འབྲི་ཆུ་སྐམ་སྟེ་རྒྱ་ནག་ལ་ཐན་པ་བྱུང་བ།

ལོ་འདིར་ཨེ་ཤི་ཡ་ནང་ནས་ཆུ་བོ་རིང་ཤོས་དང་འཛམ་གླིང་གི་ཆུ་བོ་རིང་ཤོས་ཨང་གསུམ་པ་འབྲི་ཆུ་གཙང་པོ་རྒྱུག་སའི་རྒྱ་ནག་གི་ས་ཆ་ཁག་གཅིག་ལ་ཚ་བ་ཆེན་པོ་བྱུང་ཡོད་པར་བརྟེན་ད་ལོ་༢༠༢༢་ལོའི་སྤྱི་ཟླ་༧ པ་ནས་ ༨ པར་གཙང་པོ་སྐམ་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་ཐན་པ་བྱུང་སྟེ་ཛ་དྲག་ཆགས་པ་གསལ་བསྒྲགས་ཐེངས་དང་པོ་སྤེལ་འདུག རྒྱ་ནག་དབུས་དང་ལྷོ་ཕྱོགས་ཞིང་ཆེན་ཁག་ཏུ་མུ་མཐུད་དུ་བདུན་ཕྲག་མང་པོ་ཚ་ཚད་ 40 °C (104°F)བརྒལ་བར་བརྟེན་གཞུང་གིས་རྒྱལ་ཡོངས་ཛ་དྲག་རིམ་པའི་ཉེན་བརྡ་སེར་པོ་བཏང་འདུག

རྒྱ་ནག་གི་ཆུའི་ཐོན་ཁུངས་ལྷན་ཁང་གིས་སྤྱི་ཟླ་༨་ཚེས་༡༧ གཟའ་ལྷག་པའི་ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་དེའི་ནང་ལ་འབྲི་ཆུ་གཙང་པོའི་རྒྱུད་ལ་ཐན་པ་བྱུང་བའི་རྐྱེན་གྱིས་གྲོང་གསེབ་མི་མང་ལ་འཐུང་ཆུ་དང་། སྒོ་ཕྱུག་གསོ་སྐྱོང་དང་།་སྟོན་ཐོག་ལ་ཆུ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་ཅེས་བརྗོད་འདུག ཡང་གནམ་གྲུ་བརྒྱུད་སྤྲིན་པར་རྫས་བརྒྱབ་སྟེ་འབྲི་ཆུ་སྐམ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་ཆར་པ་འཕབ་ཐབས་ཀྱི་ལས་རིམ་ཞིག་སྤེལ་ཡོད་པ་རེད།

འབྲི་ཆུ་རྒྱུག་སའི་ས་གནས་མང་པོར་ཆར་པ་འབེབ་རྒྱུའི་ལས་རིམ་བསྒྲིགས་ཀྱང་། ས་གནས་ཁག་ཅིག་གི་གནམ་མཁར་སྤྲིན་པ་སྲབ་དྲགས་པའི་རྐྱེན་གྱིས་ལས་རིམ་དེ་སྤེལ་རྒྱུར་དུས་འགྱངས་བྱེད་དགོས་བྱུང་འདུག གཟའ་ལྷག་པའི་ཉིན་རྒྱ་ནག་དབུས་ཕྱོགས་ཀྱི་ཧུ་པེ་ཞིང་ཆེན་དུ་རྫས་འགྱུར་ལ་བརྟེན་ནས་མི་ཡིས་བཟོས་པའི་ཆར་པ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་དེ་ནི་ལས་རིམ་དེ་འདྲ་ཁྱབ་བསྒྲགས་ཐེངས་དང་པོར་ཆགས་འདུག

སྤྱི་ཟླ་དྲུག་པ་ནས་བཟུང་ཧུ་པེ་ཞིང་ཆེན་རུ་ཐན་པ་ཆེན་པོ་བྱུང་ནས་མི་ས་ཡ་བཞི་དང་འབུམ་གཉིས་(༢༤༠༠༠༠༠)ལ་དཀའ་ངལ་བཟོས་ཡོད་ཅེས་གཟའ་མིག་དམར་ཉིན་ཧུ་པེ་ཞིང་ཆེན་གྱི་ཛ་དྲག་དོ་དམ་ལྷན་ཁང་གིས་བརྗོད་འདུག མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ལ་འཐུང་ཆུའི་དཀའ་ངལ་དང་ས་ཞིང་ཧེག་ཊར་(hectare) འབུམ་བཞི་ཙམ་ལ་ཚ་དྲོད་ཆེ་བའི་ཐན་པ་བྱུང་བར་བརྟེན་སྟོན་ཐོག་འཕྲོ་བརླག་ཕྱིན་ཡོད་པ་རེད།

དེ་བཞིན་དུ་འབྲི་ཆུའི་འབྱུང་ཁུངས་བོད་ཀྱི་ས་ཆར་ཐན་པ་བྱུང་བའི་དཀའ་ངལ་འཕྲད་པའི་གནས་ཚུལ་ཐོན་མེད་ཀྱང་། རྒྱ་ནག་གི་ཞིང་ཆེན་མང་པོར་ཐན་པ་བྱུང་བར་བརྟེན་ཆུ་གློག་ཁང་མང་པོ་ནས་གློག་མཁོ་འདོན་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད།

ཡང་གནས་ཚུལ་གཞན་ཞིག་ནི་རྒྱ་ནག་གི་ཁྲོན་ཆིན་གྲོང་ཁྱེད་ཡོད་སའི་འབྲི་ཆུ་སྐམ་ནས་ཆུའི་མཐོ་ཚད་ཇེ་དམའ་སོང་སྟེ་ཆུ་འོག་ན་ཡོད་པའི་བྲག་བརྐོས་སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་བརྙན་ཞིག་ཕྱི་ལ་ཐོན་ཡོད་པ་རེད། སྐུ་བརྙན་དེ་ལོ་༦༠༠ཙམ་ལོན་ཡོད་པར་ཡིད་ཆེས་བྱེད་བཞིན་པ་རེད།

ཆུ་བོ་གླེང་བ།

ཁམས་སྨྱོན་ཧེ་རུ་ཀས་བརྩམས།

 

གླེང་གཞི།

ཆུ་ནི་རླན་གཤེར་དང་བཞུར་བའི་རང་བཞིན་ཡིན་ལ།  མཚམས་རེར་མཁྲེགས་གཟུགས་སམ་སྲ་གཟུགས་སུའང་འགྱུར་ཏེ་འཁྱགས་རོམ་སོགས་སུ་གནས་པ་དང་།  དབུགས་གཟུགས་སམ་རླང་གཟུགས་སུའང་འགྱུར་བ་ཡིན།  ཆུ་ནི་ཚེ་སྲོག་ཡོད་དོ་ཅོག་གི་རྟེན་གཞི་དང་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཐོན་ཁུངས་ཀྱང་ཡིན།

ནང་བའི་གཞུང་ལུགས་ལས་བཤད་ན་གཟུགས་ཅན་གྱི་དངོས་པོ་ཡོད་དོ་ཅོག་ཆུ་རྡུལ་ལས་མ་གྲུབ་པ་མེད་ལ། ཚན་རིག་པ་གྲགས་ཅན་ཨེ་རི་སི་ཌོ་ཌལ་ལྟ་བུས་ཀྱང་ཆུ་རྡུལ་ནི་བེམ་གཟུགས་ཀྱི་རྩ་བའི་རྫས་སུ་བཤད་ཡོད།  བོད་ཀྱི་རྒྱལ་རབས་དག་ནའང་རླུང་དང་ཆུ་ཡི་དཀྱིལ་འཁོར་སོགས་ཀྱིས་འཇིག་རྟེན་གྲུབ་པར་བཤད། ས་ཡི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆ་བདུན་ཅུ་ཆུས་ཁེངས་ཡོད། ཆུ་མེད་པར་སྲོག་ཆགས་གང་ཡང་འཚོ་མི་ཐུབ་ལ། འབྲས་བུས་ལྕི་བའི་ཤིང་སྡོང་དང་། མཛེས་པར་བཞད་པའི་མེ་ཏོག  དགོས་མཁོའི་སྲོག་རླུང་སྦྱིན་པའི་ལྗང་མདོག་གི་རྩི་ཤིང་། རོ་ཡི་བྲོ་བ་མངར་བའི་ཤིང་འབྲས་སོགས་ཡོད་ཚད་ཆུ་ཡིས་སྐྱེད་ཅིང་ཆུ་ཡིས་གསོ།  དེ་བས་ཆུ་ནི་མེད་ཐབས་མེད་ཀྱང་དགོས་མཁོ་ཆེ་བའི་གོ་ལའི་དངོས་པོ་གཅིག་པུ་དེ་ཡིན་ཞེས་བརྗོད་ཆོག

མ་གཞི་ཆུ་ཡིས་སའི་གོ་ལའི་བརྒྱ་ཆ་བདུན་ཅུ་ཟིན་ཡོད་པས་ཅི་འདོད་དུ་བེད་སྤྱད་ཅིང་།  ལྡེང་ངེས་སུ་མཆིས་སེམས་ན་དེ་ནི་ཆེས་ནོར་འཁྲུལ་ཞིག་ཡིན། ཚེ་སྲོག་སྤྱི་དང་ཁྱད་པར་དུ་མིའི་རིགས་ཀྱི་ཚེ་སྲོག་གསོ་བའི་ཆུ་ནི་དེ་དག་ལས་ཧ་ཅང་གི་ཉུང་ཉུང་ཞིག་ལས་མེད་སྟེ། སའི་གོ་ལས་ངོས་ཀྱི་ཆུའི་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ནི་ཚྭ་ཆུ་ཡིན་པས་འཐུང་ཆུར་མི་རུང་། དེ་བས་འཐུང་ཆུར་རུང་བ་ནི་བརྒྱ་ཆ་གཉིས་ཙམ་ཡིན། དེ་ལྟ་བུའི་དངས་གཙང་གི་ཆུ་དེ་ཡིས་ལུས་ཕུང་གསོ། ཚེ་སྲོག་སྐྱེད།  སྐོམ་པ་སེལ། ལྗོན་ཤིང་བསྐྲུན། ཚ་གདུང་སེལ། མཚར་སྡུག་ལྡན་པའི་ལྡུམ་ར་བཞད་པར་བྱས། དངུལ་ནག་དང་དྲི་མ་འཁྲུད་པར་བྱེད། མཚོ་གླང་དང་། ཉ་རིགས། ཆུ་སྲིན་སོགས་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན། ས་ཞིང་འདེབས་ལས་དང་བཟོ་ལས་ཚན་རྩལ་ཡང་ཆུ་ལ་བརྟེན་པས་མདོར་ན་འཐུང་ཆུར་རུང་ཞིང་དུག་ཆུར་མ་གྱུར་པའི་ཆུ་ནི་མེད་ན་དེས་ཕོངས་ཀྱི་ཅ་དངོས་རིན་ཐང་སྟོང་གིས་གཞལ་དུ་མེད་པ་ཞིག་གོ།

ས་བཅད་དང་པོ། ཆུ་བོའི་འབྱུང་ཁུངས་དང་ཕན་ནུས་སོགས་གླེང་བ།

དང་པོ། ཆུ་བོའི་འབྱུང་ཁུངས་དང་འཐུང་ཆུའི་འབྱུང་ཁུངས།

  གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་བ་ཐེ་ལེ་སི་ཡིས། ཆུ་ནི་དངོས་པོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན། ཞེས་དང་། འཇར་པན་ཚན་རིག་པ་ཅང་པིང་ཧྲིང་གིས། ཆུ་ནི་སའི་གོ་ལའི་ཐོག་གི་ཚེ་སྲོག་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན།[1]  ཞེས་ལེགས་པར་གདམས་པ་ལྟར་དྭངས་གཙང་གི་ཆུ་ཐིགས་རེ་རེས་སྐྱེ་འགྲོ་མང་པོའི་ཚེ་སྲོག་སྲུང་སྐྱོང་བྱེད་བཞིན་ཡོད་པས་ང་ཚོས་ཆུ་བོ་སྲུང་སྐྱོང་བྱ་དགོས། ཆུ་བོ་སྲུང་སྐྱོང་དགོས་ན་དེའི་འབྱུང་ཁུངས་དང་ཕན་ནུས་སོགས་སྔོན་དུ་ཤེས་དགོས་ སྙམ། ཆུ་བོའི་འབྱུང་ཁུངས་གཙོ་བོ་ནི་རང་བྱུང་གི་ཆུ་མིག་དྭངས་གསལ་ཡན་ལག་བརྒྱད་ལྡན་ཡིན་ཏེ། གནས་མཆོག་སྐྱེས་དངོས་སྣ་མང་རྟོག་ཞིབ་སྟབས་རྒྱལ་ལས། གནའ་བོའི་གངས་རི་དང་། སྲིད་པའི་ཁ་བ་བསྟི་ཆགས། གཞན་ཡང་ཆར་འབབ་པ་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱུང་ཞིང་། འབྱུང་བཞིའི་རྡུལ་ཕྲན་ནང་གི་ཆུ་རྡུལ་སོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་ཏེ་སྐྱེས། མཁའ་དབུགས་དང་ས་གཤིས་ནང་གི་བརླན་གཤེར་གྱི་ཆ་མང་པོ་ཞིག་འདུས་ཏེ་གྲུབ་ཡོད།[2] ཅེས་བཤད་པ་ལྟར་ཆུ་བོའི་འབྱུང་ཁུངས་རང་བྱུང་ཁམས་ཆེན་མོ་ཡིན་པས་ང་ཚོས་ཆུ་བོ་སྲུང་སྐྱོང་ཡག་དག་ཅིག་བྱེད་དགོས་ན་ཐོག་མར་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོང་བྱ་རྒྱུ་གལ་ཆེ། ས་གོ་ལའི་སྟེང་དུ་ཆུ་བོའི་རིགས་མང་པོ་ཡོད། དཔེར་ན། རྒྱ་མཚོ་དང་འཁྱག་རོམ། མཚོ་དང་མཚེའུ། ཆུ་ཀླུང་དང་ཆུ་ཕྲན་ཆེ་ ཆུང་ཡོད། ད་རུང་ས་སྟེང་གི་ཆུ་དང་ས་འོག་གི་ཆུ། ཆུ་ཚན་དང་ཆུ་རུལ། ཟིལ་པ།  སེར་བ། ཆར་པ། ཁ་བ་སོགས་མང་དུ་ཡོད། ཆུ་བོ་ནི་རླུང་ཁམས་ཆེན་མོའི་གྲུབ་ཆ་གཙོ་བོ་ཞིག་ཡིན། ང་ཚོ་རྒྱུན་པར་བཟའ་བཏུང་དང་འཚོ་བའི་ཁྲོད་སྤྱོད་རུང་བའི་དྭངས་གཙང་གི་ཆུ་ནི་ག་ས་གང་ནས་འབྱུང་མི་སྲིད། སའི་གོ་ལའི་ལྷོ་བྱང་གི་འཁྱག་རོམ་ཆེན་པོ་ཞུ་བ་ལས་སའི་སྟེང་འོག་བརྒྱུད་དེ་འབྱུང་བཞིན་ཡོད་པ་དང་། གཙང་བོ་དང་རྒྱ་མཚོའི་རླན་གཤེར་འཁོར་སྐྱོད་ལས་མཁའ་དབྱིངས་ནས་འབབ་བཞིན་ཡོད་པ། སྐྱེ་དངོས་དང་རྩྭ་ཐང་ས་གཞི་སོགས་ལས་ཀྱང་འབྱུང་བཞིན་ཡོད། དེ་བས་ཆུ་ཕོར་གང་མ་རྫོགས་ནའང་རང་ནུས་ཀྱི་ཆུ་བསྐྱེད་པའི་ནུས་པ་ཡོད། ལྗོན་ཤིང་དང་རྩྭ་ཐང་སོགས་སྐྱེ་དངོས་ཀྱི་རིགས་དང་ས་གཞི་དང་གཙང་བོ་ཆུ་ཕྲན་སོགས་ལ་བདག་སྐྱོང་ལེགས་པོ་བྱས་ནའང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་པ་ཡིན་ནོ། །

