འབུ་རིགས་བརྒྱད་འབུམ་ (༨༠༠༠༠༠) ལྷག་ཡོད་པར་སྨྲ་བ་དང་།[8] ནད་འབུ་དེ་དག་གཞན་ལ་འགོ་བའི་ཚུལ་ནི། ཤ་སོགས་མ་བཙོས་པ་དང་རློན་པར་ཟ་བ། སྐབས་རེར་བསད་མ་ཐག་པའི་དུད་འགྲོའི་ཤ་ཁྲག་རུས་གསུམ་ལ་ལོངས་སྤྱོད་པ། ལྷག་པར་དུ་གསོད་པའི་སྐབས། པགས་པ་བཤུ་བ་དང་། ཤ་བཅད་གཏུབ་ཀྱི་སྐབས་ནད་འབུ་དེ་དག་མིའི་ལུས་ཐོག་ཏུ་འགོ་ཉེན་ཆེ་ཤོས་ཡིན་[9]པ་ལྟར་ཤ་ཚོང་ཁྲོམ་ར་དེར་མི་ཚོགས་ཧ་ཅང་ཆེ་ཞིང་། ཤ་འཚོང་མཁན་ཚོས་སེམས་ཅན་མང་པོ་གསོན་པོར་གསོད་བཞིན་ཡོད།

          གཉིས་པ་ལྟར་ནའང་། ཁོར་ཡུག་དང་དངོས་སུ་འབྲེལ་བ་ནི། ནད་ཡམས་དེའི་འབྱུང་རྩ་ནི་ནད་འབུ་དང་འབུ་ཕྲ་དག་ཆེད་མངགས་ཀྱིས་སྲོག་ཆགས་ཙི་ཙི་སོགས་ལས་བཏོན་པ་དང་། ཡང་ན་སྲིད་པའི་འཁྱག་རོམ་གྱི་སྦུབས་སུ་ལོ་ངོ་སྟོང་ཕྲག་རིང་གནས་པའི་འབུ་ཕྲ་རྣམས་ཚན་རིག་གི་ལག་རྩལ་ལ་བརྟེན་ནས་ཕྱིར་བཏོན་ཡོད་པར་ཞིབ་འཇུག་པ་མང་པོས་རྗོད་བཞིན་ཡོད།[10] [11]

          ཁོར་ཡུག་འཁྲུག་རྐྱེན་ལས་དངོས་སུ་ནད་ཡམས་འབྱུང་བའི་དཔེ་ནི།  ༢༠༠༦ ཟླ་༡༢ ཚེས་ ༢༦ ཉིན་རྒྱ་གར་རྒྱ་མཚོའི་རྦ་རླབས་འཕྱུར་བ་དང་ས་ཡོམ་ ( Tsumani ) བརྒྱབ་ནས་གཡས་གཡོན་གྱི་རྒྱལ་ཁབ་མང་པོའི་ནང་།  ཚ་ནད། ( Malaria ) བཤལ་ནད། (Cholera)  གློ་ནད (Tsunami lung) དཀར་བཤལ་ ( Diarrhea) བྲང་ཁོག་ལ་གཉན་ཁ་( chest infection) བརྒྱབ་པ་སོགས་ཀྱི་ནད་ཡམས་བྱུང་ཡོད།[12] དེའི་འབྱུང་རྐྱེན་ནི།  རྒྱ་མཚོ་དང་ས་སོགས་ཀྱི་གཏིང་དུ་ཡོད་པའི་འབུ་ཕྲ་རྣམས་ཕྱིར་ཐོན་ནས་ནད་ཡམས་དེ་དག་བྱུང་སྐོར་དང་།   ཧྥ་རན་སིའི་རྒྱལ་ཡོངས་ཁོར་ཡུག་ཞིབ་འཇུག་ཁང་ ( National Research Alliance for Environment) གི་ཞིབ་འཇུག་པ་༡༦ གིས་མཉམ་འབྲེལ་ཐོག་༢༠༢༠ལོའི་ཟླ་༤ ཚེས་ ༢༧ ཉིན་སྙན་ཐོ་བཏོན་པའི་ནང་།  སྤྱིར་ནད་ཡམས་དང་ཁོར་ཡུག་བར་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དང་ལྷག་པར་དུ་ད་ལན་གྱི་ཏོག་དབྱིབས་ནད་ཡམས་ཀྱང་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་བརླག་བཏང་བ་ལས་བྱུང་སྐོར་གསལ་འདུག[13]

ལྷག་པར་དུ་ཉེ་དུས།  བོད་ཀྱི་སྟོད་མངའ་རིས་སུ་ཆགས་པའི་སྲིད་པའི་གངས་རི་དང་འཁྱག་རོམ་གྱི་སྦུབས་སུ་ལོ་ངོ་ ༡༥༠༠༠ ལྷག་རྒྱུ་ཞིང་གནས་པའི་[14]དེ་སྔོན་མཐོང་མ་མྱོང་བའི་འབུ་ཕྲའི་རིགས་མི་འདྲ་བ་ ༢༨ གསར་རྙེད་བྱུང་ཚུལ་[15]འཁྱག་རོམ་ཞིབ་འཇུག་པ་དང་།  འབུ་ཕྲའི་ཞིབ་འཇུག་པ།   སྨན་པ་བཅས་མཉམ་རུབ་ཀྱིས་ཡུལ་དངོས་སུ་ཕྱིན་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་དང་གྲུབ་དོན་རྒྱས་པ་ཞིག་ (bioRxiv database ) ཌ་ཌ་སྦེ་སཱི་ཞེས་པའི་དྲ་རྒྱར་ད་ལོའི་ཟླ་དང་པོའི་ནང་དུ་བཀོད་པ་དང་།  ཞིབ་འཇུག་གི་གྲུབ་དོན་འདི་ཞིབ་འཇུག་པ་དང་ཚན་རིག་པ་མང་པོར་འཇིགས་སྣང་དང་དངངས་འཚབ་སྐྱེ་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག  གལ་ཏེ་འབུ་ཕྲ་དེ་དག་ཕྱིར་ཤོར་ཚེ་བསམ་ཡུལ་ལས་འདས་པའི་ནད་ཡམས་ཀྱི་འཇིགས་པ་འབྱུང་ངེས་ཡིན་པའི་སྡོམ་ཚིག་བརྒྱབ་འདུག  འབུ་ཕྲ་དེ་དག་སྤྱི་ཚོགས་ནང་ཁྱབ་གདལ་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པར་རྗོད་བཞིན་ཡོད།

          དང་པོ།   འགྲོ་བ་མི་འདོད་རྔམ་གྱི་གཞན་དབང་དུ་སོང་ནས།   ཚད་ལས་བརྒལ་བའི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་ལས་འཛམ་གླིང་གི་ཚ་དྲོད་རྒྱས་ནས་འཁྱག་རོམ་དག་ཞུས་ཏེ་འབུ་ཕྲ་རྣམས་ཕྱིར་ཐོན་སྲིད།[16]