གཉིས་པ། ཆུ་བོའི་ཕན་ནུས།

སྐྱོ་ཉིན་རྩི་ཆུའི་ཁོར་སྲུང་ཞེས་པའི་དེབ་ལས། ཆུ་གཙང་མ་བརྙོགས་ན་ཀླུ་མི་དགའ། །རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་། ། རི་བཟར་བོ་བསློགས་ན་ས་མི་དགའ། །དྲི་ངན་པ་བདུག་ན་གནམ་མི་དགའ། །ཞེས་དང་། གད་སྙིགས་ཆུ་ལ་དོར་བ་ནི། ཆུ་ལ་དུག་དྲངས་པ་དང་འདྲ།[3] ཞེས་བཤད་པ་ལྟར་ཆུ་བོ་སྐྱེ་འགྲོ་ཀུན་གྱི་འཐུང་ཆུ་ཡིན་པས་ནམ་ཡང་སྦགས་བཙོག་བཟོ་མི་རུང་། ཆུ་བོ་ནི་ཚེ་སྲོག་འཚོ་བར་བྱེད་པའི་མ་ལག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས་འཛམ་གླིང་ས་སྒང་གི་གཞི་ཆ་ཆེ་ཤོས་དེ་ཆུ་བོས་བཟུང་ཡོད་ལ། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་འཐུང་ཆུ་ཆོག་པའི་ཆུ་ནི་ཧ་ཅང་ཉུང་ཉུང་རེད། རྩི་ཤིང་རིགས་ཀྱི་སྐྱེ་དངོས་དག་ནི་ཆར་ཆུས་འཕེལ་འགྲིབ་བྱེད་ཅིང་། ཆུ་བོས་ནགས་ཚལ་སོགས་རྩི་ཤིང་གི་ས་ཁུལ་སྐྱེ་འཕེལ་བྱེད་པས་ཆུ་དང་སྐྱེ་དངོས་བར་གྱི་འབྲེལ་བ་ཧ་ཅང་དམ་པོར་ཡོད་པས་ཆུ་མེད་ན་རྩི་ཤིང་སོགས་ཡོད་མི་སྲིད་ལ། ས་སྒང་ཐོག་ཏུ་འཚོ་བའི་སྐྱེ་འགྲོ་དག་ཀྱང་ཡོད་མི་སྲིད། ཆུ་བོ་ཡོད་པས་སྡོང་འཛུགས་ནགས་སྐྲུན་བྱེད་པ་དང་། ཕྱུགས་ལས་འཚོ་སྐྱོང་བྱེད་པ། ཞིང་ལས་འབྲུ་རིགས་འདེབས་པ་སོགས་ཀྱིས་མཚོན་ཞིང་། ཁྱད་པར་དུ་འགྲོ་བ་མིའི་འཐུང་ཆུ་བྱེད་ཅིང་དེ་ལ་བརྟེན་ནས་འགྲོ་བ་མིའི་ཚེ་སྲོག་མང་པོ་ཞིག་སྲུང་བཞིན་ཡོད་དེ། ཁོར་ཡུག་ཚན་རིག་གི་སྐོར་ལས། འཛམ་གླིང་རང་བཞིན་གྱི་ཆུའི་ཐོན་ཁུངས་དཀོན་པར་གྱུར་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྒྱུ་རྐྱེན་གཙོ་བོ་གསུམ་ཡོད།

དང་པོ། ཞིང་ལས་དང་བཟོ་ལས། འཚོ་བར་བེད་སྤྱོད་ཀྱི་ཆུའི་ཚད་མགྱོགས་མྱུར་ངང་འཕར་བར་གྱུར། ཞིང་ལས་ལ་བེད་སྤྱོད་པའི་ཆུ་དང་བཟོ་ལས་ལ་བེད་སྤྱོད་པའི་ཆུ་སོ་སོར་འཛམ་གླིང་ཡོངས་ཀྱི་བ་ཚྭ་མེད་པའི་ཆུ་བེད་སྤྱོད་ཚད་ཀྱི་70%དང་22 ཟིན་ཡོད་ཅིང་། ད་དུང་ཡང་དགོས་མཁོའི་ཚད་མཐོ་རུ་འགྲོ་བཞིན་ཡོད། མི་གྲངས་མགྱོགས་མྱུར་ངང་ཇེ་མང་དང གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱིས་འཚོ་བར་སྤྱོད་པའི་ཆུ་དགོས་མཁོའི་ཚད་ཀྱང་མགྱོགས་མྱུར་ངང་འཕེལ་བར་གྱུར།

   དུས་རབས་20འགོ་ནས། བཟོ་ལས་དང་གྲོང་ཁྱེར་གྱི་འཚོ་བའི་ཆུ་ཡིས་ཆུ་སྤྱིའི་བཀོད་སྤྱོད 22. ~7% ལས་ཟིན་མེད། འཛམ་གླིང་གི་མི་གྲངས་དང་བཟོ་ལས་ཇེ་མང་དུ་སོང་བ་བརྒྱུད་ཆུའི་ཐོན་ཁུངས་ཀྱི་ཟད་གྲོན་ཇེ་ཆེར་གྱུར། སྤྱི་ལོ་1900ལོ་ནས་1975ལོའི་བར། འཛམ་གླིང་ཡོངས་ཀྱི་ཆུ་བཀོལ་སྤྱོད་ཀྱི་ཚད་ལོ་རེ་བཞིན3%~5%མགྱོགས་ཚད་ཀྱིས་འཕར་ཞིང་། ཕལ་ཆེར་ལོ་20ནང་ལྡབ་རེ་འཕར་ཡོད། བཟོ་ལས་དང་གྲོང་ཁྱེར་གྱི་ཆུ་བཀོལ་སྤྱོད་ཀྱི་འཕར་ཚད་ཤིན་ཏུ་མགྱོགས། 1950ལོར་ཆུའི་བཀོལ་སྤྱོད་ཀྱི་22.7% ཡིན་པ་དང་། 2000ལོར་འཛམ་གླིང་སྤྱིའི་ཆུ་བཀོལ་སྤྱོད་ཀྱི་ཚད་རྒྱ་དཔངས་སྨི་[m3]དུང་ཕྱུར་60000ཡིན་པས། འཛམ་གླིང་གི་ཆུ་སྤྱིའི་བཞུར་རྒྱུན་གྱི་15%ཟིན་ཡོད། ཉེ་བའི་ལོ་བཞི་བཅུའི་རིང་འཛམ་གླིང་ཡོངས་ཀྱི་བཟོ་ལས་ལ་བཀོལ་སྤྱོད་ཀྱི་ཆུ་ལྡབ་ 40 འཕར་ཡོད། ཞིང་ལས་ལ་བཀོལ་སྤྱོད་ཀྱི་ལྡབ་ འཕར་ཡོད། འཕེལ་རྒྱས་སུ་འགྲོ་ཟིན་པའི་རྒྱལ་ཁབ་ཀྱི་བཟོ་ལས་སུ་བཀོལ་སྤྱོད་ཀྱི་ཆུ་ 40% ཟིན་ཡོད། དེའི་ནང་ 2/3 ལྕགས་རིགས་བཙོ་སྦྱངས་དང་རྡོ་སྣུམ། རྫས་འགྱུར་བཟོ་གྲྭ། ཤོག་བུ་བཟོ་གྲྭ་དང་ཟས་རིགས་ཁེ་ལས་སུ་བཀོལ་སྤྱོད་བཏང་བ་ཡིན། བཟོ་ལས་ཅན་གྱི་རྒྱལ་ཁབ་དང་བསྡུར་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བཟོ་ལས་ཕྱོགས་སུ་བཀོལ་སྤྱོད་བྱས་པའི་ཆུའི་ཚད་ཅུང་ཉུང་། མེ་རེའི་སྤྱི་སྙོམ་གྱིས་རྒྱ་དཔངས་སྨི་ 20-40[m3] ཡིན།[4] 

གཉིས་པ་ནི་ཆུའི་ཐོན་ཁུངས་ལ་སྦགས་བཙོག་ཆེན་པོ་ཕོག་པས་ཡིན། འཛམ་གླིང་ཡོངས་ཀྱི་བཟོ་ལས་དང་གྲོང་ཁྱེར་ནས་ཕུད་པའི་བཙོག་ཆུ་ལོ་རེ་ལ་རྒྱ་དཔངས་སྨི་དུང་ཕྱུར་30000[m3]ཟིན་ཅིང་། ས་འོག་གི་ཆུའི་ཐོན་ཁུངས་ཀྱི་ཕྱེད་ལ་སྦགས་བཙོག་ཐེབས་ཡོད།[5] ཅེས་དང་།

གསུམ་པ་ནི་ཤིང་ནགས་གང་འདོད་དུ་བཅད་པས་ཆར་ཆུ་ཉུང་བར་གྱུར་ཞིང་ས་འོག་གི་ཆུ་ལ་ཁ་གསབ་མ་ཐོབ། འཛམ་གླིང་ཡོངས་ཀྱི་ལོ་རེ་བཞིན་རྒྱ་དཔགས་སྨི་དུང་ཕྱུར་5500 ས་འོག་ནས་འཐེན་ཞིང་། ས་ཁུལ་མང་བོ་ནས་ས་འོག་གི་ཆུ་འཐེན་པར་ཚོད་འཛིན་མ་ཐུབ་པའི་གནས་ཚུལ་བྱུང་ཡོད།[6] ཞེས་ལེགས་པར་བཤད་པར་ལྟར་ཆུ་བོ་ནི་ཚེ་སྲོག་གི་འབྱུང་ཁུངས་ཆེན་མོ་ཡིན་པར་གྲགས་པའང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན་ཨང་། ཆུའི་བྱེ་བྲག་ཆར་ཆུས་མིའི་ལུས་སྟེང་གི་དུག་ནད་སེལ་ཏེ། གནས་མཆོག་སྐྱེ་དངོས་སྣ་མང་རྟོག་ཞིབ་སྟབས་རྒྱལ་ལས། ཆུའི་བྱེ་བྲག་ཆུས་མིའི་ལུས་སྟེང་གི་དུག་ནད་སེལ་ཞིང་ལུས་ཁམས་འཕྲོད་བསྟེན་ལ་ཧ་ཅང་ཕན་ནུས་ལྡན། ད་རུང་སྐར་མ་རི་ཥི་ཤར་བའི་ཆུ་སོགས་ཀྱིས་ནད་ཡམས་འགོག་པ།[7] ཞེས་མདོ་རྒྱུད་སོགས་ལས་གསུངས། ཆུ་ཡིས་རང་བྱུང་ཁམས་ཀྱི་ཁ་དབུགས་སྙོམ་སྒྲིག་དང་། ཆུས་ཁོར་ཡུག་གི་སྦགས་བཙོག་གཙང་མ་བྱེད་བཞིན་ཡོད་དོ། །

གསུམ་པ། ཆུ་བོའི་ཁྱབ་ཁོངས།

སའི་གོ་ལ་ངོས་ 70% ནི་ཆུས་བཀང་ཡོད་པའི་རྒྱུ་མཚན་གྱིས་སའི་གོ་ལའི་མིང་ལ་ཆུའི་གོ་ལ་ ཞེས་གྲགས། ཤར་ནུབ་རྒྱལ་ཁབ་ཀྱི་སྐྱེ་ཁམས་རིག་པ་ཞིབ་འཇུག་སྨྲ་བ་དག་གིས་ཞིབ་འཇུག་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་གི་སྤྱིའི་བརླན་ས་རྒྱ་ཁྱོན་ལ་སྤྱི་ལེ་[kilometer]གྲུ་བཞི་མ་ཁྲི་ཚོ་4.7[km2] ཡོད་པ་དང་། མདོ་དབུས་མཐོ་སྒང་གི་ཡུལ་འདིར་རླན་གཤེར་དང་ས་ཁམས་ཀྱི་རིགས་སྣ་ཚོགས་ཡོད་པ་མ་ཟད་ཡུལ་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་མང་དུ་ཡོད། དེ་དག་གི་ནང་ནས་གཙོ་བོར་རྩྭ་ཐང་གི་བརླན་ས་དང་། མཚོ་རྫིང་གི་བརླན་ས། ཆུ་ཀླུང་གི་བརླན་ས། ནགས་ཚལ་གྱི་བརླན་ས་སོགས་ཀྱིས་བཟུང་ཡོད། ལྷག་ཏུ་མདོ་དབུས་མཐོ་སྒང་ནི་རྨ་འབྲི་རྫ་གསུམ་གཙོས་པའི་ཆུ་བོ་ཆེ་ཆུང་གྲངས་མང་གིས་ཆུའི་ས་ཁོངས་བཟུང་ཡོད་དོ། །

[1]  འཇར་པན་གྱི་ཚན་རིག་པ་ཅང་པིང་ཧྲིང་གིས་བརྩམས་ཤིང་འདན་མ་དཀོན་མཆོག་ཚེ་རྒྱལ་གྱིས་སྒྱུར་བའི་<<ཆུ་ཡིས་དྲིས་ལན་ཤེས>>དེབ་གསུམ་པ་ལོ་ཉིན་མི་རིགས་རིག་གནས་དར་སྤེལ་སྤྱི་གཉེར་ཁང་གིས་སྤྱི་ལོ་2016ལོའི་ཟླ་12པར་པར་དུ་བསྐྲུན། ཤོག་ངོས་81པ།

[2] ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་པར་བསྐྲུན་བྱས་པའི་<<གནས་མཆོག་སྐྱེས་དངོས་སྣ་མང་རྟོག་ཞིབ་སྟབས་རྒྱལ>>སྤྱི་ལོ་2015ལོའི་ཟླ་1པོར་པར་དུ་བསྐྲུན། ཤོག་ངོས་61པ།

[3] རྩི་ཆུ་ཁོར་སྲུང་མཉམ་ལས་མཐུན་ཚོགས་ཀྱི་ཁོར་སྲུང་དེབ་ཕྲེང་དང་པོ་<<སྐྱོ་ཉིན་རྩི་ཆུའི་ཁོར་སྲུང་>>མར་མེའི་རིག་མཛོད་པར་ཁང་།

[4] བསོད་ནམས་དོན་གྲུབ་དང་། ཐང་སྐོར་དབུས་སྐྱབས། ཏིང་འཛིན་བཀྲ་ཤིས་གསུམ་གྱིས་སྒྱུར་བའི་མ་འོངས་པའི་ཉི་གཞོན་མི་རིགས་སྐད་ཡིག་གི་བྱིས་པའི་གཞི་སྤུས་སློབ་གསོའི་བསྒྱུར་རྩོམ་དཔེ་ཚོགས་ལས་<<ཁོར་ཡུག་ཚན་རིག་གི་སྐོར>>མི་རིགས་དཔེ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2012ལོའི་ཟླ་བ་5པར་པར་དུ་བསྐྲུན། ཤོག་ངོས་227པ།

[5] མ་འོངས་པའི་ཉི་གཞོན་མི་རིགས་སྐད་ཡིག་གི་བྱིས་པའི་གཞི་སྤུས་སློབ་གསོའི་བསྒྱུར་རྩོམ་དཔེ་ཚོགས་ལས་<<ཁོར་ཡུག་ཚན་རིག་གི་སྐོར>>མི་རིགས་དཔེ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2012ལོའི་ཟླ་བ་5པར་པར་དུ་བསྐྲུན། ཤོག་ངོས་228པ།

[6] མ་འོངས་པའི་ཉི་གཞོན་མི་རིགས་སྐད་ཡིག་གི་བྱིས་པའི་གཞི་སྤུས་སློབ་གསོའི་བསྒྱུར་རྩོམ་དཔེ་ཚོགས་ལས་<<ཁོར་ཡུག་ཚན་རིག་གི་སྐོར>>མི་རིགས་དཔེ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2012ལོའི་ཟླ་བ་5པར་པར་དུ་བསྐྲུན། ཤོག་ངོས་228པ།

[7] ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་པར་བསྐྲུན་བྱས་པའི་<<གནས་མཆོག་སྐྱེས་དངོས་སྣ་མང་རྟོག་ཞིབ་སྟབས་རྒྱལ>>སྤྱི་ལོ་2015ལོའི་ཟླ་1པོར་པར་དུ་བསྐྲུན། ཤོག་ངོས་62པ།

 

ས་བཅད་གཉིས་པ། ཆུ་བོ་ལ་གྲོན་ཆུང་བྱེད་དགོས་པའི་གལ་ཆེན་རང་བཞིན་གླེང་བ།

དང་པོ། ཚེ་སྲོག་གི་ཕྱེད་ཀ་ནི་ཆུ་བོ་ཡིན་ཚུལ།

ཆུ་བོ་ནི་ང་ཚོ་སྐྱེ་འགྲོ་ཐུན་མོང་ལ་དབང་བའི་དངོས་པོ་ཞིག་རེད། མིའི་རིགས་ལ་ཆུ་བོ་བཙོག་པ་བཟོ་བ་དང་། ནགས་ཚལ་མེད་པར་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད། ང་ཚོའི་འགྲོ་བ་མི་གཙོས་པའི་སྲོག་ཆགས་ཡོད་དོ་ཅོག་གི་ལུས་ཀྱི་གྲུབ་ཆ་60%—70%ཙམ་ཆུས་བཟུང་ཡོད་པའི་སྟབས་ཀྱིས་ཆུ་མེད་ན་ང་ཚོ་འགྲོ་བ་མིའི་རིགས་གཙོས་སྲོག་ཆགས་གཅིག་ཀྱང་ས་ཆེན་མོའི་ཐོག་ཏུ་འཚོ་མི་ཐུབ་པ་ཤེས་དགོས། སྐྱེ་དངོས་ཐམས་ཅད་ཀྱང་རླན་གྱི་གྲུབ་ཆ་མེད་པ་ཡིན་ན། འཐོར་ཞིག་ཏུ་འགྲོ་བ་ལས་གསོན་ཤུགས་ལྡན་པའི་ངང་འཚོ་མི་སྲིད་པས་ཆུ་ལ་གྲོན་ཆུང་བྱེད་པ་ནི་ཚེ་སྲོག་ལ་སྲུང་སྐྱོང་བྱས་པ་དང་ཁྱད་པར་མ་མཆིས།

གཉིས་པ།   འཛམ་གླིང་གི་ཆུའི་འབོར་ཚད།

སྤྱིར་ས་གོ་ལ་ཧྲིལ་བོ་འདིའི་ 70% ཆུས་བཟུང་ཡོད་པ་དང་། ཡིན་ནའང་མིའི་རིགས་ཀྱི་བཏུང་ཆུར་སྤྱོད་རུང་བའི་ཆུ་ནི་ཧ་ཅང་ཉུང་། སའི་གོ་ལའི་སྟེང་དུ་ཡོད་པའི་ཆུའི་ 1% ཙམ་ལས་འཐུང་ཆུར་སྤྱོད་མི་རུང་བ་ཡིན། ཞེས་བཤད་པ་ལྟར། དེང་སང་ཡང་ཧྥེ་གླིང་སོགས་ས་ཁུལ་གང་མང་ཞིག་ན་ལོ་ལྟར་འཐུང་ཆུའི་དཀའ་ངལ་ལ་འཕྲད་དེ་མི་དང་སྲོག་ཆགས་གྲངས་ལས་འདས་པ་འཆི་བཞིན་ཡོད། ཞིབ་འཇུག་པས་ཚོད་དཔག་ལྟར་ན། མི་རིང་བར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གང་མང་ཞིག་ལ་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། འདི་ལྟར་ཁོར་ཡུག་གཏོར་རླག་ལ་དོ་སྣང་མ་བྱས་པར་སོང་ན་ལོ1500རྗེས་ནས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་འཐུང་ཆུ་ཡོངས་སུ་རྫོགས་འགྲོ་བའི་ཉེན་བརྡ་བཏང་ཡོད།