          གཉིས་པ།  དམག་འཁྲུག་གི་དམིགས་ཡུལ་བཟུང་ནས་སྲིད་པའི་གངས་རི་དང་འཁྱག་རོམ་སོགས་ཀྱི་སྦུབས་སུ་གནས་པའི་འབུ་ཕྲ་རྣམས་ཚན་རིག་གི་ལག་རྩལ་ལ་བརྟེན་ནས་ཕྱིར་བཏོན་ཏེ་མཚོན་ཆར་བཀོལ་སྤྱོད་བྱེད་སྲིད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད།[17]ལྷག་པར་དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་ཁོར་ཡུག་ལ་གཏོར་བརླག་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་བསམ་ཡུལ་ལས་འདས་པའི་ནད་ཡམས་བྱུང་འགོ་ཚུགས་ཡོད། དུས་རབས་ཉི་ཤུ་པའི་འགོ་ནས་ད་ལོའི་བར་དུ་རྒྱལ་སྤྱིའི་ནང་འཇིགས་སྣང་ཅན་གྱི་ནད་ཡམས་ཁྱོན་གྲངས་ ༡༡༩  བྱུང་བ་ལས།[18] དུས་རབས་ཉི་ཤུ་པའི་ནང་ ༣༧ དང་།   དུས་རབས་ཉེར་གཅིག་པའི་ནང་ ༨༢ བྱུང་ཡོད།[19]འདས་པའི་ལོ་ངོ་ཉི་ཤུའི་ནང་རྒྱལ་སྤྱིའི་ནང་བྱུང་བའི་ནད་ཡམས་དང་། དུས་རབས་ཉི་ཤུ་པའི་ནང་བྱུང་བའི་ནད་ཡམས་གཉིས་ཀྱི་གྲངས་ཚད་བསྡུར་ཚེ་ལྡབ་གཉིས་ལྷག་གིས་མང་བ་བྱུང་ཡོད།    དེའི་རྒྱུ་མཚན་གཙོ་བོ་ནི། འདས་པའི་ལོ་ངོ་ཉི་ཤུའི་རིང་ཁོར་ཡུག་ལ་གཏོར་བརླག་བཏང་བ་ནི་དུས་རབས་སྔ་མ་རྣམས་ལས་ཚབས་ཆེ་བ་དང་། ལྷག་ཏུ་དུས་རབས་ ༢༡ པ་ནི་དཔལ་འབྱོར་གྱི་དུས་རབས་ཡིན་ཞེས། ཚང་མ་འུད་སྒྲོག་གི་རྗེས་སུ་བརྒྱུགས་ནས་ཁོར་ཡུག་ལ་གཏོར་སྐྱོན་སྔར་ལས་ལྷག་པ་བཏང་ཡོད།   དང་པོ།  ས་གཏེར་སོགས་ཚད་ལས་བརྒལ་བ་སྔོག་འདོན།  གཉིས་པ།  ཤིང་ནགས་ཚད་ལས་བརྒལ་བ་གཅོད་འབྲེག  གསུམ་པ། གཙང་པོ་དང་མཚོ་སོགས་ལ་འབག་བཙོག་ཚད་ལས་བརྒལ་བ། བཞི་པ།  སེམས་ཅན་ཚད་ལས་བརྒལ་བ་སྡེབ་གསོད།  

ཤིང་ནགས་གཅོད་འབྲེག་ལ་མཚོན་ན། ༢༠༠༠ ལོ་ནས་ ༢༠༡༣ ལོའི་བར་ལོ་རེ་རྒྱལ་སྤྱིའི་ནང་ཁྱོན་ཤིང་སྡོང་ཐེར་འབུམ་3.5 ནས་ 7 བར་གཅོད་འབྲེག་དང་། དེའི་རྒྱ་ཁྱོན་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀཱོ་སི་རི་ཀ་( Costa Rica ) ཡི་ས་ཁྱོན་གྱི་ཚོད་ཙམ་རེད།[20]༢༠༡༥ ལོའི་སྙན་ཐོ་ལྟར་ན་ལོ་རེར་ཤིང་སྡོང་ཐེར་འབུམ་ ༡༥ དང་། འགྲོ་བ་མི་ཆགས་ནས་དེ་འདྲ་བྱུང་མྱོང་མེད་ཅིང་། སྐབས་དེའི་འཛམ་གླིང་གི་ཤིང་སྡོང་བརྒྱ་ཆ་༤༦  ཟིན་སྐོར་བཤད་འདུག[21]

          སེམས་ཅན་སྡེབ་གསོད་ལ་མཚོན་ན།    ལོ་རེར་རྒྱ་ནག་ཏུ་ཁྱི་ཤ་ཟ་བའི་དུས་ཆེན་སྐབས་ཁྱི་ས་ཡ་ ༢༠ དང་། འཛམ་གླིང་གི་ཕག་གི་བརྒྱ་ཆ་ཕྱེད་ཀ་རྒྱ་ནག་ཏུ་ཡོད་ཅིང་།[22]  ལོ་རེའི་ནང་རྒྱ་ནག་ཏུ་ཕག་པ་ས་ཡ་ ༣༠༠ དང་། འཛམ་གླིང་གི་ཕག་ཤ་བརྒྱ་ཆ་ ༦༠ ཐམ་པ་རྒྱ་མིས་ཟ་བཞིན་ཡོད།[23]  རྒྱལ་སྤྱིའི་ནང་ཉིན་རེར་ཟས་ཁོ་ནའི་ཆེད་དུ་སེམས་ཅན་ཐེར་འབུམ་ ༣ དང་།[24]ལོ་གཅིག་ལ་མཚོན་ན་སེམས་ཅན་ཐེར་འབུམ་ ༡༠༩༥ ཟས་ཁོ་ནའི་ཆེད་དམར་གསོད་གཏོང་བཞིན་ཡོད།   དེ་བཞིན། བྱ་དེ། ཉ། བ་ཕྱུགས། ལུག་དང་འབུ་རིགས་སོགས་དམར་གསོད་བཏང་བའི་སོ་སོའི་གྲངས་ཀ་ནི་བསམ་ཡུལ་ལས་འདས་པ་ཡིན། 

ཚན་རིག་པས་ལོ་མང་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་སེམས་ཅན་གྱི་ལུས་ཐོག་ཏུ་ནད་འབུ་རིགས་བརྒྱད་འབུམ་ (༨༠༠་༠༠༠) ལྷག་ཡོད་སྐོར་དང་། དེ་དག་མི་ལ་འགོ་རུང་ཡིན་པའི་སྙན་ཐོ་བཏོན་ཡོད།[25]   

དེས་ན།  ངོ་གདོང་འཛུམ་གྱིས་ཁེངས་ཀྱང་ཁོག་ཏུ་གདུག་རྩུབ་ཀྱི་མེ་ལྕེ་འབར་བཞིན་པའི་མིས་བྱས་ཉེས་ཚབས་ཆེན་དེ་འདྲ་བསགས་ནས།  ད་དུང་ནད་ཡམས་བྱུང་བའི་རྒྱུ་རྐྱེན་གཞན་དུ་འཚོལ་རྒྱུ་དང་གཞན་ལ་ཁག་དཀྲི་རྒྱུ་འདུག་གམ།  ནད་ཡམས་ནི་རྒྱུ་མེད་རྐྱེན་མེད་དམ།  རང་བྱུང་ལྷན་སྐྱེས་སུ་བྱུང་བ་ཞིག་གཏན་ནས་རེད་མི་འདུག     མིའི་འདོད་རྔམ་དང་བྱ་ངན་ཐལ་དྲགས་པས་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་བརླག་བཏང་བས་ནད་དང་ནད་ཡམས་བྱུང་ཚུལ་དེང་ཞིབ་འཇུག་པ་མང་པོས་རྗོད་བཞིན་འདུག[26]  དཔེར་ན།  ཧྥ་རན་སིའི་སྐྱེ་དངོས་རིག་པའི་ཞིབ་འཇུག་པ་སཱར་གྷ་ཡིས་( Serge Morand ) བརྩམས་པའི་འབྱུང་འགྱུར་གྱི་འཇིགས་པ་( The Next Plague ) ཞེས་པའི་དཔེ་དེབ་ཏུ་དེའི་སྐོར་ཧ་ཅང་ཞིབ་ཚགས་ཀྱིས་དཔྱད་འཇོག་བྱས་འདུག[27]