གསུམ་པ།   གྲོང་ཁྱེར་གྱི་ཆུ་གྲོན་ཆུང་བྱ་དགོས་ཚུལ།

   དེང་སང་གྲོང་ཁྱེར་ནང་གི་མིའི་རིགས་ཀྱི་བཟའ་བཏུང་ལ་སྤྱོད་ཆོག་པའི་ཆུ་ཧ་ཅང་ཉུང་བས། ཆུ་ལེན་གནས་དང་། གཙང་སྤྱོད་ཁང་སོགས་ཀྱི་ནང་ནས་ཆུ་སྤྱོད་མཁན་མེད་ནའང་ཆུ་སྒོ་གཏན་མེད་པ། ཡང་ན་ད་དུང་ཆུ་ཐིགས་འཛག་བཞིན་པའི་སྣང་ཚུལ་འདི་འདྲ་མཐོང་ཚེ་ལམ་སང་ཆུ་སྒོ་གཏན་དགོས།  ཆུ་ཐིགས་པ་གཅིག་ནི་ཚེ་སྲོག་ལས་གལ་ཆེ་བའི་འདུ་ཤེས་གསོ་སྐྱོང་བྱས་ནས་ང་ཚོ་མིའི་རིགས་ཀྱིས་སྐྱེ་འགྲོ་ཐུན་མོང་གི་འཚོ་གནས་ལ་འགན་ཁུར་དགོས། དཔེར་ན། སྐར་ཆ་རེར་ཆུ་ཐིགས་རེ་འཛག་པའི་དབང་དུ་བྱས་ན་དུས་ཚོད་ཉི་ཤུ་རྩ་བཞིའི་ནང་དུ་ལུས་ཕུང་གཙང་མ་ཞིག་འཁྲུ་བྱེད་དང་ཡང་ན་སྔོ་ཚལ་ས་ཞིང་སྨི་གྲུ་བཞི་མ་འགར་ཆུ་འདྲེན་ཐུབ་པ་ཞིག་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་ཅེས་ཆེད་མཁས་པ་དག་གིས་བཤད། རྒྱུན་པར་ལག་པ་དང་། ངོ་གདོང་། རྐང་པ། བཞིན་སྔོ་ཚལ་དང་གྱོན་པ་སོགས་འཁྲུད་སྐབས་རབ་བྱུང་ན་ཀ་ཏོ་ར་སྤྱད་དེ་ཆུ་བླངས་ནས་སྤྱད་ན་ཧ་ཅང་གྲོན་ཆུང་བྱ་ཐུབ། ད་དུང་ལན་གཅིག་སྤྱོད་ཟིན་ཡང་འདག་རྫས་དང་རྫས་འགྱུར་སོགས་ཀྱིས་ལྷད་མ་འདྲེས་པའི་ཆུ་དག་ནི། འཛུགས་ཤིང་དང་མེ་ཏོག་ར་བ། སྣོད་ཆས་རས་ཕྱགས་སོགས་བཀྲུ་ཆོག་ལ། གལ་ཏེ་ཆུ་སྒོ་ཕྱེས་ནས་བཀྲུ་ནའང་སྤྱོད་སྒོ་དང་བསྟུན་ནས་ཆུ་སྒོ་ཕྱེ་ཚད་ལ་ཚོད་འཛིན་དགོས།

བཞི་པ།  མདོ་དབུས་མཐོ་སྒང་གི་ཆུ་གྲོན་ཆུང་བྱ་ཚུལ་སྐོར།

མིའི་འཐུང་ཆུ་ནི་ཧ་ཅང་རིན་ཐང་ལྡན་པའི་ཆུ་ཁྱད་པར་བ་ཞིག་ཡིན། མདོ་དབུས་མཐོ་སྒང་ནི་རི་མཐོ་ས་དང་། ས་གཙང་ས། ཆུ་བོ་མང་སའི་གནས་ཁྱད་པར་ཞིག་ཡིན་པས་མདོ་དབུས་མཐོ་སྒང་གི་མི་རྣམས་ཀྱིས་ཀྱང་གོང་བཞིན་ཆུ་ལ་གྲོན་ཆུང་བྱེད་དགོས་ལ། ལྷག་ཏུ་སྐྱེ་འགྲོ་མང་པོའི་ཚེ་སྲོག་མདོ་དབུས་མཐོ་སྒང་གི་ཆུ་བོ་རྨ་འབྲི་རྫ་གསུམ་གཙོས་པའི་ཆུ་བོ་དག་ལ་བརྟེན་ནས་འཚོ་བཞིན་ཡོད་པ་ཤེས་དགོས། ཤེས་པ་ཙམ་མ་ཡིན་པར་འགྲོ་བ་ཡོད་དོ་ཅོག་གི་ཚེ་སྲོག་ལ་འགན་ཁུར་དགོས། ལྷག་པར་མདོ་དབུས་མཐོ་སྒང་བ་དག་གིས་དགུན་ཁར་ཆུ་སྦུག་འཁྱག་གས་སོགས་ཆག་སྐྱོན་འབྱུང་ཉེན་ཡོད་པས་དུས་མིན་དུ་ཆུ་འཕྲོ་བརླག་ཏུ་གཏོང་མི་རུང་། དབྱར་ལྗོངས་སུ་བཀོལ་སྤྱོད་མེད་པར་ཆུ་གཙང་གང་སར་འདྲེན་པ་སོགས་དེ་ལས་ཀྱང་མི་བྱ་བ་མཁྱེན། ཆུ་ཐིགས་པ་གཅིག་ལ་གྲོན་ཆུང་བྱེད་པ་ནི་སྲོག་ལྡན་ཡོངས་ཀྱི་མ་འོངས་བའི་ཚེ་སྲོག་དང་འབྲེལ་བ་དམ་པོར་ཡོད་པས་སོ་སོས་མིག་རྒྱང་རིང་དུ་བསྲིངས་ནས། སྤྱིར་ན་རང་བྱུང་ཁམས་ཆེན་མོ་དང་། བྱེ་བྲག་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོར་གྲོན་ཆུང་བྱ་རྒྱུ་གལ་ཆེ། ཆུ་ལ་གྲོན་ཆུང་མ་བྱས་ན་དཔལ་འབྱོར་གྱི་དབང་དུ་བྱས་ནའང་། གྲོང་ཁྱེར་སོ་སོ་དང་མི་མང་འཚོགས་ས་ནས་ཆུ་གྲོན་[ཆུ་ཏོན་ton]གཅིག་ལ་སྒོར་ 3—5 བར་ཡིན་པས་ང་ཚོས་ཉམས་པར་མ་བཞག་ན་དཔལ་འབྱོར་ཀྱང་མང་པོ་འཕྲོ་བརླག་ཏུ་གཏོང་བཞིན་ཡོད། ཆུ་ལ་གྲོན་ཆུང་བྱས་ན་སྤྱིར་ན་འགྲོ་བ་ཡོད་དོ་ཅོག་གི་ཚེ་སྲོག་གི་རྒྱུན་བསྲིང་བ་དང་། ཁྱད་པར་དུ་དཔལ་འབྱོར་ལའང་གྲོན་ཆུང་ཐུབ་པ་ཡིན་ནོ།

མཇུག་བསྡུ་བ།

མདོར་བསྡུས་ན། འཇར་པན་གྱི་ཚན་རིག་པ་ཅང་པིང་ཧྲིང་གིས། ས་ཡི་གོ་ལའི་ཆུ་དྭངས་གཙང་བཟོ་བའི་ལས་འགན་སུ་ཞིག་གིས་འཁུར་དགོས་ཀྱིན་ཡོད་ཅེ་ན། དེ་ནི་འགྲོ་བ་མིའི་རིགས་ཀྱིས་འཁུར་དགོས་ཀྱིན་ཡོད། ང་ཚོ་ནི་ཆུ་ལས་གྲུབ་པ་ཡིན་པའི་རྒྱུ་མཚན་དང་། ང་ཚོ་ནི་ས་ཡི་གོ་ལའི་ཐོག་ཏུ་འཚོ་བ་རོལ་བཞིན་ཡོད་པས། ས་ཡི་གོ་ལའི་ཐོག་གི་ཆུ་གཙང་མ་བྱེད་པའི་འོས་འགན་ཡོད་པ་རེད།[1] ཅེས་ལེགས་པར་གདམས་པ་ལྟར་ཚེ་སྲོག་ཡོད་ཚད་ལ་ཕུན་སུམ་ཚོགས་པའི་ནུས་པ་དང་མཛེས་སྡུག་ལྡན་པའི་ཞིང་ཁམས་ཤིག་བསྐྲུན་དགོས་ན་སའི་གོ་ལ་ཁ་མ་བྲལ་བའི་སྔོན་དུ་རང་བྱུང་ཁམས་ཆེན་མོ་དང་། ལྷག་ཏུ་རང་བྱུང་གི་ཆུ་བོ་དྭངས་གཙང་ལྡན་པ་དག་སྔར་བཞིན་མུ་ནས་མུ་རུ་གནས་ཐུབ་པར་དགོས། ཆུ་ནི་ཆེས་དྭངས་གཙང་ལྡན་པའི་ངང་ཚེ་སྲོག་གྲངས་མང་ཞིག་རྒྱུན་སྲིང་བྱས་ནས་བཞུར་གྱིན་ཡོད། ཆུ་བོས་འགྲོ་བ་མི་གཙོས་པའི་སེམས་ཅན་གྲངས་ལས་འདས་པའི་ཚེ་སྲོག་སྐྱེད་སྲིང་བྱེད་བཞིན་ཡོད་པས་རང་ཉིད་ནས་མགོ་བརྩམས་ཏེ་ཆུ་བོ་གད་སྙིགས་དང་། མི་གཙང་བའི་རྫས་ངན་སོགས་ཀྱིས་ནམ་ཡང་འབག་བཙོག་བཟོ་མི་རུང་བའི་འདུ་ཤེས་ཡོད་དགོས། ཆུ་བོ་གྲོན་ཆུང་བྱེད་པ་ནི་ཚེ་སྲོག་མང་པོ་སྲུང་སྐྱོང་བྱེད་པ་དང་མཚུངས། ཆུ་ནི་སའི་གོ་ལའི་སྲོག་རྩ་ཡིན་པ་དང་། ཆུས་སྐྱེ་དངོས་སྦྲུམ་པར་བྱས་པ་དང་། གསོ་རླུང་བསྐྱེད་པ། སྲོག་ཆགས་སོགས་བསྐྲུན་པ་རེད་དོ། །

[1] ཆུ་ཡིས་དྲིས་ལན་ཤེས། དེབ་དང་པོ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་2016ལོའི་ཟླ་1 པོར་པར་དུ་བསྐྲུན། ཤོག་ངོས 202 པ།

 

ཁུངས་འདྲེན་ཡིག་ཆ།

①  འཇར་པན་གྱི་ཚན་རིག་པ་ཅང་པིང་ཧྲིང་གིས་བརྩམས་ཤིང་འདན་མ་དཀོན་མཆོག་ཚེ་རྒྱལ་གྱིས་སྒྱུར་བའི་<<ཆུ་ཡིས་དྲིས་ལན་ ཤེས>>དེབ་གསུམ་པ་ལོ་ཉིན་མི་རིགས་རིག་གནས་དར་སྤེལ་སྤྱི་གཉེར་ཁང་གིས་སྤྱི་ལོ་2016ལོའི་ཟླ་12པར་པར་དུ་བསྐྲུན། ཤོག་ངོས་81པ།

② ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་པར་བསྐྲུན་བྱས་པའི་<<གནས་མཆོག་སྐྱེས་དངོས་སྣ་མང་རྟོག་ཞིབ་སྟབས་རྒྱལ>>སྤྱི་ལོ་2015ལོའི་ཟླ་1པོར་པར་དུ་བསྐྲུན། ཤོག་ངོས་61པ།

③ རྩི་ཆུ་ཁོར་སྲུང་མཉམ་ལས་མཐུན་ཚོགས་ཀྱི་ཁོར་སྲུང་དེབ་ཕྲེང་དང་པོ་<<སྐྱོ་ཉིན་རྩི་ཆུའི་ཁོར་སྲུང་>>མར་མེའི་རིག་མཛོད་པར་ ཁང་གིས་སྤྱི་ལོ་2017ལོའི་ཟླ་6པར་པར་དུ་བསྐྲུན། ཤོག་ངོས་5 པ།

④བསོད་ནམས་དོན་གྲུབ་དང་། ཐང་སྐོར་དབུས་སྐྱབས། ཏིང་འཛིན་བཀྲ་ཤིས་གསུམ་གྱིས་སྒྱུར་བའི་མ་འོངས་པའི་ཉི་གཞོན་མི་རིགས་ སྐད་ཡིག་གི་བྱིས་པའི་གཞི་སྤུས་སློབ་གསོའི་བསྒྱུར་རྩོམ་དཔེ་ཚོགས་ལས་<<ཁོར་ཡུག་ཚན་རིག་གི་སྐོར>>མི་རིགས་དཔེ་དཔེ་སྐྲུན་ཁང་ གིས་སྤྱི་ལོ་2012ལོའི་ཟླ་བ་5པར་པར་དུ་བསྐྲུན། ཤོག་ངོས་227པ།

⑤ བསོད་ནམས་དོན་གྲུབ་དང་། ཐང་སྐོར་དབུས་སྐྱབས། ཏིང་འཛིན་བཀྲ་ཤིས་གསུམ་གྱིས་སྒྱུར་བའི་མ་འོངས་པའི་ཉི་གཞོན་མི་རིགས་ སྐད་ཡིག་གི་བྱིས་པའི་གཞི་སྤུས་སློབ་གསོའི་བསྒྱུར་རྩོམ་དཔེ་ཚོགས་ལས་<<ཁོར་ཡུག་ཚན་རིག་གི་སྐོར>>མི་རིགས་དཔེ་དཔེ་སྐྲུན་ཁང་ གིས་སྤྱི་ལོ་2012ལོའི་ཟླ་བ་5པར་པར་དུ་བསྐྲུན། ཤོག་ངོས་228པ།

⑥ བསོད་ནམས་དོན་གྲུབ་དང་། ཐང་སྐོར་དབུས་སྐྱབས། ཏིང་འཛིན་བཀྲ་ཤིས་གསུམ་གྱིས་སྒྱུར་བའི་མ་འོངས་པའི་ཉི་གཞོན་མི་རིགས་ སྐད་ཡིག་གི་བྱིས་པའི་གཞི་སྤུས་སློབ་གསོའི་བསྒྱུར་རྩོམ་དཔེ་ཚོགས་ལས་<<ཁོར་ཡུག་ཚན་རིག་གི་སྐོར>>མི་རིགས་དཔེ་དཔེ་སྐྲུན་ཁང ་གིས་སྤྱི་ལོ་2012ལོའི་ཟླ་བ་5པར་པར་དུ་བསྐྲུན། ཤོག་ངོས་228པ།

⑦ ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་པར་བསྐྲུན་བྱས་པའི་<<གནས་མཆོག་སྐྱེས་དངོས་སྣ་མང་རྟོག་ཞིབ་སྟབས་རྒྱལ>>སྤྱི་ལོ་2015ལོའི་ཟླ་1པོར་པར་དུ་བསྐྲུན། ཤོག་ངོས་62པ།

⑧ འཇར་པན་གྱི་ཚན་རིག་པ་ཅང་པིང་ཧྲིང་གིས་བརྩམས་ཤིང་འཇམ་དབྱངས་བློ་གྲོས་ཀྱིས་སྒྱུར་བའི་<<ཆུ་ཡིས་དྲིས་ལན་ཤེས>>དེབ་དང་པོ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་2016ལོའི་ཟླ་1 པོར་པར་དུ་བསྐྲུན། ཤོག་ངོས་202 པ།

ཟས་མེད་ཀྱང་འཚོ་ཐུབ། ཆུ་མེད་ན་འཚོ་མི་ཐུབ།

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

 