ཁོར་ཡུག་ལ་བདག་གཅེས་བྱས་ན་ནད་ཡམས་ཉུང་བར་འགྱུར་བའི་དཔེ་ནི།  བོད་མཐོ་སྒང་ལ་མཚོན་ན།  རྒྱལ་ཁབ་གཞན་དུ་བྱུང་བའི་ནད་ཡམས་ཀྱི་གྲངས་དང་བོད་དུ་བྱུང་བའི་ནད་ཡམས་ཀྱི་གྲངས་ཚད་གཉིས་བསྡུར་ཚེ།  དེ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་འདུག    དཔེར་ན།  དུས་རབས་ ༡༧ ནས་ད་ལོའི་བར་ཨ་རིར་ནད་ཡམས་ཆེ་གྲས་ཁྱོན་ ༡༥ [28]བྱུང་ཡང་། བོད་དུ་ནད་ཡམས་ཆེ་གྲས་ ༡༠ [29]ལས་བྱུང་མེད།  དེའི་རྒྱུ་མཚན་ནི། བོད་ཀྱི་ས་མཐོ་བ་དང་ཁོར་ཡུག་གཙང་བའི་རྒྱུ་མཚན་གཅིག་པུ་ལ་ཐུག་མི་འདུག དེ་ནི་བོད་མིའི་ཡུལ་སྲོལ་གོམས་གཤིས་སུ་འཇགས་པའི་ཁོར་ཡུག་ལ་བདག་གཅེས་ཀྱི་སྤྱོད་བཟང་དང་། ཆོས་ལུགས་ཀྱི་ཤུགས་རྐྱེན་ལས།     ༡༩༥༩ ལོའི་གོང་དུ་གཏེར་ཁ་སྔོག་འདོན་དང་། གཙང་པོ་དང་རྒྱུག་ཆུ། མཚོ་དང་མཚེའུ་སོགས་ལ་འབག་བཙོག་དང་། ཆུ་རགས་ཆེན་པོ་བཟོ་བ། ཆུ་ཆེན་དག་གི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་སོགས་ནམ་ཡང་བྱས་མྱོང་མེད།  ལྷག་པར་ཚད་བརྒལ་གྱིས་ཤིང་ནགས་གཅོད་འབྲེག་དང་།  ར་ལུག་སོགས་སྡེབ་གསོད་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་འདུག བོད་ཀྱི་དམངས་སྲོལ་དུའང་།   “ས་བརྐོ་རྡོ་བསློག་སོགས་ཀྱི་ལས་མ་བྱེད་མ་གཏོགས།  ཀླུ་དང་གཉན་གྱིས་གནོད་ཡོང་”ཟེར་ནས་སྤྱི་ཚོགས་ཁྱོན་ནས་དེ་ལྟར་མི་བྱེད་པའི་གོམས་སྲོལ་ཆེན་པོ་ཡོད་པ་བཞིན།    ས་བརྐོ་རྡོ་བསློག་ཤུགས་ཆེ་བྱས་ན་ས་འོག་ཏུ་གནས་པའི་འབུ་ཕྲ་རྣམས་ཕྱིར་ཐོན་ནས་མི་སོགས་ལ་འགོ་རྒྱུའི་ཉེན་ཁ་ཡོད་ཅེས་དེང་ཚན་རིག་པས་དངོས་སུ་ཤོད་བཞིན་ཡོད་པས།[30] སྲོལ་རྒྱུན་གྱི་ཁ་བརྡ་བསླབ་བྱ་བྱེད་ཚུལ་དེ་དག་གི་རྩ་བ་ནི་ཚན་རིག་དང་ཧ་ཅང་མཐུན་ནོ།

 

[1]                   www.businessdictionary.com>environment

[2]                   www.cirad.fr>Covid-19> origins of the epidemic coronavirus>

[3]                   www.sciencefocus.com>How do viruses make us ill?

[4]   ནད་ཀྱི་ཁ་རླུང་སྤྲིན་དུ་ཆགས་པ་ལས། །བལ་ནད་རྒྱུ་གཟེར་གག་ལྟོག་འབྲུམ་ནག་འབྱུང་། །གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག།དྲག་ཤུལ་རི་དུག་ཁྲོས་འཇིགས་མྱ་ངན་འདོད། །ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར། །རྒྱུ་རྐྱེན་དེ་ཡིས་མཁྲིས་པའི་མེ་དྲོད་བསང་། ཞེས་གཡུ་ཐོག་ཡོན་ཏན་མགོན་པོ། ༡༩༩༣ པར་ཐེངས་གཉིས་པ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ་དཔལ་ལྡན་རྒྱུད་བཞི། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།ཤོག་གྲངས། ༢༤༣

 

[5]                   www.discovermagazine.com>here’s How those Disease Can jump to Humans

[6]                   www.nbcnews.com>where did the Coronavirus come from ?

[7]                   www.newscientist.com>did coronavirus come from a lab?

[8]                   www.newscientist.com>this won’t be the last pandemic.Where will be next one come from?

[9]                   www.sciencefocus.com>How do viruses jump from animals to Human? ‘‘if its cooked, eating is actually one of the lowest risks,’’ says J.Scott Weese,director of the University of Guelph’s Centre for Public Health and Zoonose.Its the handling that comes before eating-the killing-skinning and butchering-that is highly risky

[10]                 www.thehindu.com> coronavirus was made in a lab, says survey

[11]                 news.cgtn.com>virologist at Wuhan lab speaks to Science:

 

[12]                 www.cnn.com/surivors face disease threat/

[13]                 www.cirad.fr>Covid-19> origins of the epidemic coronavirus>

[14]                 www.sciencemag.org>ancient viruses found in Tibetan glacier Science

[15]                 www.sciencemag.org>ancient viruses found in Tibetan glacier Science

[16]                 www.sciencemag.org>ancient viruses found in Tibetan glacier Science

[17]                 Dead Silennce:Fear and terror on the anthrax trail by Bo Coen and Eric David Nadler. Publication 2009 Publisher:Barkely:Counterpoint:Distribute by Publishers Group West.

[18]                 https:/en.m.wikipedia.org>list of epidemics

[19]                 https:/en.m.wikipedia.org>list of epidemics

[20]                 www.ran.org/how many trees are cut down every year?

 

[21]                 www.time.com/trees-human

[22]                 www.npr.org>2019/8/15

[23]                 www.pig.-work.co.uk

[24]                 www.sentientmedia.org/how mang animals are killed for food everyday

[25]                 www.newscientist.com>this won’t be the last pandemic.Where will be next one come from?

[26]                 www.sciencefocus.com>How do viruses jump from animals to Human? ‘‘if its cooked, eating is actually one of the lowest risks,’’ says J.Scott Weese,director of the University of Guelph’s Centre for Public Health and Zoonose.Its the handling that comes before eating-the killing-skinning and butchering-that is highly risky

[27]                 www.cirad.fr>Covid-19> origins of the epidemic coronavirus>

[28]                 www.healthline.com/the worst outbreaks in u.s.history

[29]                 དེ་སྔ་སྡོམ་རྩིས་བརྒྱབ་པའི་ཡིག་ཆ་མ་མཐོང་ཡང་། སྨན་རམས་པ་གཡང་འབུམ་རྒྱལ་གྱི་ཞིབ་འཇུག་དང་།  དཔེ་དེབ་ཇི་སྙེད་ཅིག་ལ་གཞིགས་ཚེ།

[30]                 www.sciencefocus.com>How do viruses jump from animals to Human? ‘‘if its cooked, eating is actually one of the lowest risks,’’ says J.Scott Weese,director of the University of Guelph’s Centre for Public Health and Zoonose.Its the handling that comes before eating-the killing-skinning and butchering-that is highly risky

 

༥ མཇུག་གཏམ། ( རང་ཉིད་ལ་གཅེས་ན། ཁོར་ཡུག་ལ་གཅེས་ཤེས་དགོས)

མདོར་ན། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་དང་ལུས་སེམས་བདེ་ཐང་།   བུ་རབས་ཚ་རྒྱུད་རྣམས་ཀྱི་སྲོག་གི་རྒྱུ་བ་རྒྱུན་མཐུད་འདོད་ན།  དཔལ་འབྱོར་ཡར་རྒྱས་ཞེས་འཇིག་རྟེན་གྱི་རིན་ཆེན་ས་གཏེར་སོགས་ཤོག་དངུལ་གྱི་གྲངས་ཀ་ཙམ་ལ་བསྒྱུར་རྒྱུའི་འཕྲལ་ཕུགས་གོ་ལྡོག་པའི་སྤྱོད་པར་མགོ་མི་འཁོར་བར།   འགྲོ་བ་སྲོག་ཆགས་གཙོ་བོར་གྱུར་པའི་ཁོར་ཡུག་གི་སྡེར་གཏོགས་པའི་ཤིང་ནགས་དང་ཆུ་བོ་སོགས་ལ་བདག་གཅེས། གཏོར་བརླག་དང་བག་མེད་དུ་ལོངས་སྤྱོད་བྱེད་མི་ཉན་པའི་སློབ་གསོ་དང་གོ་རྟོགས་ཀྱི་ལས་གཞི་གང་མགྱོགས་སྤེལ་དགོས།    དཔེར་ན།  ཁོར་ཡུག་ལ་གཏོར་བརླག་ཅི་ཙམ་བཏང་བའི་ཚོད་ཀྱིས་ནད་དང་ནད་ཡམས་ཀྱི་འཇིགས་པ་འབྱུང་ངེས་ཀྱི་སྐོར་ཚན་རིག་པས་བཏོན་པའི་གྲུབ་དོན་རྣམས་[1]ཕྱོགས་བསྒྲིགས་ཀྱིས་དེབ་ཆུང་ལྟ་བུ་བཟོས་ཏེ། ཚོང་པ་དང་བཟོ་གྲྭ་ཆེ་ཁག་ལ་ངོ་སྤྲོད་དང་།  དམིགས་བསལ་གྱིས་སློབ་གྲྭ་དང་མཐོ་སློབ་ཁག་གི་སློབ་ཚན་དུ་འཇོག་ཐུབ་ན།   ཁོ་ཚོ་ནི་མ་འོངས་པའི་འཛམ་གླིང་གི་བདག་པོ་ཡིན་པས་ཆུང་དུས་ནས་ཁོར་ཡུག་བདག་གཅེས་ཀྱི་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་རྒྱུའི་རེ་བ་ཡོད།   དེ་ཡང་ཁོར་ཡུག་ལ་བདག་གཅེས་བྱས་དང་མ་བྱས་ཀྱི་འཕྲལ་ཕུགས་ཀྱི་དགེ་སྐྱོན་དང་།  ལྷག་ཏུ་རང་ཉིད་སྒེར་ལ་དངོས་སུ་ཕན་གནོད་གང་ཡོད་དང་།   འདོད་རྔམ་དང་དགོས་མཁོའི་ཚད་ལས་བརྒལ་བའི་དཔལ་འབྱོར་རྒྱ་སྐྱེད་ཀྱི་ཉེན་ཚབས་སྐོར་མང་ཙམ་གོ་རྟོགས་སྤེལ་རྒྱུའི་དུས་ལ་བབ་འདུག 