༡༽ འཐུང་ཆུའི་དཀའ་ངལ་གྱི་འཇིགས་སྣང་།     

  འདས་པའི་ལོ་ཟླའི་ཁྲོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱི་གསར་གྱུར་བརྒྱུད་ལམ་ཁག་ཏུ་ཐོས་པའམ་བཀླགས་པ་གང་རུང་བརྒྱུད་འགྲོ་བ་མི་ནི་ཁམ་ཟས་མེད་པར་བདུན་ཕྲག་གསུམ་ལྷག་རིང་སྲོག་འཚོ་ཐུབ་ཀྱང་ཆུ་མེད་ན་རིང་ན་བདུན་གཅིག་དང་། སྤྱི་སྙོམ་གྱི་ཆ་ནས་ཉིན་བཞི་ལྷག་ལས་འཚོ་མི་ཐུབ་པའི་སྡོམ་ཚིག་ཐོག་མར་གོ་ཐོས་བྱུང་། ད་ཆ་དེའི་སྐོར་ཤེས་བྱ་མང་ཙམ་རྒྱུས་ལོན་བྱས་པར་མིའི་ལུས་ཕུང་ནི་བརྒྱ་ཆ་དྲུག་ཅུ་ཆུས་གྲུབ་པའི་སྐོར་དེང་དུས་ཀྱི་ཚན་རིག་པས་དཔྱད་འབྲས་ཡིན་པར་ཤེས་བྱུང་།[1] དེ་བཞིན་དུ་མིའི་སྙིང་དང་མཁལ་མ་སོགས་ཀྱི་བྱེད་ལས་བྱེད་པར་ཁྲག་གི་རྒྱུ་བ་ལ་ངེས་པར་བརྟེན་དགོས་པ་དང་། གལ་ཏེ་ལུས་ལ་དགོས་ངེས་ཀྱི་ཆུ་མེད་ཚེ་ཁྲག་སོགས་ཀྱི་རྒྱུ་བ་ཡང་རྒྱུན་ལྡན་གྱི་བྱེད་ལས་ལྟར་བྱེད་མི་ཐུབ་པར་སྙིང་སོགས་ཀྱི་བྱེད་ལས་ཀྱང་འགགས་ནས་ལུས་ཕུང་ལ་དཀང་ངལ་འཕྲད་དེ་(dehydration) ལུས་ཕུང་ལ་དགོས་ངེས་ཀྱི་ཆུས་མ་འདང་བའི་ན་ཚ་འབྱུང་ངེས་ཡིན།  གལ་ཏེ་མིའི་ལུས་ཕུང་བརྒྱ་ཆ་དྲུག་ཆུ་ཆུས་གྲུབ་ཡོད་པ་དང་ཉིན་རེ་ལ་ལུས་ཕུང་ལས་བརླན་གཤེར་བརྒྱ་ཆ་བཅུ་ཙམ་ཆབ་གསང་སོགས་བརྒྱུད་ནས་ཟད་བཞིན་ཡོད་པ་དང་། དེའི་ཚབ་ཏུ་ལུས་ཕུང་ལ་དགོས་ངེས་ཀྱི་ཆུ་མཁོ་སྤྲོད་མ་བྱེད་པ་དང་མ་འཐུང་ན་ཐོག་མར་གོང་གི་ནད་དེ་ཕོག་ངེས་དང་ཉིན་བཞིའི་རྗེས་ཚེ་སྲོག་ཀྱང་ཤོར་ངེས་ཡིན། ཡིན་ན་ཡང་དེང་ང་ཚོའི་སྤྱི་ཚོགས་ནང་ཚན་རིག་གི་ལག་རྩལ་གྱིས་འཐུང་ཆུའི་ཆ་རྐྱེན་སྟབས་བདེ་བཟོ་བའི་རྐྱེན་གྱིས་འཐུང་ཆུའི་གལ་ཆེན་རང་བཞིན་དང་། དེའི་འབྱུང་ཁུངས་དང་འཛམ་གླིང་གི་འཐུང་ཆུའི་དཀའ་ངལ་ཇི་ཙམ་ཡོད་མེད་དོ་སྣང་བྱེད་ཀྱི་མེད།

            འོ་ན་ང་ཚོའི་ལུས་ཕུང་ལ་དགོས་ངེས་ཀྱི་འཐུང་ཆུ་འཛམ་གླིང་འདིའི་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ་ཞེ་ན། བརླན་གཤེར་བའི་ཆུ་ཡོད་ཚད་ང་ཚོའི་ལུས་ཕུང་ལ་དགོས་ངེས་ཀྱི་ཆུ་ཡིན་པའི་ངེས་པ་མེད་ཅིང་། ང་ཚོའི་ལུས་ཕུང་གིས་འཇུ་ཐུབ་པ་དང་མཁོ་བའི་ཆུ་ལ་འཐུང་ཆུ་ཞེས་ཟེར། ང་ཚོ་འཛམ་གླིང་འདི་བརྒྱ་ཆ་བདུན་ཅུ་དོན་ལྔ་ཞི་བདེའི་རྒྱ་མཚོ་དང་ཧིན་རྡུའི་རྒྱ་མཚོ་སོགས་ཀྱིས་གྲུབ་ཡོད་ཀྱང་། དེ་དག་ནི་བ་ཚྭ་དང་འདྲེས་པའི་ཆུ་ཡིན་པས་ང་ཚོ་འགྲོ་བ་མིས་འཐུང་ཆུར་བེད་སྤྱོད་མི་རུང་བ་ཀུན་གྱིས་མྱོང་བས་གྲུབ་པ་ལྟར་དང་། དེ་འཕྲོས་ཀྱི་བརྒྱ་ཆ་ཉེར་ལྔ་ནས་བརྒྱ་ཆ་ཉེར་གཉིས་ཡས་མས་ནི་ས་རྡོ་སོགས་ཀྱིས་གྲུབ་པ་དང་། ལྷག་འཕྲོས་ཀྱི་བརྒྱ་ཆ་གསུམ་ཡས་མས་ཙམ་ཞིག་འཐུང་ཆུས་ཟིན་ཡོད་ཀྱང་དེ་ལས་གཅིག་ཙམ་མ་གཏོགས་འགྲོ་བ་མི་ཡིས་བཀོད་སྤྱོད་དམ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ལ་[2]ལྷག་འཕྲོས་ཀྱི་བརྒྱ་ཆ་གཉིས་ནི་མི་མེད་ལུང་སྟོང་ཁག་ཏུ་བཞུར་བཞིན་ཡོད། དེ་ལྟ་བུའི་བརྒྱ་ཆ་གཅིག་ཙམ་གྱི་འཐུང་ཆུ་ཡང་ལོ་རེ་དང་ཟླ་རེ་ནས་རྒྱས་པ་ལས་བྲི་བ་དང་། བྲི་བ་ལས་སྐམ་པའི་བརྒྱུད་རིམ་ལསའཛམ་གླིང་འདིའི་མི་འབོར་བརྒྱ་ཆ་དྲུག་ཅུ་ལྷག་ལོ་ལྟར་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་[3]པ་འབྲེལ་ཡོད་ཀྱི་སྙན་ཐོ་ཁག་གི་ནང་གསལ། དེ་བཞིན་འཛམ་གླིང་སྲུང་སྐྱོབ་ཚོགས་པས་ (World Preservation Foundation) གོ་ལ་ཧྲིལ་པོའི་རྒྱལ་ཁབ་སོ་སོའི་འཐུང་ཆུའི་འབྱུང་ཁུངས་རྒྱུག་ཆུ་དང་གཙང་པོའི་སུམ་ཆ་གཅིག་སྐམ་འགོ་བཙུགས་པ་དང་དེས་མི་ཐེར་འབུམ་གསུམ་ལ་དོ་ཕོག་ཐེབས་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད།[4]        དེ་ཡང་ཞིབ་པར་བརྗོད་ན་དུས་རབས་ཉི་ཤུ་པའི་མག་ོསྟོད་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་སྲིད་པ་ཆགས་པ་ནས་གྲུབ་པའི་གངས་རི། མཚོ་དང་མཚེའུ། གཙང་བོ་དང་རྒྱུག་ཆུ་སོགས་གང་མང་ཞིག་རྒྱས་པ་ནས་བྲི་བ་དང་། བྲི་བ་ནས་སྐམ་པའི་དངོས་བྱུང་གནས་ཚུལ་རྣམས་སྤྱིར་སེམས་ཅན་ཞིག་གིས་ཤེས་ཚེ་རང་བཞིན་གྱིས་སྙིང་ཁམས་འཕར་ལྡིང་ཞིག་དང་སེམས་འཚབ་ཅིག་སྐྱེ་དགོས་པའི་གནས་སྟངས་སུ་གྱུར་ཡོད། དཔེར་ན་མཚོ་ལ་མཚོན་ན། དཀྱིལ་ཤར་རྒྱལ་ཁབ་ཨེ་རན་(Iran)གྱི་ཨུར་མཱ་མཚོ་ (Lake Urmia) ནི་འཛམ་གླིང་གི་མཚོ་ཆེན་གྱི་གྲས་ཤིག་དང་སྲིད་པ་ཆགས་པ་བཟུང་སྐམ་མ་མྱོང་ཡང་ཕྱི་ལོ་ ༡༩༨༤ ནས་སྐམ་འགོ་ཚུགས་ནས་ཕྱི་ལོ་ ༢༠༡༤ བར་མི་ལོ་སུམ་ཅུ་འགོར་རྗེས་སྲིད་པའི་མཚོ་ཆེན་འདིས་ཆེས་ཐ་མའི་སྡུག་སྐད་ཅིག་བརྒྱབས་ནས་ཡོངས་སུ་སྐམ་པ་དང་། མཚོ་ཆེན་དེ་ལ་བརྟེན་པའི་ཡུལ་ལུང་འདིའི་ཆེ་བ་གྲོང་སྡེ་དང་ཆུང་བ་ཁྱིམ་ཚང་ཡན་ཆད་ས་གནས་གཞན་དུ་སྤོར་དགོས་པའི་ཐབས་སྡུག་གི་གནས་ཚུལ་བྱུང་འདུག

            དེ་བཞིན་དུ་ཡོ་རོབ་ཀྱི་བྷི་ལི་ཝེའི་(Bolivia) རྒྱལ་ཁབ་ཀྱི་མཚོ་ཆེན་གཉིས་པ་པཱ་པོ་(Lake Poope)ནི་དེ་སྔོན་ས་གནས་འདིའི་ཕ་མེས་དང་ཡང་མེས་རྣམས་ཀྱི་ཉ་འཛིན་དང་འཐུང་ཆུ་ཡི་འཚོ་རྟེན་གཙོ་བོ་དེ་ཡིན་ཡང་། ད་ཆ་ཡོངས་རྫོགས་སྐམ་ནས་བྱེ་ཐང་དུ་གྱུར་ཏེ་ཡུལ་མིའི་སྐྱེས་པ་རྣམས་ས་གནས་གཞན་དུ་འཚོ་རྟེན་བཙལ་དུ་སོང་ནས་ཁྱིམ་དུ་རྒན་འཁོགས་དང་བྱིས་པ་མ་གཏོགས་ལྷག་མེད་པའི་ཐབས་སྡུག་གི་གནས་ཚུལ་ཡང་བྱུང་འདུག

            དེ་བཞིན་འཛམ་གླིང་རང་བྱུང་ཁམས་ཀྱི་དྲ་བ་(Mother Nature Network) ཞེས་པའི་སྙན་ཐོ་ལྟར་ན་ད་ལྟ་འཛམ་གླིང་ནང་གི་གཙང་པོ་དང་མཚོ་ཆེན་གྲགས་ཅན་གང་མང་ཞིག་བྲི་བའི་འགོ་བཙུགས་ནས་རིང་མིན་སྐམ་པའི་འཇིགས་སྣང་མངོན་དུ་འགྱུར་ངེས་ཡིན་པའི་གསལ་བཤད་བྱས་འདུག[5] དེ་དག་ནི་

  1. Bone Dry
  2. Lake Poopo
  3. Colorado River
  4. Aral Sea
  5. Lake Badwater
  6. Lake Chad
  7. Owens lake
  8. lake Powell
  9. Lake Mead བཅས་རེད།

            དེ་བཞིན་དུ་བོད་ཀྱི་མཚོ་ལ་མཚོན་ནའང་། བོད་ཀྱི་མཚོ་ཆེ་ཤོས་མཚོ་སྔོན་པོ་ནི་གཡས་གཡོན་གྱི་རི་ལུང་མང་པོ་ནས་རྒྱུག་པའི་ཆུ་ཕྲན་དང་གཙང་པོ་127 ལས་གྲུབ་པ་ཡིན་ཡང་། སྤྱི་ལོ་2009ལོར་མཚོ་སྔོན་པོའི་ཞིབ་འཇུག་པ་ The Administration of Qinghai Lake དང་ Institute of Geography of the China གཉིས་ཀྱི་སྙན་ཐོའི་ནང་མཚོ་སྔོན་པོའི་འབྱུང་ཁུངས་ཀྱི་ཆུ་ཕྲན་དང་གཙང་པོ་57 བྲི་ནས་སྐམ་ཚར་སྐོར་དང་ད་དུང་ལོ་རེར་སྨི་ཆ་ 10 (centimeter)  བྲི་སྐོར་ཡང་གསལ་བར་མ་ཟད།[6] [7]ཝི་ཀཱི་ཕི་ཌི་ཡ་(Wikipedia) སྙན་ཐོའི་ནང་འཛམ་གླིང་གི་མཚོ་དང་གཙང་པོ་སུམ་ཅུ་ཐམ་པ་སྐམ་ལ་ཉེ་བའི་ནང་མཚོ་སྔོན་པོའང་བགྲངས་འདུག[8]

            དེ་བཞིན་དུ་བོད་ཀྱི་གཙང་པོ་ཁག་ལ་མཚོན་ནའང་(WWF)ཚོགས་པའི་སྙན་ཐོའི་ནང་འཛམ་གླིང་གི་ཆུ་ཆེན་ཁག་བཅུ་སྐམ་ཉེན་ཡོད་པ་དང་།  དེའི་ནང་ནས་ལྔ་ནི་བོད་མཐོ་སྒང་ནས་བཞུར་བའི་གཙང་པོ་སྟེ་ ༡ རྒྱལ་མོ་རྔུལ་ཆུ། ༢ རྨ་བྱ་ཁ་འབབ། ༣ རྟ་མཆོག་ཁ་འབབ། ༤ འབྲི་ཆུ། ༥ རྫ་ཆུ་བཅས་ཡིན་པ་དང་།[9] གཙང་པོ་དེ་དག་ཐམས་ཅད་འཐུང་ཆུ་དང་ཞིང་ལས་སོགས་ལ་བེད་སྤྱོད་ཧ་ཅང་ཆེ་བའི་ཆུ་ཆེན་དག་ཡིན་པ་དང་བོད་ཀྱི་མཚོ་ཆེན་བཞི། ཁ་འབབ་བཞི་དང་གཙང་པོ་བཞི་བཅས་ལོ་རེ་ནས་ཆེ་ཆུང་ལ་མ་ལྟོས་པར་བྲི་བཞིན་ཡོད་འདུག

 འོ་ན་གཙང་པོ་དང་རྒྱུག་ཆུ། གངས་རི་དང་མཚོ་སོགས་རྒྱུ་མེད་རྐྱེན་མེད་ལས་སྐམ་པ་ཡིན་ནམ་ཞེ་ན།

༢༽ འཛམ་གླིང་འདིའི་འཐུང་ཆུ་སྐམ་པའི་རྒྱུ་རྐྱེན།  

འཛམ་གླིང་གི་ལོ་རྒྱུས་དང་དེང་རབས་ཚན་རིག་པ་དག་གིས་བཏོན་པའི་ཞིབ་འཇུག་གི་སྙན་ཐོ་ཁག་ལས་དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་སྲིད་པའི་གངས་རི་དང་མཚོ་སོགས་གཙོ་བོ་དག་སྐམ་འགོ་བཟུང་ཡོད་པར་བརྗོད་བཞིན་ཡོད།[10]

            འོ་ན་དུས་རབས་ཉི་ཤུ་པའི་ཡར་སྔོན་ལ་སྲིད་པའི་གངས་རི་དང་མཚོ་ཆེན་སོགས་སྐམ་པའི་འགོ་མ་བཟུང་ལ། དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་སྐམ་དགོས་པའི་རྒྱུ་མཚན་མཐར་ཐུག་ཅི་ཞིག་ལ་ཐུག་ཡོད་ཅེ་ན།

            དེའི་རྒྱུ་མཚན་མཐར་ཐུག་གཅིག་ནི། དཔེར་ན། ཆུ་ཕོར་གང་ཉི་དྲོད་ཧ་ཅང་རྒྱས་པའི་དཀྱིལ་དུ་ཆུ་ཚོད་ཁ་ཤས་ལ་བཞག་ན་ཐག་ནས་མེད་པར་གྱུར་པ་ཀུན་གྱིས་ཤེས་གསལ་ལྟར། དཔེ་དེ་བཞིན་འཇིག་རྟེན་འདིའི་གཙང་པོ་དང་མཚོ་སོགས་རྒྱས་པ་ནས་བྲི་བ་དང་། བྲི་བ་ནས་སྐམ་པའི་རྒྱུ་མཚན་གཅིག་ནི་ཉི་མའི་ཚ་དྲོད་དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་བཟུང་དུས་རབས་སྔ་མ་རྣམས་ལ་ལྡབ་འགྱུར་གྱིས་རྒྱས་འགོ་ཚུགས་པ་དང་། དེར་བརྟེན་སྲིད་པའི་གངས་རི་ཁག་བཞུར་ཚད་ཀྱང་རྒྱུན་གཏན་ལས་མྱུར་བ་དང་གཙང་ཆུ་སོགས་ཀྱང་སྐམ་པའི་མྱུར་ཚད་ཧ་ཅང་མགྱོགས་སུ་སོང་བ་དང་། དེང་སང་སྲིད་པའི་གངས་རི་དང་གཙང་ཆུ་རྣམས་བསྐལ་བའི་མེ་དཀྱིལ་དུ་ལྷག་པའི་དུས་རབས་ལྟ་བུ་རེད།