     དེར་བརྟེན་ཞིབ་འཇུག་པ་དང་ཚན་རིག་པ་མང་པོས་ད་དུང་མུ་མཐུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་ཚེ་འབྱུང་འགྱུར་ལོ་ཟླའི་ཁྲོད། འདས་པའི་ནད་ཡམས་ལས་ལྡབ་འགྱུར་གྱི་འཇིགས་པ་ཆེ་བ་ཡོང་ངེས་ཀྱི་སྐོར་རྗོད་བཞིན་ཡོད།[2]ཞིབ་ཏུ་བསམས་ཚེ། ནད་ཡམས་ནི་མིའི་གདུག་རྩུབ་ཀྱི་སྤྱོད་པ་གཟུགས་བརྙན་དུ་ཤར་བ་ཡིན་པས།  གཟུགས་བརྙན་དེར་སྟངས་འཛིན་བྱེད་དགོས་ཚེ།  ད་གཟོད་འགྲོ་བ་མིའི་འདོད་རྔམ་དང་། མྱོས་པ་ལྟ་བུའི་གཏུམ་སྤྱོད་ལ་སྟངས་འཛིན་བྱེད་དགོས་པ་ལས། གཞན་ཐབས་ཤེས་ཅི་ཡང་མེད་དོ། ། 

མཐའ་དོན།   ནད་ཡམས་ལ་སྙིང་རྗེ་མེད་ལ། ཉེ་རིང་དང་ཕྱོགས་རིས་ནི་དེ་བས་ཀྱང་མེད་པས།  རྒྱལ་སྤྱི་དང་རྒྱལ་ནང་། སྤྱི་དང་སྒེར། རང་དང་གཞན་ཀུན་གྱིས་ཞིབ་ཏུ་མནོ་བསམ་གཏང་དགོས་པའི་དུས་ལ་བབ་འདུག  ནད་ཡམས་ཞི་གྱུར་ཅིག  མིའི་གདུག་རྩུབ་ཀྱི་བྱ་སྤྱོད་མཚམས་ཆད་པར་གྱུར་ཅིག   ཁོར་ཡུག་གཙང་གྱུར་ཅིག 

 

[1]                   www.cirad.fr>Covid-19> origins of the epidemic coronavirus>

[2]                   www.newscientist.com>this won’t be the last pandemic.Where will be next one come from?

 

མཇུག་གཏམ་སེམས་ཀྱི་རེ་བ།

ཁོར་ཡུག་གི་རིན་ཐང་ངས་བཤད་ན་ལག་ལེན་གྱི་འཐབ་རྩོད་སུ་ཡིས་བྱེད། ཁོར་ཡུག་གི་གནས་བབས་ཇེ་སྡུག་ཡིན་ན་ཚན་རིག་གི་སྟོབས་ཤུགས་སུ་ཡིས་འགོག  བདག་འཛིན་གྱི་མཐའ་མ་སྡུག་བསྔལ་ཡིན་ན་བདག་སྤོང་གི་བདེ་བ་སུ་ཡིས་ཤེས། སྙིང་སྟོབས་ཀྱི་མེ་དཔུང་ཁོག་ཏུ་སྦར་ནས་དྲོད་སྐྱིད་ཀྱི་བདེ་བ་སུ་ཡིས་རྟོགས། དེ་ལྟར་འགྲོ་བ་མི་རིགས་ཀྱི་ལོ་རྒྱུས་དང་བསམ་བའི་འཁོར་ཕྱོགས་ལ་ཕྱིར་བལྟས་ཞིག་བྱེད་ན། གཅིག་ཤ་གཅིག་འཐུང་གི་སྲོལ་ལུགས་ཤིག་དང་། གཅིག་གསད་གཉིས་རྡུང་གི་འཐབ་རྩོད་ཁྲོད་ནས་མེད་པར་ཆག་སོང་བ་ལས་གཞན་གང་ཡང་མི་འདུག དཔེར་ན་རང་དོན་བསམ་ནས་ཁོར་ཡུག་གཏོར། རང་རྒྱལ་འདོད་ནས་གཞན་མགོ་རྡུང་།  དབང་ཤུགས་དང་བཙན་ཤུགས་ཁོ་ནས་ཁོར་ཡུག་དང་སྲོག་ཆགས་ཡོད་ཚད་མེད་པར་བཟོ་ཐབས་གནང་དང་གནང་བཞིན་པ་རེད། དེ་དང་འདྲ་བ་རྒྱལ་སྤྱིའི་ཐོག་ལ་གོང་དུ་བཤད་པར་ལྟར་དཔལ་འབྱོར་ཁོ་ནའི་སྟོབས་ཤུགས་དང་ཚན་རིག་གི་དངོས་པོའི་འཕེལ་རྒྱལ་ཁྲོད་ན་མཚན་ལ་གཉིད་མེད་པ་དང་། སེམས་ནད་ཅན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར། ཁོ་མོས་ཀྱང་རང་ཉིད་མི་རབས་གསར་པ་ཞིག་དང་དེ་ལས་ཀྱང་བུད་མེད་ཅིག་ཡིན་པའི་འགན་འཁྲིའི་ལས་འགན་ཉིད་དུ་བརྩིས་ཏེ། འགྲོ་བ་ཀུན་གྱི་བདེ་སྡུག་གི་ཆེད་དུ་བསམ་བློ་ཅི་ནུས་རེ་གཏོང་ཁུལ་བྱས་པ་ན། གོང་དུ་བཤད་ཟིན་པའི་སྙིང་གཏམ་དམར་པའི་ཚིག་འགའ་ཤོར་སོང་ལ། གནད་དོན་གང་གི་ཆ་ནས་ནོར་བ་དང་གནས་ལུགས་མེད་པ་ཡོད་སྲིད་པས་ཀློག་པ་པོ་ཡོངས་ནས་བསམ་ཤེས་ཡོད་པར་སྨོན། ངའི་རེ་བ་དང་རྨི་ལམ་ནི་ད་ནས་བཟུང་སྟེ། འགྲོ་བ་ཀུན་གྱི་དུས་རབས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་གནང་ཐབས་དང་། རང་ཅག་བོད་མི་རྣམས་ནས་རང་ཉིད་ནང་པ་བ་ཞིག་ཡིན་པའི་གཞི་རྩའི་བྱམས་བརྩེ་ཡི་འདུ་ཤེས། ལྷག་བསམ་གྱི་འདུ་ཤེས་སོགས་བརྙེད་དེ། དེ་ཡང་ཕྲན་ལ་མཚོན་ན། རང་ཉིད་བོད་མི་ཞིག་ཡིན་པ་མ་ཟད་། མི་རབས་གསར་པ་ཞིག་ཡིན་པའི་ངོས་ནས་སྤྱི་བའི་འགན་འཁྲི་ཞིག་ཡོད་སྙམ་པ་དང་ཆབས་ཅིག ཤེས་ཡོན་པའི་སྡེ་ཁ་ན་རང་མི་རིགས་ཀྱི་ཆོས་དང་རིག་གནས་གཙོ་བོ་སྤྱོང་མཁན་ཞིག་ལ་བྲེ་བྲག་གི་འོས་འགན་གཞན་ཞིག་ཡོད་པའི་སྔར་ནས་ཤེས་ཡོད། ཁ་སངས་ནས་བཤད་ན།  ཁོར་ཡུལ་དང་ལུས་ཁམས་བདེ་ཐང་ཞེས་འདི་ཡང་ཕྲན་གྱི་ལྟ་ཚུལ་དང་བསམ་ཚུལ་གཞི་མ་བྱས་ནས་ཏེ་རིང་གི་མི་རབས་གསར་པ་རྣམས་ལ་ཕུལ་བའི་སྐྱོ་བའི་གདུང་དབྱངས་ཤིག་ཡིན་ནོ།།

ཁོར་ཡུག་དང་ལུས་ཁམས་བདེ་ཐང་བར་གྱི་འབྲེལ་ལམ་ལ་རགས་ཙམ་བཤད་པ།

ཁོར་ཡུག་དང་ལུས་ཁམས་བདེ་ཐང་བར་གྱི་འབྲེལ་ལམ་རགས་ཙམ་བཤད་པ།

༢༠༢༠ལོར་ཨང་གསུམ་པ་ཐོབ་པའི་རྩོམ་ཡིག

རྔ་བ་ཀུན་བཟང་སྒྲོལ་མ།
རྔ་བ་ཀུན་བཟང་སྒྲོལ་མ།
དཔྱད་གླེང་།

འཛམ་གླིང་གི་སྣེ་མོ་གསུམ་པ་དང་ཨེ་ཤ་ཡའི་གཙང་པོའི་འབྱུང་ཁུངས་སུ་གྱུར་པའི་བོད་གངས་རིའི་ལྗོངས་ཀྱི་ཁོར་ཡུག་དང་། སྐད་བརྡ་དང་ཤེས་རིག མི་རིགས་དང་དཔལ་ཡོན་བཅས་ཀྱི་རང་དབང་ཆ་ཚང་བ་ཞིག་ནི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་འཚོ་བའི་རྟེན་ས་དང་།  ཞི་བདེ་ལྷིང་འཇགས་ལྡན་པའི་ས་གཞི་ཆེས་དམིགས་བསལ་བ་ཞིག་ཡིན་པས། དེ་དག་གི་ཡུན་གནས་དང་གོང་འཕེལ་གྱི་རྨང་གཞི་དང་མཐར་ཐུག་གི་རེ་ས་ཡོད་ཚད་ཁོར་ར་ཁོར་ཡུག་གི་མཛེས་སྡུག་དང་ཞི་འཇམ་གྱི་རི་ལུང་ལ་ཆགས་ཡོད། འོན་ཀྱང་། ཁོར་ཡུག་ཅེས་པ་ཚད་མཐོ་བའི་ཤེས་རྟོགས་དང་ཁུངས་ཐུབ་ཀྱི་དཔྱད་ཞིབ་འཛིན་སྐྱོང་ཐབས་ལམ་དག་བཤད་ཡོང་སྐབས། དུས་རབས་ཉེར་གཅིག་པའི་ཚན་རྩལ་རླབས་ཤུགས་ཁྲོད་ནས་གདོང་ལེན་དང་རྟོགས་སད་ཀྱི་སྙིང་སྟོབས་དགོས་པ་དེ་བས་གལ་ཆེ།  དེ་དག་ལས་ཀྱང་དུས་རབས་འདིའི་རང་རྟོགས་ཀྱི་རྣམ་དཔྱོད་དང་། རང་གནས་ཀྱི་ཁོར་ཡུག་ལ་དོ་སྣང་མེད་སོང་བས། ས་གཞི་འདི་དང་དེར་གནས་བཅས་པའི་མི་དང་སྲོག་ཆགས་ཀུན་ལ་སྔར་མེད་ཀྱི་སྡུག་བསྔལ་ཞིག་དང་། འཇིགས་སྐྲག ཛ་དྲག་ངང་གནས་བསྡད་པ་གྲངས་ལས་འདས།  དེའི་ཕྱིར། ཕྲན་ནས་ཀྱང་ཁ་ཞེ་གཉིས་མེད་དང་། ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་རང་གི་ཤེས་བྱ་དང་རིག་གནས་ཞན་པ་ལ་མ་ལྟོས་པར་རང་ཉིད་བདེ་བ་འདོད་མཁན་ཞིག་དང་སྡུག་བསྔལ་མི་འདོད་མཁན་ཞིག་ཡིན་པ་གཞི་ལ་བཟུང་ནས། ཁོར་ཡུག་དང་ལུས་སེམས་བདེ་ཐང་ཞེས་པའི་བརྗོད་བྱ་འདིའི་ཐོག་ལ་རིམ་པ་བཞི་ལ་དབྱེ་ནས་བཟོད་དཀའ་བའི་སྙིང་གཏམ་འགའ་སེམས་ཀྱི་རེ་བ་གཅིག་ཏུ་འདྲེས་ཡང་ལས་དབང་གི་ཁ་ཁ་བཏང་བའི་ངའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཚོ་ལ་ཞུ་འདོད་ཀྱི་མོས་པ་དང་། དམ་བཅའ། རེ་བ་སོགས་ཀྱིས་དཔྱད་གླེང་ཐུང་ཐུང་འདིའི་སྔོན་འགྲོའི་འབོད་དབྱངས་ཙམ་གྱི་ཚུལ་དུའོ།

དང་པོ། ལུས་ཁམས་བདེ་ཐང་དང་འབྲེལ་བའི་ཁོར་ཡུག་གཙང་བཟོའི་དགོས་པ།

རང་ཅག་འགྲོ་བ་མི་གཅིག་ཡིན་པ་དང་རེག་ཚོར་གྱི་མྱོང་བ་མི་གཅིག་ཀྱང་ཐམས་ཅད་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པས་ངའི་བརྗོད་ག་ལ་དགོས། གནས་ལུགས་འདི་ལ་གཞི་བཟུང་ནས་བཤད་ན། དྲང་བདེན་དང་གནས་ལུགས་རྟོགས་པའི་སྐྱེ་འགྲོ་ཀུན་ལ་རང་བྱུང་ཁོར་ཡུག་ལ་ལོངས་སུ་སྤྱོད་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་གཅིག་འདྲ་ཡོད། གནས་དོན་འདི་ངོས་འཛིན་གསལ་པོ་ཞིག་ཆགས་སོང་ན། ད་གཟོད་ཁྱེད་དང་ཁོར་ཡུག་བར་གྱི་འབྲེལ་བ་དང་། འོས་འགན། སྲུང་སྐྱོབ་སོགས་ཀྱི་འབྲེལ་བ་ལ་རྟོགས་སད་དགོས་ལ། ཕྱི་དངོས་ཅི་ཙམ་གཙང་ན་དེ་ཙམ་གྱི་ནང་སེམས་ལ་སྔར་མེད་ཀྱི་བདེ་བ་ཞིག་དང་ཞི་བདེ་སྐྲུན་ཐུབ་པ་གསལ་པོ་རེད། ལུས་ཁམས་དེ་འབྱུང་བ་ཆེན་པོ་ལྔ་ལ་བརྟེན་ནས་བདེ་སྡུག་གི་ཚོར་བ་མྱང་དང་མྱོང་བཞིན་ཡོད། འབྱུང་བ་དེ་དག་ལ་ནི་ཕྱིའི་ཁོར་ཡུག་ལ་རང་གི་སྲོག་ལྟར་བྲལ་ཐབས་མེད་པར་ཆགས་ཡོད། སྣང་ཚུལ་དང་འཁྲུལ་གཏམ་ཙམ་མ་ཡིན་པར། མི་དང་མི། མི་དང་སྲོག་ཆགས། མི་དང་སྤྱི་ཚོགས་གང་དང་གང་ཞིག་ཡིན་ཀྱང་ཕན་ཚུན་མི་མཐུན་པ་དང་རྩོད་རྙོག་གང་ཡང་མེད་ལ།  སྔར་ཡོད་ཀྱི་ཕྱི་སྣོད་ཀྱི་རི་དང་ཡིད་དུ་འོང་བའི་ནགས་ཚལ། མཐའ་ཡས་པའི་རྒྱ་མཚོ་སོགས་ལོངས་སུ་སྤྱོད་ནས་རང་གཞན་ཀུན་ལ་བསམ་ཤེས་ལེགས་པོ་བྱས་ན། ད་གཟོད། ལུས་ཁམས་དང་ཁོར་ཡུག་གི་བར་ན་ལྡོག་ཏུ་མེད་པའི་འབྲེལ་ལྡན་པའི་འདུ་ཤེས་ཅན་གྱི་རིག་གནས་བ་ཞིག་རེད་ཟེར་ཆོག དེ་མིན་རང་རེའི་ཕ་མ་རྣམས་ཀྱི་ཁ་རྒྱུན་ལ་ཡང་ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། རྩྭ་རྩི་ཤིང་བཅད་ན་མི་ཚེ་ཐུང་། རི་བཟང་བོ་སློག་ན་ལྷ་མི་དགའ་། དྲི་ངན་པ་བདུག་ན་གནམ་མི་དགའ་ཞེས་པ་སྤྱི་དམངས་ཀུན་ཕན་པའི་གདམས་ངག་ཁྲོད་ནས་ང་ཚོའི་གོ་རྟོགས་སད་དགོས་པ་ཧ་ཅང་མང་སྙམ།