            ལོ་ངོ་སྟོང་ཕྲག་བརྒལ་བའི་ཡར་སྔོན་དུ་རང་བྱུང་ཁམས་ལ་རང་བཞིན་གྱིས་འགྱུར་བ་ཆེན་པོ་དང་ཆགས་འཇིགས། ཚ་དྲོད་རྒྱས་པ་སོགས་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། དུས་རབས་འདིར་གོ་ལ་ཧྲིལ་པོ་ཡོངས་ལ་ཚ་དྲོད་ཧ་ཅང་རྒྱས་པ་བཞིན་བྱུང་མྱོང་མེད་པའི་རྒྱུ་མཚན་མཐར་ཐུག་ནི། འགྲོ་བ་མི་ཞེས་པ་འདི་ཧམ་སེམས་དང་འདོད་དབང་གི་གཡོག་ཏུ་ཚུད་དེ་རང་ཉིད་འཚོ་ཐབས་ཀྱི་མཐུན་རྐྱེན་དང་དགོས་མཁོའི་དཔལ་འབྱོར་ལས་བརྒལ་བར་འདོད་པའི་རྔམ་སེམས་ཀྱི་དབང་དུ་སོང་སྟེ།  རང་ཉིད་འཚོ་བའི་རིང་ཙམ་མ་ཟད་ཤི་བའི་རྗེས་ལའང་ཟད་མཐའ་མེད་པའི་རྒྱུ་ནོར་གྱི་བང་མཛོད་རི་ལྟར་བརྩིགས་འདོད་ནས། དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་བཟོ་ལས་ཀྱི་གསར་བརྗེ་ཤུགས་ཆེ་ལངས་རྗེས་བཟོ་ལས་རྒྱ་བསྐྱེད་ཤུགས་ཆེར་དར་སྤེལ་བཏང་སྟེ་ལོ་ངོ་སྟོང་ཕྲག་རིང་ཕ་མེས་ཡང་མེས་ཀྱིས་བདག་སྲུང་བྱེད་པའི་འགྲོ་བ་སེམས་ཅན་དང་རྩི་ཤིང་ནགས་ཚལ་སོགས་ཀྱི་གཞི་རྟེན་ས་གཞི་རིན་པོ་ཆེར་སྔོག་འདོན་གྱིས་གསེར། ཟངས། ལྕགས་སོགས་ལོ་ངོ་བརྒྱ་ཕྲག་རིང་བསྔོགས་པས་ས་གཞིའི་བཅུད་ཤོར་བ་གཅིག ལོ་ངོ་བརྒྱ་ཕྲག་གཅིག་ཙམ་རིང་བཟོ་གྲྭ་འདྲ་མིན་ལས་དུག་རླངས་ཉིན་རེར་ཚད་ལས་བརྒལ་བ་བཏོན་པ་དང་། ཆ་སྙོམ་འཛམ་གླིང་ནང་སྐར་ཆ་རེའི་ནང་དུག་རླངས་(Carbon Dioxide) རྒྱ་མ་ 2.4 ཙམ་བཟོ་བཞིན་ཡོད་པ་དང་།[11] དེ་བཞིན་སྣུམ་འཁོར། [རླངས་འཁོར་] བཟོ་གྲྭ་དང་གནམ་གྲུ་སོགས་ཡོད་དོ་ཅོག་ལས་ཐོན་པའི་དུག་རླངས་ཆ་སྙོམ་ལོ་གཅིག་ལ་ཏོན་[ton]ཐེར་འབུམ་39.8ཡིན་ཞིང་།[12] དེ་ཡང་ཉིན་རེ་དང་ལོ་རེ་ནས་བཟོ་གྲྭ་སོགས་ཀྱི་གྲངས་ཚད་འཕར་བཞིན་ཡོད་པས་དེའི་མཇུག་འབྲས་ཅི་ཞིག་འབྱུང་མིན་ཤེས་གསལ་རེད།

            བཟོ་གྲྭ་དང་རྡོ་སོལ་སོགས་ལས་བྱུང་བའི་དུག་རླངས་ནི་(Carbon Dioxide)འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་ལ་འགྱུར་ལྡོག་ཆེ་ཤོས་གཏོང་མཁན་དེ་ཡིན་ལ།[13] དུག་རླངས་དེ་དག་གིས་རང་བྱུང་གིས་གྲུབ་པའི་ཉི་ཟེར་འགོག་པའི་བར་མཁའ་དབྱིངས་བླ་བྲེ་(ozone layer) སྲབ་ཏུ་བཏང་བ་དང་། དེའི་རྐྱེན་གྱིས་ཉི་ཟེར་གྱི་དྲོད་སྔར་ལས་རྒྱས་ཤིང་འཇིག་རྟེན་འདིའི་སྐྱེ་དངོས་ཀུན་དང་། ལྷག་པར་གཙང་པོ་དང་མཚོ་སོགས་ལ་ཐད་ཀར་ཕོག་ཚད་ཆེ་བ་དང་སྐམ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་འདུག མུ་མཐུད་ཡར་རྒྱས་ཟེར་བའི་དར་ཆ་དཀར་པོ་འཕྱར་ནས་དུག་རླངས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་པའི་བཟོ་གྲྭ་དང་སྣུམ་འཁོར་སོགས་ཚོད་འཛིན་མ་བྱས་ཚེ། ནམ་ཞིག་ང་ཚོས་སྟངས་འཛིན་བྱེད་མི་ཐུབ་པའི་དུག་རླངས་ཀྱིས་འཇིག་རྟེན་འདིའི་འཐུང་ཆུའི་འབྱུང་ཁུངས་གཙོ་བོར་གྱུར་པའི་སྲིད་པའི་གངས་རི་དང་གཙང་པོ་རྣམས་ཚད་ལས་བརྒལ་བའི་འབག་བཙོག་ཏུ་བཏང་བར་མ་ཟད་ཁོར་ཡུག་ཡོངས་རྫོགས་བརླག་ངེས་ཡིན།

            དེ་བཞིན་དུ་ཕུགས་རྒྱང་རིང་པོའི་བསམ་ཤེས་མེད་པར་འཕྲལ་དུ་ཤོག་དངུལ་གྱི་གྲངས་ཀ་ཙམ་གྱི་ཆེད་གཙང་ཆུ་དང་རྒྱུག་ཆུ་སོགས་སུ་གད་སྙིགས་དང་བཙོག་ཆུ་སོགས་ཚད་ལས་བརྒལ་བ་གཡུག་པའི་མཇུག་འབྲས་ད་ཆ་གཙང་པོ་དང་རྒྱུག་ཆུ་གང་མང་ཞིག་འཐུང་ཆུར་མི་རུང་བའི་ཚད་གཞི་ཧ་ཅང་མཐོན་པོར་སླེབས་ཡོད།  དཔེར་ན།  སྤྱི་ལོ་ ༢༠༠༦ ལོར་རྒྱ་ནག་ཤིང་ཧ་གསར་ཁང་གི་གསར་འགྱུར་ལྟར་ན། འབྲི་ཆུའི་བརྒྱ་ཆ་ ༦༦ ཙམ་འཐུང་ཆུ་མི་རུང་བར་གྱུར་པ་དང་། ཆུ་བཙོག་གི་རིགས་ཏོན་ (ton)ཐེར་འབུམ་བཞི་ཙམ་གཙང་པོའི་དེའི་ནང་དུ་བཞུར་བཞིན་ཡོད་པ་དང་། དེ་ལས་བརྒྱ་ཆ་ ༧༣%བཟོ་གྲྭ་ཁག་ལས་ཐོན་པའི་ཆུ་སྙིགས་ཡིན་ཞེས་སྤེལ་ཡོད།[14] [15]

            དེ་བཞིན་དུ་WWF ཚོགས་པའི་སྙན་ཐོའི་ནང་གཙང་པོ་དང་རྒྱུག་ཆུ་ཁག་སྐམ་པའི་རྒྱུ་རྐྱེན་གཙོ་བོ་ཁག་དྲུག་དྲངས་ཡོད་དེ།

  1. ཆུ་རགས་དང་འཛུགས་བསྐྲུན།
  2. ཆུ་ཚོད་མེད་འབོར་འདྲེན།
  3. གནམ་གཤིས་འགྱུར་ལྡོག
  4. སྲོག་ཆགས་ནང་ཕན་ཚུན་བཙན་འཛུལ།
  5. ཉ་ཚོད་མེད་འཛིན་བཟུང་།
  6. ཁོར་ཡུག་འབག་བཙོག་བཅས་རེད།[16]

རང་ཉིད་ཀྱི་ཁོར་ཡུག་ལས་ཅུང་རྒྱང་ཐག་རིང་བདང་གནས་སྐབས་རིང་དངོས་སུ་ཕན་གནོད་མ་འབྲེལ་བའི་གཙང་ཆུ་དང་རྒྱུག་ཆུའི་རིགས་ལ་འབག་བཙོག་ཤོར་བར་སྣང་མེད་དང་དོ་ཁུར་མ་བྱས་པ་ནི་ཕུགས་རྒྱང་གི་འདུ་ཤེས་མེད་པ་དང་། འཐུང་ཆུའི་གལ་ཆེན་རང་བཞིན་ལ་གོ་རྟོགས་མེད་པར་ཟད་པས་དེའི་མཇུག་འབྲས་ནི་རང་ཉིད་ཀྱི་སྐེ་ལ་མི་མངོན་པའི་ཐག་པ་བསྐོན་པ་དང་གཅིག་མཚུངས་ཡིན། འཇིག་རྟེན་འདིའི་འཐུང་ཆུ་ནི་ཉིན་རེ་དང་ཞག་རེ་ནས་སྐམ་པ་ལ་ཕྱོགས་བཞིན་ཡོད་པ་དང་ཉིན་ཞིག་རང་ཉིད་ཀྱི་མགོ་ཐོག་ལ་སླེབས་ངེས་ཡིན།

            ཁོར་ཡུག་ཞིབ་འཇུག་པ་ཞིག་གིས། གོ་ལ་ཧྲིལ་པོའི་ཚ་དྲོད་རྒྱས་པ་ནི་རང་བྱུང་ཁམས་ལ་འགྲོ་བ་མིའི་བསམ་མེད་ཀྱི་འདུ་ཤེས་ལས་བྱུང་བ་ཡིན་ཞེས་པའི་སྡོམ་ཚིག་བཀོད་པ་ལྟར་ “The true cause of global warming is our thoughtless attitude to Nature” རྔམ་སེམས་དང་འདོད་དབང་གི་གཞན་དབང་དུ་ཚུད་ནས་དགོས་མཁོའི་དཔལ་འབྱོར་ལས་བརྒལ་བའི་རྒྱ་བསྐྱེད་རིང་ལུགས་པའི་བསམ་མེད་ཀྱི་འདུ་ཤེས་བྱུང་བས། གལ་ཏེ་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ། ཁ་ཡོད་ལག་ཡོད་ཀྱི་འཛམ་གླིང་གི་འཐུང་ཆུ་སྲུང་སྐྱོབ་བྱེད་འདོད་ཚེ། ད་གཟོད་སྔོན་ལ་འདོད་རྔམ་དང་རྒྱ་བསྐྱེད་རིང་ལུགས་པའི་བཟོ་གྲྭ་ཆེ་ཁག་དང་དུག་རླངས་ཚད་ལས་བརྒལ་བ་སྐྲུན་མཁན་གཏེ་བོ་རྣམས་མང་བ་ལས་ཉུང་དུ་དང་། ཉུང་བ་ལས་མེད་པར་བཟོ་བའི་ལས་འགུལ་སྤེལ་དགོས།

   མདོར་ན་འཛམ་གླིང་གི་འཐུང་ཆུའི་ཆེད་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་བཟོ་ལས་ཀྱི་གསར་བརྗེ་ལངས་ཀྱང་དུས་རབས་ཉེར་གཅིག་པའི་མགོ་སྟོད་དུ་བཟོ་ལས་མེད་པར་བཟོ་བའི་གསར་བརྗེ་བྱེད་དགོས།

༣༽ ཆར་ཆུ་སོགས་གསོག་འཇོག་གིས་འཐུང་ཆུའི་མཛོད།    

གོ་ལ་ཧྲིལ་པོ་འདིའི་འཐུང་ཆུ་ཁག་ལ་འབག་བཙོག་ནི་ཉིན་རེ་ནས་ཉིན་རེར་ཇི་སྡུག་གིས་དཀའ་ངལ་འཕྲད་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། དེས་ན་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་གཉིས་ཏེ། གཅིག ད་ལྟ་འཇིག་རྟེན་འདིར་ཡོད་བཞིན་པའི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་གཙང་པོ་དང་རྒྱུག་ཆུ་སོགས་འབག་བཙོག་ལས་སྲུང་སྐྱོབ་ཀྱི་ཐབས་ཤེས་ལ་འབད་རྒྱུ་དང་། གཉིས། འཐུང་ཆུ་གསར་བཟོའི་ལས་རིགས་འདྲ་མིན་གསར་གཏོད་བྱེད་དགོས།

འཛམ་གླིང་གི་ཤར་ནུབ་ཀུན་ལ་ཆ་སྙོམ་གྱིས་སྐར་མ་རེའི་ནང་ཆར་པ་ཏོན་་(ton)ས་ཡ་907འབབ་བཞིན་ཡོད་པ་དང་།[17] དེ་ལ་དཔག་ན་ཉིན་རེ་དང་ལོ་རེར་ཆར་པ་ཇི་ཙམ་འབབ་མིན་ཤེས་ཐུབ་ལ། ལྷག་པར་དུ་ལོ་རེ་འཛམ་གླིང་ཤར་ནུབ་གང་སར་ཆར་ཞོད་ཀྱི་དུས་ཡུན་ཟླ་གཅིག་གཉིས་ལྷག་ཆ་སྙོམས་ཀྱིས་འབབ་ཀྱིན་ཡོད། དཔེར་ན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེའི་ནང་དུ་སྤྱི་ཟླ་ ༧ པ་ནས་ ༩ དཀྱིལ་ཙམ་བར་ཉིན་རེར་ཆར་ཆུ་ཏོན་ཐེར་འབུམ་ཁ་ཤས་འབབ་ཀྱི་ཡོད་ལ། ཆར་ཆུ་དེ་དག་ལས་ས་ཞིང་དང་རྩི་ཤིང་སོགས་ལ་དགོས་པའི་ལྷག་ལུས་ཀྱི་ཆར་ཆུ་རྣམས་ནི་གཙང་ཆུ་སོགས་དང་འདྲེས་ནས་མཐར་མཐའི་རྒྱ་མཚོའི་ནང་བབ་ནས་བེད་མེད་དམ་ཚྭ་ཆུའི་ངོ་བོར་གྱུར་བཞིན་ཡོད།   གལ་ཏེ་དེའི་ལྷག་འཕྲོས་ཀྱི་ཆར་ཆུ་རྣམས་རྒྱ་མཚོ་དང་མ་འདྲེས་པའི་གོང་ནས་གྲོང་དང་གྲོང་སྡེའི་ས་ཚིགས་སོ་སོའི་ནང་ཆུ་མཛོད་ཆེ་ཆུང་འདྲ་མིན་བཟོས་ནས་གསོག་འཇོག་བྱེད་ཐུབ་ཚེ་རྒྱལ་ཁབ་སོ་སོའི་ནང་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པའི་མི་མང་ས་ཡ་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་དཀའ་ངལ་སེལ་ཐུབ། དེར་མ་ཟད་ཆར་ཆུ་ནི་འཇིག་རྟེན་འདིའི་འཐུང་ཆུའི་ངོར་གྱུར་སླ་ཤོས་ཀྱི་བརླན་གཤེར་དང་འཐུང་ཆུའི་དཀའ་ངལ་སེལ་བའི་སྟབས་བདེ་ཤོས་དེ་རེད་སྙམ། འོན་ཀྱང་ཆར་ཆུ་རྣམས་གསོག་འཇོག་བྱས་ན་ཡུལ་ལུང་དེ་དང་དེའི་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཡོད་མེད་སོགས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་གསོག་འཇོག་བྱ་དགོས་པ་ལས་གཞན་དུ་ན་མཇུག་འབྲས་བསམ་ཡུལ་ལས་འདས་པའང་འབྱུང་སྲིད།

            དེ་བཞིན་དུ་ནམ་དུས་བཞིའི་ནང་ཚན་དགུན་དུས་ནི་འཛམ་གླིང་གི་ཡུལ་ལུང་གང་སར་ཁ་བ་ཆེ་ཆུང་ལ་མ་ལྟོས་པར་འབབ་ཀྱི་ཡོད་ལ། དབྱར་དུས་སུ་གངས་རྣམས་བཞུར་ནས་གཙང་ཆུ་སོགས་དང་འདྲེས་ཏེ་མཐར་རྒྱ་མཚོའི་ནང་འབབ་ནས་བ་ཚྭ་ཅན་དུ་གྱུར་ནས་འཐུང་ཆུར་སྤྱོད་མི་རུང་བར་གྱུར། གལ་ཏེ་ཁ་བ་དེ་རྣམས་མ་བཞུར་སྔོན་ནས་གསོག་འཇོག་གི་ཐབས་ལམ་གསར་གཏོད་བྱེད་ཐུབ་ཚེ་ཕྱིས་དབྱར་དུས་སོགས་སུ་འཐུང་ཆུར་ངོར་གྱུར་ཐུབ། དེ་ནི་འཐུང་ཆུ་གསར་བཟོས་ཀྱི་ལས་རིགས་ལེགས་ཤོས་དང་སྟབས་བདེ་ཤོས་ཤིག་རེད་སྙམ། ཡིན་ན་ཡང་གངས་དང་ཆར་ཆུ་སོགས་ནི་འགྲོ་བ་མི་ཁོ་ནར་དབང་བ་དང་འགྲོ་བ་མི་ཁོ་ནར་བེད་སྤྱོད་ཡོད་པ་ཞིག་མ་ཡིན་པར་འགྲོ་བ་གཞན་དུད་འགྲོ་དང་རྩི་ཤིང་ནགས་ཚལ་སོགས་ལ་དགོས་མཁོ་ཆེ་བ་དང་བདག་དབང་ཡང་ཡོད་པའི་རྒྱུ་མཚན་གྱིས་དེ་དག་གསོག་འཇོག་བྱེད་སྐབས་ཚོད་འཛིན་རན་པོ་ཞིག་དང་དེ་དག་ལ་དོ་ཕོག་མ་ཐེབས་པ་ཞིག་ངེས་པར་བྱེད་དགོས། གཞན་དུ་ན་རྒྱུ་བ་མི་དང་མི་རྒྱུ་བ་ས་གཞི་ནགས་ཚལ་སོགས་གཉིས་ནི་ཕན་ཚུན་རྟེན་དང་བརྟེན་པའི་འབྲེལ་བ་དམ་ཟབ་ཡོད་པས་རྩི་ཤིང་ནགས་ཚལ་དང་རང་བྱུང་ཁམས་ལ་དོ་ཕོག་ཆེན་པོར་ཐེབས་ཚེ་འགྲོ་བ་མིའི་འཚོ་རྟེན་ལ་འགྱུར་བ་ཐེབས་ངེས་ཡིན་པའི་རྟེན་འབྲེལ་གྱི་རྣམ་གཞག་ཀྱང་བརྗེད་མི་རུང་། 