ལྷག་པར་ཏུ་རི་སྐྱེས་གཅན་གཟན་རི་དྭགས་དང་། གཡུང་དྭགས་རྟ་ནོར་ལུག་གསུམ། ནམ་མཁའི་བྱ་བྱེའུ་སྣ་མང་། ས་གཞིའི་འབའ་འབུའི་སྡེ་རིགས་སོགས་དང་ང་ཚོའི་ལུས་ཁམས་བདེ་ཐང་ལ་འབྲེལ་ཆེ་ལ་དེ་དག་སྲུང་སྐྱོབ་ཀྱི་འདུ་ཤེས་མེད་སོང་བས། དུག་ལྔའི་ཞགས་ལ་བཅིང་བའི་སྐྱེ་འགྲོ་རྣམས་ཀྱི་རི་དང་ཆུ། བྲག་དང་སྤང་། མེ་ཏོག་དང་ལྗོན་ཤིང་སོགས་ལ་རིན་ཐང་གང་ཡང་མེད་པར་གང་གི་འདོད་པ་ལྟར་གསོད་དགོས་ས་ན་བསད། གཏུབ་དགོས་ས་ན་གཏུབ། གཏོར་དགོས་ན་གཏོར་ཏེ། མཐོང་མཐོང་རིག་རིག་ལ་རང་བྱུང་ཁོར་ཡུག་དེ་གཏོར་བཤིག་བཏང་བ་མང་དྲགས་བས། ཉིན་རེ་བཞིན་མིའི་ལུས་ཁམས་མི་བདེ་བ་དང་ནད་ན་ཚ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ངའི་བརྗོད་ག་ལ་དགོས། བློ་ཕམ་པའི་གནས་ཚུལ་དག་མཐོང་བཞིན་དུ་ད་དུང་སྔར་བཞིན་རང་འདོད་ཁོ་ན་དམིགས་ནས་འགྲོ་བསྡད་ན་ནམ་ཉི་མ་ཞིག་ལ་ཁོར་ཡུག་ཁ་ལོག་འགྱུར་ནས་ཡོད་ཚད་མེ་དཔུང་ཞིག་གི་ནང་ལ་ལྷུང་མི་སྲིད་པ་ག་ལ་ཡིན།

གཉིས་པ། ཆོས་ལུགས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁ་ཕྱོགས།

དེ་ཡང་ལམ་རིམ་ལས། ཁམས་གསུམ་བརྩིས་ན་ལྷ་རིགས་མང་བར་མངོན། ། རྒྱུ་འབྲས་བརྩིས་ན་ངན་སོང་མང་བར་མངོན། ། སྤྱི་སྡེ་སྒོ་རིགས་བྱོལ་སོང་མང་བར་མངོན། ། འཁོར་བ་ལྷང་ལུགས་བཤད་ན་དམྱལ་བ་མང་།།[1] ཞེས་གསུངས་པར་ལྟར་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པར་ཆེར་ཉུང་བས། རྐང་གཉིས་ཡོད་ཀྱང་སྤོ་མི་ཤེས་མཁན་དང་བདེ་སྐྱིད་ཡོད་ཀྱང་མྱོང་མི་ཤེས་མཁན་གྱི་འགྲོ་བ་མི་རྣམས་ནི་ཐོག་མ་མ་རིག་ནས་བཟུང་འཇིག་རྟེན་འཁོར་བ་ལྷུང་བ་རེད། དེ་ནས་བཟུང་ང་ཚོའི་འཁོར་བ་འདིའི་ཡོད་ཚད་ལ་མྱོང་དགོས་བྱུང་སོང་བ་རེད། མ་ཟད་དེའི་ནང་ནས་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དམིགས་བསལ་འགན་འཕར་མ་ཞིག་ཡོད་དེ། འགྲོ་བ་སེམས་ཅན་ཀུན་ལ་ཆེས་གལ་གནས་ཆེ་བའི་བྱམས་སྙིང་རྗེ་དང་། བཅོས་མེད་ཀྱི་བཟོད་པ། ལྷག་བསམ། མི་སྒེར་གྱི་རང་ཚུགས་ཀྱི་ལྟ་བ་ཡང་དག་རྣམས་གཅེས་སྐྱོང་གི་འགན་འཁྲི་ཡོད། དེའི་ནང་ནས་ནང་པ་ཞིག་ཡིན་པའི་ཆ་ནས་ཁོར་ཡུག་ལ་བདག་སྐྱོང་དགོས་པ་དེ་གལ་ཆེར་མཐོང་བས་གཤམ་ལ་ཆོས་ལུགས་དང་འབྲེལ་བའི་ཁོར་ཡུག་གཙང་བཟོད་ཀྱི་་ཐབས་ལམ་འགའ་བཀོད་འདོད།

  • གཅིག་ཤ་གཅིག་གིས་ཟ་བའི་སྲོལ་ལུགས་སྤངས་ནས་སྤྱི་སྡེ་སྒོ་རིགས་ཀུན་ལ་སྙིང་རྗེ་སྐྱེས་དགོས།  
  • གསོད་གཏུབ་སྡིག་པའི་སྐྱོན་དག་ཤེས་ནས་རྩ་ཆུང་སྤང་ལ་སྲུང་སྐྱོབ་བྱ་དགོས།
  • ཞེ་སྡང་འདོད་ཆགས་གཏི་མུག་སོགས་ཀྱི་དབང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་སྤོང་དགོས།
  • ཚེ་ཐུང་ནད་མང་མི་ཡོང་བའི་ཐབས་སུ་ཕྱི་སྣོད་ནང་གཅུད་སྲུང་སྐྱོབ་བྱ་དགོས།
  • འགྲོ་དྲུག་སེམས་ཅན་མ་ཡིན་བསམ་ནས་གཞན་གྱི་ཚེ་སྲོག་ལ་སྡུག་བསྔལ་མ་བཟོས།
  • རང་གི་སྲོག་ལ་དཔེར་བཟུང་ནས་གཞན་གྱི་སྲོག་ལ་ལག་རྩེད་མ་གནང་།
  • སེམས་ལྡན་ཡིན་པ་གཅིག་མཚུངས་ཐོག་ནས་བྱ་སྤྱོད་ཀུན་ལ་ཐུགས་བསམ་བཞེས་རོགས།

 

ཞེས་གོང་གི་གནས་དོན་བདུན་པོ་ནི་ནང་པ་བ་ཞིག་ཡིན་པའི་ཆ་ནས་རང་གི་ཁོར་ཡུག་སྲུང་སྐྱོབ་དང་གཙང་བཟོད་དགོས་པའི་ཆེར་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན་ལ། གལ་ཏེ་ཁོར་ར་ཁོར་ཡུག་དེ་ཞི་བདེ་དང་ལྷིང་འཇགས་ཞིག་མེད་ཚེ། ད་གཟོད་ང་ཚོ་སུ་དང་སུ་ཡིན་ཡང་གསོན་པོར་གནས་ཀྱང་ནམ་ཡང་བདེ་སྐྱིད་ཀྱིས་ཕོངས་པའི་ཁེར་རྐྱང་བདག་མེད་ཀྱི་མི་ཚེ་ཞིག་ཏུ་འགྱུར་སྲིད་པས། གནས་དོན་འདི་ལ་རེག་ཚོར་གྱི་མྱོང་བ་ལྡན་པའི་སྤྱི་འགྲོ་ཀུན་ནས་བསམ་ཤེས་ཡོད་པར་སྨོན།

 

[1] བོན་གྱི་ལམ་རིམ་ལས། རྩོམ་པ་པོ། མེ་སྟོན་ཤེས་རབ་འོད་ཟེར།

གསུམ་པ། འགྲོ་བ་མི་དང་འབྲེལ་བའི་ཁོར་ཡུག་བདག་སྐྱོང་མ་བྱས་པའི་ཉེས་དམིགས།

འགྲོ་བ་མི་ཞེས་པ་ནི་སྨྲ་ཤེས་དོན་གོ་བའམ། ཡོ་བྱད་བཟོ་ཤེས་ཤིང་ཡོ་བྱད་བཀོལ་ནས་ངལ་རྩོལ་ཤེས་པའི་སེམས་ལྡན་ཁྱད་འཕགས་པ་ཞིག་ཡིན་པས། སྲོག་ཆགས་གཞན་ལས་ལྷག་པའི་གོ་ས་དང་། ལས་འགན། རིན་ཐང་། ལྟ་ཚུལ། སྣང་ཚུལ། བྱ་ལུགས། སྤྱོད་ལུགས་ལ་སོགས་ཕྱོགས་གང་ནས་རང་གི་འདོད་པ་ལྟར་གནས་ལུགས་ལྡན་པའི་ལས་དོན་སྒྲུབ་ནུས་མཁན་དང་། གཞན་གྱི་དགོས་མཁོ་བཞིན་གསར་གཏོད་དང་སྟོབས་ལྡན་ཞིག་ལ་ངོས་འཇིན་གནང་ངོ་། གལ་ཏེ་ད་དུང་མི་ཞིག་ཡིན་བཞིན་དུ་ས་གཞི་དང་རི་སྐྱེས་སྲོག་ཆགས་རྣམས་ཀྱི་ཁོར་ཡུག་ལ་གཙང་བཟོད་མ་བྱེད་པར། ལྷིང་འཇགས་ཀྱི་འཚོ་བ་དཀྲུག་ནས་དུས་རྗས་སྣ་ཚོགས་བཟོ་བསྐྲུན་བྱས་ཏེ། ཆུ་རླུང་ཡོད་ཚད་སྦག་བཙོག་བཟོས། རང་བྱུང་རྩི་ཤིང་ནགས་ཚལ་བཅད་གཏུབ་མང་དྲགས་བས། ཆར་ཆུ་དུས་ཐོག་ལ་མི་བབས་པ་དང་། རླུང་ནག་འཚུབ་དམར་ལྡང་བ། ཆུ་ལོག་རྒྱག་པ། ས་འགུལ་གངས་ཉིལ་བྱུང་བས་འགྲོ་བ་མི་རྣམས་ལ་སྔར་མེད་ཀྱི་ནད་ན་ཚ་མང་བ། ཚེ་ཐུང་བར་ཆད་མང་བ། ཞ་ར་འོན་ལྐུགས་ཅན་སོགས་འགྱུར་ནས་གསོན་ལམ་ལས་འཆི་ལམ་ན་ཁ་ཕྱོགས་མཁན་མང་ངོ་། གནད་དོན་འདིའི་བྱུང་ཁུངས་ཡང་མདོར་བསྡུས་ནས་བཤད་ན་མི་རང་གི་ཁོར་ཡུག་ལ་བརྩི་མཐོང་དང་། རིན་ཐང་། གལ་གནད་སོགས་མ་མཐོང་བར་རང་གི་དཔལ་འབྱོར་དང་རྒྱལ་ཁ་ཁོ་ནར་དམིགས་པ་ངས་བཤད་ཅི་ལ་དགོས།

དེ་ལས་ཀྱང་བློ་ཕམ་པ་ཞིག་ལ་ཁོར་ཡུག་གཙང་བཟོ་མ་བྱས་པར་ཤོག་སྙིགས་ཡོད་ཚད་མཚོ་ལ་བཏབ། འགྱིག་ཤོག་གང་ཡོད་མེ་རུ་སྒྲོན། ཤེལ་དམ་སྣ་ཚོགས་ས་རུ་གཏོར། ཟས་ལྷག་འཐུང་ལྷག་གང་འདོད་གཏོར། ཁ་ལུད་སྣ་ལུད་གང་བྱུང་མང་བྱུང་གཡུགས་པ་སོགས་ལ་ཕྱི་འདང་ཞིག་བརྒྱབ་ན་ངོ་མ་རང་གི་རང་ལ་ངོ་ཚ་བའི་སྣང་བ་བྱུང་། མདོར་ན་བྱ་སྤྱོད་དེ་དག་གི་མཐར་སོ་སོའི་ཚེ་སྲོག་ལ་ཡང་གནོད་སྐྱོན་འབྱུང་གིན་ཡོད་པས་གོང་གི་ཉེས་དམིགས་ཡོད་ཚད་སྤང་ནས་ཁོར་ཡུག་གཙང་བཟོད་ཀྱི་ལས་རིམ་ནང་། ཆ་ཤས་ངེས་པར་ལེན་སྤྱོད་དགོས་པ་དང་། རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་དང་ལྷན་དུ་རང་གི་ཁོར་ཡུག་ལ་རང་གི་འགན་འཁུར་ནས་གྲུབ་འབྲས་མང་པོ་ཞིག་ལ་བརྩོན་ལེན་དགོས་པ་གལ་ཆེ་བར་འདུག་གོ

བཞི་པ། དུས་རབས་དང་མཐུན་པའི་ཁོར་ཡུག་ཅིག་སྐྲུན་ཐབས།

ལོ་ངོ་དུ་མ་ཞིག་གི་ཡར་སྔོན་ལ་བོད་གངས་ཅན་ལྷ་ཡི་ཞིང་ཁམས་འདིར་ཕྱིའི་ཡུལ་ལྗོངས་བལྟ་ན་སྡུག་ཅིང་གངས་རི་དང་སྤང་རི། བྲག་རི་དང་རྗ་རི། ནགས་ཚལ་སོགས་གཙང་ཞིང་ཡིད་དུ་འོང་བ་དང་། ཟང་ཟིང་ཚན་རིག་གི་གཏོར་སྐྱོན་བཏང་མཁན་གང་ཡང་མེད་པའི་ཆེས་ལྷིང་འཇགས་ཀྱི་ཞི་བའི་ལྷ་གནས་ངོ་མ་ཞིག་ཡིན།

དེ་དང་ཕྱོགས་མཚུངས་མེས་པོ་རྣམས་ཡང་དགེ་བའི་ལས་ལ་བརྩོན་ཞིང་སྡུག་ལས་ལ་འཛེམས་པ། འོན་ཀྱང་དུས་རབས་ཀྱི་འགྱུར་ཤུགས་དབང་གིས་ད་ལྟའི་སྐབས་སུ། བདེན་པ་མི་གཙོ་དཔལ་འབྱོར་གཙོ་བའི་དུས་རབས་ཉེར་གཅིག་པ་འདིའི་ནང་ལ། གནས་ལུགས་མི་གཙོ་དབང་སྒྱུུར་གཙོ་བའི་ཆབ་སྲིད་མང་། ཞི་བདེ་མི་གཙོ་དམག་འཁྲུག་གཙོ་བའི་སྒེར་གཅོད་དབང་བཙན། སྤྱི་དམངས་[1]མི་གཙོ་སྒེར་དོན་གཙོ་བའི་ཁྲིམས་བཅད་མང་དྲགས་བས། གནས་ལུགས་མང་པོ་ཞིག་གནས་ཚུལ་དང་སྣང་ཚུལ་བཞིན་བཤད་ས་མེད་ལ་བཤད་ཀྱང་ལག་ལེན་གང་མེད་པ་ང་ཚོ་ཚང་མའི་གོ་རྟོགས་སད་དགོས། ད་དུང་། གཞན་ཕྱོགས་མི་གཙོ་རང་ཕྱོགས་གཙོ་བའི་ལམ་ལུགས་ཀུན་ལ་མཉམ་འཇོག་མ་བྱས་ན། དུས་རབས་འདིར་མི་ཡོད་ཚད་འཕྲུལ་ཆས་ཀྱི་གཡོག་པོ་འགྱུར་ནས་ཁོར་ཡུག་ཅེས་པ་ཐ་སྙད་ཙམ་དང་ཁ་བཤད་ཚིག་སྐམ་ལས་ལག་ལེན་དངོས་སུ་མེད་པ་ཆགས་དང་ཆགས་བཞིན་ཡོད་པ་རེད།