༤༽ བ་ཚྭ་ཆུ་ཅན་འཐུང་ཆུར་བཟོས་པའི་ལག་རྩལ།

            འཛམ་གླིང་འདི་སུམ་ཆ་གཉིས་བ་ཚྭ་ཅན་གྱི་རྒྱ་མཚོ་ཡིས་ཟིན་ཡོད་པར་མ་ཟད་མཚོ་ཆེན་གང་མང་ཞིག་ཀྱང་ཚྭ་ཆུ་ཡིན་མོད། རྒྱ་བོད་ཀྱི་གཞུང་ཆེན་ཁག་ལས་ནོར་བུ་ཀེ་ཏ་ཀའི་ཕན་ཡོན་ནམ་བྱེད་ལས་འཆད་སྐབས་གལ་ཏེ་ནོར་བུ་དེ་ཉིད་ཆུ་རྙོག་ཅིག་གི་ནང་བླུགས་ཚེ་རིམ་གྱིས་དྭངས་རྙོག་སེལ་ནས་ཆུ་རྙོག་དེ་ཉིད་དྭངས་པར་བྱེད་ནུས་པའི་བྱེད་ལས་ལྡན་པ་འགྲེལ་བརྗོད་སྔར་ནས་བྱེད་པ་ལྟར། དེང་སང་ཚན་རིག་པས་བཟོས་པའི་སྨན་རིལ་དཀར་པོ་(Purification and Disinfection Tablets ) ཞིག་ཆུ་རྙོག་འདམ་གང་ནང་བླུགས་ནས་སྐར་མ་སུམ་ཆའམ་ཆུ་ཚོད་ཁ་ཤས་འགོར་རྗེས་ཆུ་རྙོག་དེ་ཉིད་དྭངས་གསལ་དུ་གྱུར་ཏེ་འཐུང་རུང་གི་ཆུ་ཡི་ངོ་བོར་བཟོས་ཐུབ་པའི་ཚན་རིག་གི་ལག་རྩལ་དང་། དེ་བཞིན་དུ་སྣོད་ཅིག་གི་ནང་དུ་བྱེ་མ། རྡེའུ་དང་། རྩྭ་སོགས་རིམ་གྱིས་བླུགས་རྗེས་དེའི་ཐོག་ཏུ་ཆུ་རྙོག་བླུགས་ནས་དྭངས་གསལ་བྱེད་པའི་ཐབས་ལམ་སོགས་གསར་གཏོད་བྱས་ཡོད།

དེས་ན་ཚན་རིག་གི་ལག་རྩལ་གོང་འཕེལ་བཏང་ནས་རྒྱ་མཚོ་ཆེན་པོ་ཡིས་མཚོན་པའི་བ་ཚྭ་རིགས་ལས་ངང་པས་འོ་ཆུ་གཅིག་ཏུ་འདྲེས་པའི་བརླན་ཞིང་གཤེར་བ་ལས་འོ་མ་ལེན་པ་བཞིན། ༡ བ་ཚྭའི་ཆུ་རིགས་ལས་ཚྭ་ལེན་པའམ་ཕྱིར་འདོན་ཐུབ་པའི་འཕྲུལ་འཁོར་རམ་ལག་རྩལ་གསར་གཏོད། ༢ ཡང་ན་བ་ཚྭའི་ཆུ་ལས་བ་ཚྭ་གཙང་སེལ་བཟོ་ཐུབ་པའི་སྨན་རྫས་རིགས་གསར་གཏོད་དང་། ༣ ཡང་ན་མི་ཚོགས་དཀྱུས་མས་སྟབས་བདེའི་ངང་བེད་སྤྱོད་བྱེད་ཐུབ་པའི་ཆུ་འཚག་ཆེན་པོ་རིགས་གསར་གཏོད་ཀྱིས་རྒྱ་མཚོའི་ཆུ་ལས་ཚྭ་འཚག་ཐུབ་པའི་ཐོན་བསྐྱེད་གསར་བསྐྲུན་ཐུབ་ཚེ་ལོ་ལྟར་འཛམ་གླིང་འདིའི་མི་འབོར་བརྒྱ་ཆ་དྲུག་ཅུའི་ལྷག་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་[18]པའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས་ལམ་ལེགས་ཤོས་དང་། མཐའི་རྒྱ་མཚོ་ནི་ཟད་མཐའ་མེད་པས་ཕྱིན་ཆད་འཐུང་ཆུའི་དཀལ་ངལ་བསྐྱར་དུ་འཕྲད་མི་སྲིད།

༥༽ ཆུ་རྡུལ་ཕྲ་མོ་གསར་བཟོ་ཐུབ་བམ།  

འབྱུང་བ་བཞིའི་ནང་ནས་ཆུའི་འབྱུང་བ་ནི་འགྲོ་བ་ཡོད་དོ་ཅོག་གི་སྲོག་འཚོ་བར་མེད་དུ་མི་རུང་བའི་འཇིག་རྟེན་འདིར་རང་བྱུང་གིས་གྲུབ་པའི་དངོས་པོ་ཞིག་ཡིན། ཡིན་ན་ཡང་ཆུའི་འབྱུང་བ་ནི་རྒྱུ་མེད་དང་རྐྱེན་མེད་ལས་གྲུབ་པ་མ་ཡིན་པར་མཐུན་པའི་རྒྱུ་ལས་འབྱུང་བ་ཡིན་ལ། དེ་ཡང་ཆུའི་རྡུལ་ཕྲན་ས་ཡ་མང་པོ་འདུས་པ་ལས་ཆུ་གྲུབ་པ་དང་། ཆུའི་རྡུལ་ཕྲན་ཡང་ཆུའི་རྡུལ་ཕྲ་རབ་མང་པོ་འདུས་པ་ལས་གྲུབ་ཡོད་སྐོར་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གཉིས་ཀས་འགྲེལ་བརྗོད་བྱེད།

འོ་ན་ཆུ་རྡུལ་ཕྲ་རབ་དེ་དག་གང་ཞིག་ལས་གྲུབ་པ་དང་གསར་དུ་བཟོ་ཐུབ་བམ་ཞེ་ན།

            ནང་པའི་ཚན་རིག་གམ་གཞུང་ལུགས་ཁག་ལྟར་ན། མདོ་སེམས་དང་དབུ་མ་པ་བཅས་ཀྱིས་ཆུའི་རྡུལ་ཕྲ་རབ་ནི་རང་ཉིད་ལས་ཕྲ་བའི་རྡུལ་ཕྲ་རབ་དུ་མ་འདུས་པ་ལས་གྲུབ་པར་མི་འདོད་ཅིང་། རང་ཉིད་ཀྱི་རིགས་འདྲའི་རྒྱུན་སྔ་མ་ལས་བྱུང་བའི་རྡུལ་ཕྲ་རབ་ཅིག་ལས་བྱུང་བ་དང་། དེ་ལས་ཕྲ་བར་གྱུར་པའི་རྡུལ་ཕྲ་རབ་མི་འདོད། དེར་བརྟེན་ཆུའི་རྡུལ་ཕྲ་རབ་ཀྱི་རྒྱུན་ནི་ཐོག་མེད་ཡིན་པས་ནང་པའི་ཚན་རིག་པ་ལྟར་ན་སྔོན་མེད་གསར་དུ་བཟོ་ཐུབ་པར་ཁས་མི་ལེན་ལ། འོན་ཀྱང་འཇིག་རྟེན་ཁམས་ཀྱི་ས་རྡོ་བྲག་རི་སོགས་ཀྱི་དངོས་པོ་ཐམས་ཅད་ནང་ཆུའི་རྡུལ་ཕྲན་དང་ཆུའི་རྡུལ་ཕྲ་རབ་ཡོད་པ་ནང་པའི་མདོ་སྔགས་གཞུང་ལུགས་ཀུན་ལས་གསུངས་ཡོད་དེ། མཛོད་ལས། འདོད་ན་གཟུགས་སོགས་ལྟ་བ་དང་། །སྒྲ་མེད་ཕྲ་རབ་རྡུལ་ཕྲན་བརྒྱད། །ཅེས་གསུངས་པ་ལྟར། སའི་རྡུལ་ཕྲ་རབ་གཅིག་གྲུབ་པ་ན། དེ་དང་ལྷན་ཅིག་ཏུ་མེའི་རྡུལ་ཕྲ་རབ་གཅིག ཆུའི་རྡུལ་ཕྲ་རབ་གཅིག རླུང་གི་རྡུལ་ཕྲ་རབ་གཅིག གཟུགས་ཀྱི་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་གཅིག དྲིའི་རྡུལ་ཕྲ་རབ་གཅིག རོའི་རྡུལ་ཕྲ་རབ་གཅིག རེག་བྱའི་རྡུལ་ཕྲ་རབ་གཅིག་སྟེ་བརྒྱད་བྱུང་བ་དང༌། དེ་བཞིན་དུ་སའི་རྡུལ་ཕྲ་རབ་གཉིས་གྲུབ་པ་ལ་རྡུལ་ཕྲ་རབ་བརྒྱད་གཉིས་བཅུ་དྲུག་དང་ལྷན་ཅིག་ཏུ་གྲུབ་པས་ཁྱབ་པ་དང༌། ཆུའི་རྡུལ་ཕྲ་རབ་སོགས་ཀྱང་གཉིས་གཉིས་ལྷན་ཅིག་ཏུ་འབྱུང་ངོ༌། །ཞེས་རྡུལ་ཕྲ་རབ་ཡན་གར་བ་དང་རྡུལ་ཕྲ་རབ་ཆ་མེད་པ་གཅིག་པུར་གནས་པ་ནི་མི་འདོད་དེ། དཔེར་ན། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་(1617-1682) མཛད་པའི་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལས། འདོད་པར་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་ཅིག་ཅར་དུ་སྐྱེ་སྟེ། དེ་སྐྱེ་བའི་ཚེ་འབྱུང་བཞིའི་རྡུལ་དང་སྒྲ་མེད་དེ་སྒྲ་མ་གཏོགས་པའི་ཕྱི་དོན་བཞི་སྟེ་བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཞེས་ལྟ་བུ་རེད།

            དེས་ན་ནང་པའི་བྱེ་མདོ་སོགས་ཀྱི་ལུགས་ལྟར་ན་ས་རྡོ་རི་བྲག་སོགས་ཀྱི་ནང་དུ་ཆུའི་རྡུལ་ཕྲན་དང་ཆུའི་རྡུལ་ཕྲ་རབ་ཡོད་པས་དེ་དག་ས་རྡོ་རི་བྲག་ལས་ཕྱིར་འདོན་གྱིས་ཆུའི་རྡུལ་ཕྲན་ཐེར་འབུམ་མང་པོ་གསོག་འཇོག་གིས་འཐུང་ཆུ་གསར་བཟོའི་ཐབས་ལམ་ཞིག་མི་སྲིད་པ་མིན་པས་དེ་ལྟར་གསར་གཏོད་བྱེད་ཐུབ་ཚེ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པའི་མི་འབོར་ས་ཡ་མང་པོའི་ཚེ་སྲོག་སྐྱོབ་ཐུབ། དེ་ལྟར་བྱུང་བར་ཐོག་མར་ས་རྡོ་རི་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་རྡུལ་ཕྲན་རྣམས་ཕྱིར་འདོན་བྱེད་ཐུབ་པའི་དེང་དུས་ཀྱི་འཕྲུལ་ཆས་གསར་གཏོད་བྱེད་དགོས།

            དེང་དུས་ཚན་རིག་པས་འཐུང་ཆུ་ནི་H2Oཞེས་པའི་རྡུལ་ཕྲན་ས་ཡ་འདུས་པ་ལས་གྲུབ་པར་སྨྲ་བ་དང་། H2ཧཱེ་ཌོ་ཇན་གཉིས་ཞེས་པ་ནི་Hydrogen ཧཱེ་ཌོ་ཇན་གྱི་རྡུལ་གཉིས་དང་ (O) ཨོ་ཞེས་པ་ནི་ Oxygen ཨོཀ་སི་ཇན་ཞེས་པའི་རྡུལ་ལ་གོ་དགོས། ཧཱེ་ཌོ་ཇན་Hydrogen ཞེས་པའི་རྡུལ་ཕྲན་ནི་ཨེ་ལེཀ་ཏྲོན་ (Electron) དང༌། ཕོ་རྡུལ་དང་ (Proton)ཞེས་པའི་རྡུལ་ཕྲ་རབ་རེ་རེ་འདུས་པ་ལས་གྲུབ་པར་འདོད།  ཨོཀ་སི་ཇན་ (Oxygen)ཞེས་པའི་རྡུལ་ཕྲན་ནི་ཨེ་ལེཀ་ཏྲོན་བརྒྱད་ (Electron) དང༌། ཕོ་རྡུལ་བརྒྱད་དང་། ཎུ་ཀྲོན་(Neutron) བརྒྱད་ལས་འདུས་པར་གྲུབ་པར་འདོད། འོན་ཀྱང་ Oxygen དང་ Hydrogen ཞེས་པའི་རྡུལ་ཕྲན་དང་དེ་གཉིས་ཀྱིས་གྲུབ་གཞིའི་རྡུལ་ཕྲ་རབ་དེ་རྣམས་ད་ལྟའི་དུས་ཚན་རིག་པས་ལག་རྩལ་གྱིས་སྔོན་མེད་གསར་དུ་བཟོ་ཐུབ་པར་ཁས་ལེན་བྱེད་ཀྱི་མེད་ཀྱང་མ་འོངས་པར་ཚན་རིག་གི་ལག་རྩལ་གོང་མཐོར་ཕྱིན་པ་དང་ཆབས་ཅིག་གསར་བཟོ་བྱེད་ཐུབ་པའི་དུས་ཤིག་ཤར་ཚེ་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་ལེགས་ཤོས་སུ་གྱུར་ངེས་རེད་སྙམ།            དེས་ན་ནང་པའི་གཞུང་ལུགས་དང་དེང་རབས་ཚན་རིག་པ་གཉིས་ཀས་ཆུའི་གྲུབ་གཞི་མཐར་ཐུག་ཏུ་གྱུར་པའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་རྣམས་གསར་བཟོ་བྱེད་ཐུབ་པར་ཁས་མི་ལེན་ཡང་ཁོང་གཉིས་ཀྱིས་བྱེ་མའི་གསེབ་ནས་གསེར་འཚག་པའམ་ཕྱིར་འདོན་བྱེད་པའི་དཔེ་ལྟར་ས་རྡོ་རི་བྲག་སོགས་ཀྱི་ནང་དུ་ཡོད་པའི་ཆུའི་གྲུབ་གཞིའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་རྣམས་ཕྱིར་འདོན་གྱིས་འཐུང་ཆུ་བཟོ་ཐུབ་པའི་གསར་བརྗེའི་ལམ་བུ་ཞིག་རིང་མིན་གཏོད་ཐུབ་སྙམ། གལ་ཏེ་དེ་ལྟར་བྱུང་ཚེ་འཛམ་གླིང་འདིའི་སྐྱེ་འགྲོ་ཡོད་དོ་ཅོག་ལ་ད་སྔ་ཕུལ་མ་མྱོང་བའི་ལེགས་སྐྱེས་ཆེ་ཤོས་དང་། དེ་བཞིན་འགྲོ་བ་ཀུན་ལ་གཅིག་མཚུངས་ཀྱི་དགོས་མཁོ་ཆེ་ཤོས་ཤིག་ཏུ་གྱུར་པར་གདོན་མི་ཟའོ། །