དེ་ལྟར་དུས་རབས་འདིའི་ནང་ལ་ཕྱི་ནང་གི་གཙང་སྤྲ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་འཕར་མ་རེ་འཁུར་ནས་འགྲོ་བ་སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེའི་བསམ་བློར་སྐྲུན་ཐབས་སུ་འབད་དགོས་པ་གཅིག

 གཉིས་ནས་མི་རེ་རེ་ནས་ཉིན་རེའི་འཚོ་བའི་ཁྲོད་རང་གི་ཀུན་སྤྱོད་སོགས་ལ་དཔྱད་ཞིབ་བྱེད་ནས་བྱམས་དང་སྙིང་རྗེའི་ཁོར་ཡུག་གཞི་གཅིག་ཆགས་ཐབས་སུ་འབད་དགོས། དེ་དང་འདྲ་བ་ཁོར་ཡུག་གཙང་བཟོ་དང་སྲུང་སྐྱོབ་བྱས་ན། རང་གཞན་ཀུན་ལ་ནད་ཉུང་བ། ཚེ་རིང་བ། ལོག་ལམ་དུ་མི་འགྲོ་བ། ཟས་གོས་ནོར་སོགས་ལོངས་སྤྱོད་ལྡན་པའི་སྲོག་ལྡན་སྐྱེ་འགྲོ་ཀུན་ལ་ཞི་བདེ་ལྷིང་འཇགས་ལྡན་པའི་སྔར་མེད་ཀྱི་འཚོ་བ་གསར་བ་ཞིག་དང་། འཇིགས་སྐྲག་མེད་པའི་མི་ཚེ་སྐྱིད་པོ་ཞིག་ཡོང་ཐབས་ལ་དགེ་ཕན་རླབས་ཆེན་ཡོད་དོ།

 

[1] སྤྱི་དམངས་ཞེས་པ་ནི་རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ཡོད་པ་གང་ཞིག་ལ། རྒྱལ་ཁབ་དེའི་བཅའ་ཁྲིམས་ཀྱི་བཅས་དོན་ཚན་གཞི་ནང་ལྟར་འོང་འགན་ཐེག་འཁུར་དང་། འོས་བབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་མངའ་བའི་རང་བྱུང་མི་བུ་ལོའོ་ཞེས། གནམ་ས་གོ་འབྱེད་ལས། དྲངས། ཤོག་གྲངས། ༡༥༥། ཕྲིན། ༤

མཇུག་གཏམ་སེམས་ཀྱི་རེ་བ།

ཁོར་ཡུག་གི་རིན་ཐང་ངས་བཤད་ན་ལག་ལེན་གྱི་འཐབ་རྩོད་སུ་ཡིས་བྱེད། ཁོར་ཡུག་གི་གནས་བབས་ཇེ་སྡུག་ཡིན་ན་ཚན་རིག་གི་སྟོབས་ཤུགས་སུ་ཡིས་འགོག  བདག་འཛིན་གྱི་མཐའ་མ་སྡུག་བསྔལ་ཡིན་ན་བདག་སྤོང་གི་བདེ་བ་སུ་ཡིས་ཤེས། སྙིང་སྟོབས་ཀྱི་མེ་དཔུང་ཁོག་ཏུ་སྦར་ནས་དྲོད་སྐྱིད་ཀྱི་བདེ་བ་སུ་ཡིས་རྟོགས། དེ་ལྟར་འགྲོ་བ་མི་རིགས་ཀྱི་ལོ་རྒྱུས་དང་བསམ་བའི་འཁོར་ཕྱོགས་ལ་ཕྱིར་བལྟས་ཞིག་བྱེད་ན། གཅིག་ཤ་གཅིག་འཐུང་གི་སྲོལ་ལུགས་ཤིག་དང་། གཅིག་གསད་གཉིས་རྡུང་གི་འཐབ་རྩོད་ཁྲོད་ནས་མེད་པར་ཆག་སོང་བ་ལས་གཞན་གང་ཡང་མི་འདུག དཔེར་ན་རང་དོན་བསམ་ནས་ཁོར་ཡུག་གཏོར། རང་རྒྱལ་འདོད་ནས་གཞན་མགོ་རྡུང་།  དབང་ཤུགས་དང་བཙན་ཤུགས་ཁོ་ནས་ཁོར་ཡུག་དང་སྲོག་ཆགས་ཡོད་ཚད་མེད་པར་བཟོ་ཐབས་གནང་དང་གནང་བཞིན་པ་རེད། དེ་དང་འདྲ་བ་རྒྱལ་སྤྱིའི་ཐོག་ལ་གོང་དུ་བཤད་པར་ལྟར་དཔལ་འབྱོར་ཁོ་ནའི་སྟོབས་ཤུགས་དང་ཚན་རིག་གི་དངོས་པོའི་འཕེལ་རྒྱལ་ཁྲོད་ན་མཚན་ལ་གཉིད་མེད་པ་དང་། སེམས་ནད་ཅན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར། ཁོ་མོས་ཀྱང་རང་ཉིད་མི་རབས་གསར་པ་ཞིག་དང་དེ་ལས་ཀྱང་བུད་མེད་ཅིག་ཡིན་པའི་འགན་འཁྲིའི་ལས་འགན་ཉིད་དུ་བརྩིས་ཏེ། འགྲོ་བ་ཀུན་གྱི་བདེ་སྡུག་གི་ཆེད་དུ་བསམ་བློ་ཅི་ནུས་རེ་གཏོང་ཁུལ་བྱས་པ་ན། གོང་དུ་བཤད་ཟིན་པའི་སྙིང་གཏམ་དམར་པའི་ཚིག་འགའ་ཤོར་སོང་ལ། གནད་དོན་གང་གི་ཆ་ནས་ནོར་བ་དང་གནས་ལུགས་མེད་པ་ཡོད་སྲིད་པས་ཀློག་པ་པོ་ཡོངས་ནས་བསམ་ཤེས་ཡོད་པར་སྨོན། ངའི་རེ་བ་དང་རྨི་ལམ་ནི་ད་ནས་བཟུང་སྟེ། འགྲོ་བ་ཀུན་གྱི་དུས་རབས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་གནང་ཐབས་དང་། རང་ཅག་བོད་མི་རྣམས་ནས་རང་ཉིད་ནང་པ་བ་ཞིག་ཡིན་པའི་གཞི་རྩའི་བྱམས་བརྩེ་ཡི་འདུ་ཤེས། ལྷག་བསམ་གྱི་འདུ་ཤེས་སོགས་བརྙེད་དེ། དེ་ཡང་ཕྲན་ལ་མཚོན་ན། རང་ཉིད་བོད་མི་ཞིག་ཡིན་པ་མ་ཟད་། མི་རབས་གསར་པ་ཞིག་ཡིན་པའི་ངོས་ནས་སྤྱི་བའི་འགན་འཁྲི་ཞིག་ཡོད་སྙམ་པ་དང་ཆབས་ཅིག ཤེས་ཡོན་པའི་སྡེ་ཁ་ན་རང་མི་རིགས་ཀྱི་ཆོས་དང་རིག་གནས་གཙོ་བོ་སྤྱོང་མཁན་ཞིག་ལ་བྲེ་བྲག་གི་འོས་འགན་གཞན་ཞིག་ཡོད་པའི་སྔར་ནས་ཤེས་ཡོད། ཁ་སངས་ནས་བཤད་ན།  ཁོར་ཡུལ་དང་ལུས་ཁམས་བདེ་ཐང་ཞེས་འདི་ཡང་ཕྲན་གྱི་ལྟ་ཚུལ་དང་བསམ་ཚུལ་གཞི་མ་བྱས་ནས་ཏེ་རིང་གི་མི་རབས་གསར་པ་རྣམས་ལ་ཕུལ་བའི་སྐྱོ་བའི་གདུང་དབྱངས་ཤིག་ཡིན་ནོ།།