༦༽  འཐུང་ཆུ་ཚར་ན་་འཛམ་གླིང་ཧྲིལ་པོའི་སྲོག་འཕྲོག་ངེས་ཡིན།

        གོ་ལ་ཧྲིལ་པོ་འདིའི་མཚོ་དང་གཙང་པོ་དག་སྐམ་པའི་དཀའ་ངལ་སེལ་བའི་ཐབས་ལམ་དང་སྐམ་རྐྱེན་རྣམས་ཞིབ་འཇུག་གིས་འགོག་པའི་ཐབས་ཤེས་མ་བཙལ་ན། ཕྱོགས་གཅིག་ནས་ལོ་རེ་བཞིན་འཛམ་གླིང་གི་འཐུང་ཆུའི་དཀའ་ངལ་ཇེ་ཆེར་དང་། ཕྱོགས་གཞན་ནས་འཛམ་གླིང་འདིར་ལོ་རེ་ནས་མི་འབོར་ཇེ་མང་དང་། དེ་བཞིན་འཐུང་ཆུ་མཁོ་བའི་དུད་འགྲོའི་རིགས་ཀྱང་ཇེ་མང་ཡིན་པས་ཡུན་རིང་མི་འགོར་བར་འཇིག་རྟེན་འདིར་དེ་སྔོན་བྱུང་མྱོང་མེད་པའི་འཛམ་གླིང་ཧྲིལ་པོ་ཡོངས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཞིག་འོང་ངེས་ཡིན། འཛམ་གླིང་སྲུང་སྐྱོབ་ཚོགས་པས་(World Preservation)བཏོན་པའི་སྙན་ཐོའི་ནང་ཕྱི་ལོ་ ༢༠༢༥ ནང་ཚུད་འཛམ་གླིང་གི་མི་འབོར་སུམ་ཆ་གཉིས་ལ་འཐུང་ཆུའི་དཀའ་ངལ་འཕྲད་ངེས་ཡིན་པའི་སྡོམ་ཚིག་བྱས་འདུག[19]  མདོར་ན་འཐུང་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་གཉིས་ཏེ། དགག་ཕྱོགས་ནས་སྲིད་པའི་གངས་རི་དང་གཙང་པོ་རྣམས་སྐམ་པའི་རྒྱུ་རྐྱེན་གཙོ་བོ་རྣམས་ཤེས་ཐོག་ཆུང་བ་སྐྱེས་བུ་སྒེར་ནས་བཟུང་ཆེ་བ་རྒྱལ་ཁབ་ཡན་ཆད་ཀྱིས་འགོག་ཐབས་ལ་འབད་རྒྱུ།  སྒྲུབ་ཕྱོགས་ནས་འཐུང་ཆུ་གསར་བཟོའི་ལས་གཞི་གསར་གཏོད་བྱེད་རྒྱུ་དེ་གཉིས་ཡིན། གལ་ཏེ་འཛམ་གླིང་དམག་འཁྲུག་གསུམ་པ་བྱུང་ཡང་ཉིན་བདུན་རིང་འཇིག་རྟེན་ཡོངས་འཆི་གསོན་གྱི་མཐར་སྐྱེལ་མི་ཐུབ་ཀྱང་གོ་ལ་ཧྲིལ་པོ་འདིར་འཐུང་ཆུ་དཀའ་ངལ་འཕྲད་ནས་ཉིན་བདུན་སོང་རྗེས་མི་འབོར་དུང་ཕྱུར་བདུན་ཅུས་གཙོས་འགྲོ་བ་མང་དག་ཅིག་ཕྱི་མའི་ལྔ་ལམ་དུ་འཕེན་ངེས་ཡིན་པས་འཐུང་ཆུའི་དཀའ་ངལ་བསམ་ཚེ་དམག་འཁྲུག་གི་འཇིགས་སྣང་ལས་ལྡབ་གྱུར་གྱི་ཆེ་བས་ད་ལྟ་ནས་ང་ཚོས་འཐུང་ཆུའི་གལ་ཆེན་གྱི་རང་བཞིན་དང་། གོ་ལ་ཧྲིལ་པོ་འདིར་འཐུང་ཆུ་ཇི་ཙམ་ཡོད་མེད། ལོ་བསྟར་ཉམས་རྒུད་ཇི་ཙམ་འགྲོ་བཞིན་ཡོད་མེད་དང་དེའི་རྒྱུ་རྐྱེན། འཐུང་ཆུ་གསར་བཟོའི་ཚན་རིག་ལག་རྩལ་གསར་གཏོད་གང་མགྱོགས་སྤེལ་དགོས། གལ་ཏེ་དེ་ལྟར་མ་བྱུང་ནའང་འཐུང་ཆུའི་སྲུང་སྐྱོབ་ཀྱི་ལས་གཞི་དང་བསམ་གཞིག་བྱེད་དགོས་པ་ནི་འཐུང་ཆུ་ལ་བརྟེན་པའི་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་འགྲོ་ཀུན་ལ་འབབ་པའི་ལས་འགན་ལྡོག་ཏུ་མེད་པ་དེ་ཡིན། 

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་ལ་དྭགས་ཆུ་མང་ཐང་དུ་བཞུར་བཞིན་པའི་སེངྒེ་གཙང་པོའི་འགྲམ་ནས་སྐྱོ་སྣང་དང་བཅས་༢༠༡༧ ལོའི་ཟླ་ ༨ ཚེས་ ༢༢ ཉིན་མཇུག་བསྡུས།

 

[1]                  www. independent.co.uk

[2]                  www.wwf.panda.org.freshwater

[3]                  www. independent.co.uk

[4]                  climatechangenews.com

[5]                  www.mnn.com

[6]                  claudearpi.blogspot.com/2009/12/rivers-flowing-in-kokonor-lake-drying.html

[7]                  chinatibet.people.com.cn

[8]                  www.http://en.m.wikipedia.org>wiki>list of drying lakes

[9]                  wwf.panda.org/10 rivers at risk/

[10]                www.wwf.panda.org.freshwater

[11]                http://www.cbsnews.com>new>carbon dioxidea

[12]                www.dailymail.co.uk

[13]                www.timeforchange.org>personal growth

[14]                https://phys.org › Earth › Environment

[15]                www.terradaily.com/reports/Pollution_turning_Chinas_Yangtze_river_cancerous.html

[16]                wwf.panda.org/10 rivers at risk/ 

[17]                www.independent.co.uk>Here comes ther rain again>

[18]          www. independent.co.uk

[19]          www.worldpreservationfoundatiion.org/watersecurity

 

ཚེ་སྲོག་གི་སྐྱེད་མ་མཐོ་སྒང་གི་ཆུ་བོ།

སེར་ཤུལ་རིན་ཆེན་དོན་གྲུབ།

 

ཆུ་ཡི་ངོ་བོ་དང་བྱེད་ལས།

ཆུ་ནི་རླན་གཤེར་དང་བཞུར་བའི་རང་བཞིན་ཡིན་ལ།  མཚམས་རེར་མཁྲེགས་གཟུགས་སམ་སྲ་གཟུགས་སུའང་འགྱུར་ཏེ་འཁྱགས་རོམ་སོགས་སུ་གནས་པ་དང་།  དབུགས་གཟུགས་སམ་རླང་གཟུགས་སུའང་འགྱུར་བ་ཡིན།  ཆུ་ནི་ཚེ་སྲོག་ཡོད་དོ་ཅོག་གི་རྟེན་གཞི་དང་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཐོན་ཁུངས་ཀྱང་ཡིན།

ནང་བའི་གཞུང་ལུགས་ལས་བཤད་ན་གཟུགས་ཅན་གྱི་དངོས་པོ་ཡོད་དོ་ཅོག་ཆུ་རྡུལ་ལས་མ་གྲུབ་པ་མེད་ལ། ཚན་རིག་པ་གྲགས་ཅན་ཨེ་རི་སི་ཌོ་ཌལ་ལྟ་བུས་ཀྱང་ཆུ་རྡུལ་ནི་བེམ་གཟུགས་ཀྱི་རྩ་བའི་རྫས་སུ་བཤད་ཡོད།  བོད་ཀྱི་རྒྱལ་རབས་དག་ནའང་རླུང་དང་ཆུ་ཡི་དཀྱིལ་འཁོར་སོགས་ཀྱིས་འཇིག་རྟེན་གྲུབ་པར་བཤད། ས་ཡི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆ་བདུན་ཅུ་ཆུས་ཁེངས་ཡོད། ཆུ་མེད་པར་སྲོག་ཆགས་གང་ཡང་འཚོ་མི་ཐུབ་ལ། འབྲས་བུས་ལྕི་བའི་ཤིང་སྡོང་དང་། མཛེས་པར་བཞད་པའི་མེ་ཏོག  དགོས་མཁོའི་སྲོག་རླུང་སྦྱིན་པའི་ལྗང་མདོག་གི་རྩི་ཤིང་། རོ་ཡི་བྲོ་བ་མངར་བའི་ཤིང་འབྲས་སོགས་ཡོད་ཚད་ཆུ་ཡིས་སྐྱེད་ཅིང་ཆུ་ཡིས་གསོ།  དེ་བས་ཆུ་ནི་མེད་ཐབས་མེད་ཀྱང་དགོས་མཁོ་ཆེ་བའི་གོ་ལའི་དངོས་པོ་གཅིག་པུ་དེ་ཡིན་ཞེས་བརྗོད་ཆོག

མ་གཞི་ཆུ་ཡིས་སའི་གོ་ལའི་བརྒྱ་ཆ་བདུན་ཅུ་ཟིན་ཡོད་པས་ཅི་འདོད་དུ་བེད་སྤྱད་ཅིང་།  ལྡེང་ངེས་སུ་མཆིས་སེམས་ན་དེ་ནི་ཆེས་ནོར་འཁྲུལ་ཞིག་ཡིན། ཚེ་སྲོག་སྤྱི་དང་ཁྱད་པར་དུ་མིའི་རིགས་ཀྱི་ཚེ་སྲོག་གསོ་བའི་ཆུ་ནི་དེ་དག་ལས་ཧ་ཅང་གི་ཉུང་ཉུང་ཞིག་ལས་མེད་སྟེ། སའི་གོ་ལས་ངོས་ཀྱི་ཆུའི་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ནི་ཚྭ་ཆུ་ཡིན་པས་འཐུང་ཆུར་མི་རུང་། དེ་བས་འཐུང་ཆུར་རུང་བ་ནི་བརྒྱ་ཆ་གཉིས་ཙམ་ཡིན། དེ་ལྟ་བུའི་དངས་གཙང་གི་ཆུ་དེ་ཡིས་ལུས་ཕུང་གསོ། ཚེ་སྲོག་སྐྱེད།  སྐོམ་པ་སེལ། ལྗོན་ཤིང་བསྐྲུན། ཚ་གདུང་སེལ། མཚར་སྡུག་ལྡན་པའི་ལྡུམ་ར་བཞད་པར་བྱས། དངུལ་ནག་དང་དྲི་མ་འཁྲུད་པར་བྱེད། མཚོ་གླང་དང་། ཉ་རིགས། ཆུ་སྲིན་སོགས་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན། ས་ཞིང་འདེབས་ལས་དང་བཟོ་ལས་ཚན་རྩལ་ཡང་ཆུ་ལ་བརྟེན་པས་མདོར་ན་འཐུང་ཆུར་རུང་ཞིང་དུག་ཆུར་མ་གྱུར་པའི་ཆུ་ནི་མེད་ན་དེས་ཕོངས་ཀྱི་ཅ་དངོས་རིན་ཐང་སྟོང་གིས་གཞལ་དུ་མེད་པ་ཞིག་གོ།

དེང་གི་འཛམ་གླིང་ལ་ཆུའི་དགོས་མཁོ།

གལ་ཏེ་འགྲོ་བ་མི་རྣམས་ཀྱིས་འདོད་རྔམ་གྱི་རྟ་ཁ་ཅུང་ཙམ་འཐེན་ནས་དགོས་མཁོ་དང་འཚམ་པ་ཞིག་གིས་ཆུ་ལ་ལོངས་སུ་སྤྱད་ཡོད་ཚེ་སའི་གོ་ལའི་སྙིང་ཁྲག་དྭངས་བསིལ་གྱི་ཆུ་བོ་དག་གིས་ང་ཚོར་ལྡེང་ངེས་ཀྱི་ཚད་གཞི་ལོན་ཡོད་ངེས།  འོན་ཀྱང་། འགྲོ་བ་མི་དག་ནི་དེ་ལས་ལྡོག་སྟེ། གནས་སྐབས་ཀྱི་དགོས་མཁོ་ཞིག་གི་དོན་དུ་མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་བསམ་བློ་ཅི་ཡང་མི་གཏོང་བར།  ཆུ་ཆེན་བཅད། ཆུ་ཆུང་དྲངས།  དུག་རླུང་བཏང་།  སྦགས་བཙོག་བཟོས།  བྱ་སྤྱོད་འདི་དག་གིས་གོ་ལར་ཚ་དྲོད་རྒྱས། ཆུ་བོ་དག་གི་འབྱུང་ཁུངས་འཁྱགས་རོམ་བཞུར། ཆུ་ཆུང་སྐམ། ཤུལ་དུ་ལྷག་པའི་ཆུ་བོ་དག་ནི་རྫས་ངན་སྦགས་བཙོག་གིས་ལྷད།  དེ་དང་དེ་དག་གིས་ད་གཟོད་རང་བྱུང་གི་ཞིམ་མངར་ལྡན་པའི་ཆུ་བོ་དག་དཀོན་ནས་དཀོན་དུ་སོང་སྟེ་ཆུ་གཙང་མ་ཉོ་དགོས་པའི་གནས་སྟངས་ལ་སླེབས་ཟིན།

ད་ལྟའི་སྐབས་ལ་མི་རྣམས་ཀྱིས་འཛམ་གླིང་གི་ཆུ་གཙང་མ་བརྒྱ་ཆ་ ༥༥ བེད་སྤྱད་ཟིན་ཟིན་ལ། མི་འབོར་ཡང་མུ་མཐུད་འཕར་བཞིན་ཡོད་པས་ཆུ་གཙང་མའི་ཐོན་ཁུངས་ལ་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་གསལ་དུ་གྱུར་ཡོད།  དེང་སང་འཛམ་གླིང་ནང་གི་གྲོང་གསེབ་ཀྱི་བརྒྱ་ཆ་ ༧༥ དང་གྲོང་ཁྱེར་གྱི་བརྒྱ་ཆ་ ༢༠ ཐམ་པ་ལ་ཆུ་གཙང་མ་ཐོབ་ཀྱི་མེད་ལ། ས་ཁུལ་མང་ཆེ་བའི་ཉེར་མཁོའི་ཆུ་དེ་དག་ཀྱང་དུག་ཤེད་ཅན་གྱི་རྫས་སྦྱོར་རིགས་ཀྱིས་བཙོག་པ་བཟོ་བཞིན་ཡོད་ཅིང༌།  ཆུ་བརྒྱུད་ནས་ཡོང་བའི་ན་ཚའི་རིགས་ཀྱིས་འགྲོ་བ་མིའི་སུམ་ཆ་གཅིག་གི་ལུས་ཀྱི་ནུས་སྟོབས་འཇོམས་ཀྱི་ཡོད་པ་དང༌། དེས་རྐྱེན་པས་ལོ་རེར་མི་ས་ཡ་བཅུ་ཙམ་འཆི་ལམ་དུ་འགྲོ་བཞིན་ཡོད་པའི་སྙན་ཐོ་ཐོན་ཡོད།[1]  དེའི་ཕྱིར་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་མཁན་གྱི་དཔྱོད་ལྡན་པ་མང་པོ་ཞིག་ལ་མ་འོངས་པར་འཛམ་གླིང་འདིར་ཆུས་མི་ལྡེང་བའི་དཀའ་ངལ་ཆེན་པོ་ཞིག་ལ་འཕྲད་སྲིད་པའི་སེམས་ཁྲལ་ལངས་བཞིན་ཡོད།  གྲགས་ཅན་ཚན་རིག་པ་དང་། རྒྱལ་ཁབ་སོ་སོའི་དཔོན་པོ།  དེ་བཞིན་ཤེས་ཡོན་པ་སོགས་མང་པོ་ཞིག་གིས་ “སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་སོགས་ཀྱི་སྐོར་ལ་ཚོགས་འདུ་རིམ་པར་ཚོགས་ཡོད་པ་སྟེ།  དཔེར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་(COP) ལྟ་བུ། ཚོགས་འདུའི་སྐབས་སུ་ཡང་ཆུ་དང་ཁོར་ཡུག་གི་གལ་ཆེའི་རང་བཞིན་དཔྱད་གླེང་དང་། དེ་དག་སྲུང་སྐྱོབ་ཀྱི་གྲོས་ཆོད་རིམ་པར་བཞག་དང་འཇོག་བཞིན་པ་དེ་དག་གིས་ཀྱང་ཆུ་སྲུང་སྐྱོབ་དགོས་པའི་དུས་ལ་བབ་ཡོད་པའི་བརྡ་ལན་ཞིག་འཛམ་གླིང་ལ་བསྒྲགས་པ་ཡིན། འགྲོ་བ་མི་ཞིག་ལ་མཚོན་ན་ཡང་ལུས་པོའི་བརྒྱ་ཆ་བདུན་ཅུ་ཆུ་ཡིན་ཞིང་། ཆུ་མེད་པར་ཉིན་གསུམ་ལས་འཚོ་མི་ཐུབ་པར་བཤད། དེང་སྐབས་མི་འབོར་འཕེལ་རྒྱས་ཆེ་རུ་ཕྱིན་པ་དང་བསྟུན་མི་རྣམས་ལ་ཞིང་ལས་དང་། བཟོ་གྲྭ། གློག་ཁང་སོགས་ཀྱི་ཆེད་དུ་ཆུ་ནི་དེ་ལས་ཀྱང་དགོས་མཁོ་ཆེ་རུ་ཕྱིན་ཡོད། གང་ལྟར་ཆུ་ནི་ཚེ་སྲོག་གི་ཉིང་ཁུ། འཚོ་བའི་རྟེན་གཞི།  རླབས་ཆེན་གྱི་སྐྱེད་མ་ཞིག་དང་མཚུངས་པས་ཆུ་མེད་པར་སྐྱེ་དངོས་གང་ཡང་གསོན་ཐབས་བྲལ།

 

[1] བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

བོད་ཀྱི་ཆུ་དང་འཛམ་གླིང་གི་འབྲེལ་བ།

དེ་ཡང་བོད་གངས་ཅན་གྱི་ཁོར་ཡུག་ནི། ཇི་སྐད་དུ། “གནམ་གྱི་ནི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ། རི་མཐོ། ས་གཙང་། ཡུལ་བཟང། མི་མཛངས་ཤིང་དཔའ་ཏུ་སྐྱེས།”[1] ཞེས་པ་ལྟར་ཆུ་བོ་གཙང་མ་ཀུན་གྱི་མགོ་དང་ཐོན་ཁོངས་ཆེ་ཤོས་སུ་གྱུར་ཡོད། དེ་ལྟ་བུའི་ཁོར་ཡུག་དེ་ངོ་སྤྲོད་མདོར་ཙམ་བྱེད་ན། བོད་གངས་ཅན་ལྗོངས་ཀྱི་སྤྱིའི་ས་ཁྱོན་ནི། སྤྱི་ལེ་ [km] གྲུ་བཞི་མ་ ༢༨༠༠༠༠༠[km2] ལྷག་ཡོད། དེང་སང་གི་འཛམ་གླིང་ས་ཁྲའི་དབང་དུ་བྱས་ན། རྒྱ་གར་འཕགས་པའི་ཡུལ་དང་། བལ་ཡུལ། འབྲུག་ཡུལ་སོགས་ཀྱི་བྱང་ཕྱོགས་དང་། པ་ཀི་སི་ཐན་དང་། ཨ་ཧྥི་གྷ་ནི་སི་ཐན་སོགས་ཀྱི་ཤར། ཤར་ཏུར་ཀི་སི་ཐན་ཏེ་ཤིན་ཅང་། ཧོར་སོག་གི་ལྷོ། རྒྱ་ནག་གི་ནུབ་ཏུ་གནས་ཡོད། བོད་ཀྱི་ས་ཁྱོན་ཕལ་མོ་ཆེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་བརྩིས་པའི་སྤྱི་ཁྲེ་ ༡༣༠༠༠ [m]སར་ཆགས་ཤིང་། འཛམ་གླིང་གི་རི་བོ་གྲགས་ཅན་གངས་དཀར་ཏེ་སེ་དང་། ཆུ་བོ་གྲགས་ཅན་རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ། སྟོད་ཕྱོགས་ཀྱི་བོང་ཆུ། བྱང་རིགས་སྡེ་བཞི་ནས་འབབ་པའི་ནག་ཆུ་དང་སོག་ཆུ་གཉིས་འདྲེས་པའི་རྒྱལ་མོ་རྔུལ་ཆུ། ནང་ཆེན་འབྲོང་བ་སྟོད་སྨད་དང་དགེ་རྒྱས་སྟོད་སྨད་བར་གསུམ་ནས་འབབ་པའི་རྫ་ཆུ་དང་། ངོམ་ཆུ་གཉིས་འདྲེས་པའི་གླ་ཆུའམ་ཟླ་ཆུ། གདང་ལ་རི་རྒྱུད་ནས་འབབ་ཅིང་རྒྱ་ནག་ནང་ཁུལ་གྱི་ཆུ་ཆེན་ཨང་དང་པོར་བརྩི་བའི་འབྲི་ཆུ་སོགས་རྒྱུག་ཆུ་ཧ་ཅང་མང་པོ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ལྔ་སྟོང་ལྷག་གི་ས་ཆར་འཁྱགས་རོམ་ ༤༧༠༠༠ ལྷག་གིས་ཁྱབ་ཅིང་། འཛམ་གླིང་ཐོག་གི་འཁྱགས་རོམ་མང་ཤོས་ཀྱི་གནས་སུ་གྱུར།[2]

གོང་དུ་སྨོས་པའི་ཆུ་ཆེན་དང་། འཁྱགས་རོམ་དེ་དག་གིས་རྒྱལ་ཁབ་བཅུ་གཉིས་ལྷག་གི་མི་གྲངས་དུང་ཕྱུར ༡་༣  ལྷག་གི་འཚོ་གནས་དང་། ཐོན་སྐྱེད་ལ་ཕན་ཐོགས་སྐྲུན་བཞིན་ཡོད།

འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་གི་འཁྱགས་རོམ་ཧ་ཅང་མང་པོ་དང་། སྤྱིར་བཏང་གི་གངས་སོགས་བཞུར་བ་ལས། མི་ས་ཡ་ ༢༡༠ ལ་འཐུང་ཆུ་དང་། གློག ཞིང་ཁར་ཆུ་འདྲེན་རྒྱུ་སོགས་ལ་ཐད་ཀར་ཕན་ཐོགས་ཡོད་པའི་ཨེ་ཤ་ཡའི་ཆུ་བོ་ཆེ་ཤོས་བཅུའི་ཆུ་མགོ་ཆགས་ཀྱི་ཡོད་པ་དང་། ལུང་ཤོང་གི་ཆུ་དེ་དག་གིས་མི་དུང་ཕྱུར་ ༡. ལས་མང་བར་ཤུགས་ནས་ཕན་ཐོགས་ཡོང་གི་ཡོད།[3] འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ལ་ཉེ་བ་ཞིག་བོད་མཐོ་སྒང་ནས་འབབ་བཞིན་པའི་ཆུའི་ཐོན་ཁུངས་ལ་བརྟེན་ཡོད། སྤྱི་ལོ་ ༢༠༠༣ ལོའི་སྙན་ཐོའི་ནང་ཚོད་རྩིས་བྱས་པ་ལྟར་ན། བོད་མཐོ་སྒང་ནས་འབབ་པའི་ཨེ་ཤ་ཡའི་ཆུ་ཆེན་ཁག་དང་དེ་དག་གི་བཞུར་བརྒྱུད་ས་ཁུལ་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་ལྔ་དང་བཞི་འབུམ་བདུན་ཁྲི་ ༥,༤༧༧ ,༧༠༠ བརྒལ་གྱི་ཡོད་པ་བཤད་ཡོད་པ་འདིས་གོ་ལ་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་ ༣ ཟིན་གྱི་ཡོད།

ད་དུང་ཅུང་ཙམ་རྒྱས་པར་བཤད་ན། གངས་རི་དང་འཁྱགས་རོམ་རྣམས་ཀྱིས་བོད་འདི་ཨེ་ཤ་ཡའི་ཆུའི་དགོས་མཁོ་སྐྲུན་མཁན་གྱི་གཙང་ཆེན་བཞིའི་འབྱུང་ཁུངས་ཡིན། དཔེར་ན་དབྱར་དུས་གངྒའི་ཆུའི་བརྒྱ་ཆ་ ༧༠ ཙམ་དང་། གཙང་ཆུ་གཞན་གྱི་ཆུའི་བརྒྱ་ཆ་ ༥༠ ནས་ ༦༠ ཙམ་ཞིག་རི་རྒྱུད་འདི་དག་ནས་འབབ་བཞིན་ཡོད། འབྲི་ཆུས་རྒྱ་ནག་གི་འཐུང་ཆུའི་ཐོན་ཁུངས་བརྒྱ་ཆ་ ༤༠ ཟིན་གྱི་ཡོད། ད་དུང་འབྲས་ཀྱི་ཐོན་ཁུངས་བརྒྱ་ཆ་ ༧༠ ལྷག་དང་། འབྲུ་རིགས་ཐོན་ཁུངས་ཀྱི་བརྒྱ་ཆ་ ༥༠། དེ་བཞིན་ཉ་ཚོང་ཐོན་ཁུངས་ཀྱི་བརྒྱ་ཆ་ ༧༠ ལྷག་དང་། རྒྱ་ནག་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་(GDP) གྱི་བརྒྱ་ཆ་ ༤༠ འབྲི་ཆུར་བརྟེན་གྱི་ཡོད། བོད་མཐོ་སྒང་གིས་པ་ཀི་སི་ཏཱན་ (Pakistan) གྱི་བྱེ་ཐང་དང་། རྒྱ་གར། ཝེད་ནམ་ (Vietnam) ལྷོ་ཕྱོགས་ཀྱི་འབྲས་ཞིང་བར་གྱི་ས་ཁུལ་ཁག་དང་། ཁམ་བྷོ་ཌི་ཡའི་ (Cambodia) ཏོན་ལེ་སེབ་(Tonlesap Lake) མཚོ་ཆེན་ནས་རྒྱ་ནག་བྱང་ཕྱོགས་ཀྱི་རྒྱ་ཁབ་བར་གྱི་ཨེ་ཤ་ཡའི་ས་ཁུལ་ཁག་ལ་ཆུའི་དགོས་མཁོ་བསྐྲུན་གྱི་ཡོད། ཡར་ཀླུང་གཙང་པོའམ་བྲཧ་མ་པུཏྲ་(Brahmaputra)ཞེས་པའི་གཙང་ཆུ་འདི་ཉིད་ཀྱི་ཆུ་བོའི་རྒྱུག་ལམ་ནི་བོད་ཀྱི་གངས་དཀར་ཏི་སེ་ནས་མགོ་བརྩམས་ཏེ་འབྲུག་ཡུལ་དུ་ཁྱོན་བརྒྱ་ཆ་ ༧ བྷང་ལ་དེ་ཤ་ (Bangladesh) ལ་ཁྱོན་བརྒྱ་ཆ་ ༨.༡། རྒྱ་གར་དུ་ཁྱོན་བརྒྱ་ཆ་ ༣༣ .༦། བོད་དུ་ཁྱོན་བརྒྱ་ཆ་ ༥༠.༥ བརྒྱུད་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་[km2]དྲུག་འབུམ་ལྔ་ཁྲི་ལྷག (༦༥༡ ,༣༣༥ )གི་ས་གནས་སུ་ཆ་སྙོམ་སྐར་ཆ་རེར་ཆུའི་འབབ་ཚད་མི་ཊར་[m]ཤོ་གཟུགས་མ་ ༢༠,༠༠༠ [m3] ཙམ་བཞུར་གྱིན་ཡོད། གཙང་ཆུ་འདི་དག་གི་བཞུར་བརྒྱུད་ས་ཁུལ་དུ་འཚོ་སྡོད་བྱེད་པའི་མི་འབོར་དེ་དག་ཙམ་མིན་པར་ས་ཁུལ་གཞན་དག་ཏུ་འཚོ་སྡོད་བྱེད་པའི་མི་འབོར་དུང་ཕྱུར་མང་པོ་བོད་མཐོ་སྒང་ནས་དྲངས་པའི་དབྱར་ཁའི་ཆར་སྤྲིན་ལ་བརྟེན་གྱི་ཡོད། འཛམ་གླིང་སྤྱིའི་རི་སྐྱེས་སྲོག་ཆགས་ཐེབས་རྩས་བརྗོད་པ་ལྟར་ན། བོད་མཐོ་སྒང་གི་རྩྭ་ཐང་ནི་འཛམ་གླིང་ཐོག་མི་མེད་ལུང་སྟོང་གི་སྐམ་ས་གཞི་རྒྱ་ཆེ་ཤོས་ཤིག་དང་། ཡུ་རོ་ཨེ་ཤ་ཡའི་ནང་གི་ལྷད་མེད་དྭངས་གཙང་གི་རི་རྒྱུད་རྩ་ཐང་རྒྱ་ཆེ་ཤོས་དེ་ཡིན།[4]

 

[1] དབྱིན་ཇི་དང་། ཧྤ་རན་སའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་ཡིག་རྙིང་ལས་བཏུས་པའི་༼བོད་བཙན་པོའི་རྒྱལ་རབས།༽ཤོག་ངོས་དང་པོ་ལས་དྲངས།  

[2] བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར། ཞེས་པའི་དཔེ་དེབ། ཤོག་ངོས་ ༣་ པ།

[3] WWF དྲ་ཐོག་ཏུ་བཀོད་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་ཉམས་ཞིབ་ཀྱི་དྲ་རྩོམ་ལས་དྲངས།

[4] འདི་དག་གི་གཞི་འཛིན་ས་ནི༼བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར།༽ ཞེས་པའི་དཔེ་དེབ་དང་། ༼རྒྱལ་སྤྱི་དང་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་དང་། ཚན་རིག་པ་སོགས་ཀྱིས་ཉམས་ཞིབ་སྙན་ཐོ་ ༡༥༠ ལྷག་ཕྱོགས་བསྡོམས་བྱས་པའི་དཔེ་དེབ། ༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།༽ ཞེས་པའི་དེབ་གཉིས་ལ་གཞི་བཅོལ་བ་ཡིན།

 

བོད་ཀྱི་ཆུའི་མ་འོངས་པ།

བོད་ཀྱི་ཆུ་ནི་མ་འོངས་པའི་འཛམ་གླིང་གི་འགྲོ་བ་མིས་མཚོན་པའི་སྲོག་ཆགས་བགྲང་དུ་མེད་པའི་ཚེ་སྲོག་དང་འབྲེལ་བ་ཡོད་པ་དང་། དེའི་ངོས་ནས་འཛམ་གླིང་མི་མང་ལ་བོད་ཀྱི་ཆུ་སྲུང་སྐྱོབ་ཀྱི་འགན་དབང་རང་ཤུགས་ཀྱིས་སླེབས་ཟིན། བོད་མི་རིགས་ཀྱི་ངོས་ནས་ཀྱང་བོད་ཀྱི་ཁོར་ཡུག་གཙིགས་འཛིན་ལ་འབད་པ་སྔར་ལས་ལྷག་པ་བྱེད་དགོས་པ་ནི་དུས་དང་ཆབ་སྲིད་གཉིས་ཀས་གཏུགས་པའི་ཐ་མའི་འབབ་སྟེགས་ལ་ཐོན་ཡོད། དེ་བས། གཤམ་དུ་བོད་ཀྱི་ཆུ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་དང་། དེ་ལྟར་བྱས་པའི་དགེ་ཕན་བཅས་ཀྱི་སྐོར་ལ་རང་གི་དྲན་འཆར་རྣམས་མདོར་བསྡུས་སུ་འགོད་པར་བྱ།

༡༽ བོད་ཀྱི་ཆུ་བོ་དང་འཁྱགས་རོམ་དག་ནི་གདོད་མ་ནས་བོད་རང་གི་ཡིན་པ་ལས་གཞན་སུ་ལའང་དབང་བ་མིན།   དེའི་ཕྱིར་རང་གི་ཁོར་ཡུག་ལ་གཏོར་གཤིག་མི་གཏོང་བར་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་པ་ནི་རང་ཉིད་ཀྱི་ཐོབ་ཐང་གི་ཆ་ཤས་ཤིག་ཡིན་པས་བོད་མི་རིགས་ལ་རང་གི་ཆུ་སྲུང་སྐྱོབ་ཀྱི་ཐོབ་ཐང་དང་འོས་བབ་གཉིས་ཀ་ཡོད།

༢༽ རྡུལ་ཕྲན་སྙིགས་རོ་ཡིས་ཆུ་ལ་སྦགས་བཙོག་བཟོ་བ་ནི་ཆུ་དུག་ཆུར་བསྒྱུར་ཅིང་།  དེས་སེམས་ཅན་གྱི་སྲོག་ལ་གཙེ་བའི་ཡ་ང་བའི་བརྒྱུད་རིམ་འཇིགས་ཡེར་བ་ཞིག་ཡིན། བརྒྱུད་རིམ་འདི་དེང་སྐབས་རྒྱ་ནག་གིས་ལག་ལེན་དུ་བསྟར་བཞིན་ཡོད། ང་ཚོས་ཅིས་ཀྱང་འདིའི་ཁེ་ཉེན་ཤེས་པར་བྱས་ནས་འདི་ལ་འགོག་རྒོལ་བྱེད་དགོས། ལས་གཞི་འདིས་མཐར་གཏུགས་ན་རྒྱ་ནག་རང་ཉིད་ཀྱང་མེད་བརླག་ཏུ་གཏོང་བཞིན་ཡོད་པ་ར་འཕྲོད་པར་བྱེད་དགོས།

༣༽ གོང་དུ་བཤད་པ་བཞིན་བོད་ཀྱི་ཆུ་ནི་མི་འབོར་དུང་ཕྱུར་བརྒལ་བ་དང་། སྐྱེ་དངོས་སྲོག་ལྡན་གྲངས་ལས་འདས་པའི་འཚོ་རྟེན་ཡིན་པས་འདི་ལ་སྦགས་བཙོག་དང་། ལྷད་སྐྱོན་གཏོང་བ་ནི་དེ་ལོངས་སུ་སྤྱོད་མཁན་གྱི་འགྲོ་བ་མི་དེ་དག་དང་། ཚེ་སྲོག་གྲངས་མེད་པ་དེ་དག་ལ་ཁྱད་གསོད་དང་བརྩི་སྲུང་དོར་བ་ཡིན། གནད་དོན་འདི་རྒྱལ་སྤྱིའི་ཐོག་གསལ་སྟོན་གྱིས་བོད་ཀྱི་ཆུ་སྲུང་སྐྱོབ་ཀྱི་རེ་ཞུ་འབུལ་དགོས། ཆེན་པོ་དག་གིས་ཀྱང་རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་ཚེ་སྲོག་ལ་འབྲེལ་བ་ཡོད་པའི་གནད་དོན་འདིར་སྣང་མེད་བྱེད་མི་སྲིད།

༤༽ བོད་ཆགས་འཇིག་དང་བོད་ཀྱི་ཆུ་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པ་དང་།  འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤ་ཡའི་ཆུ་མཛོད་ཆེན་མོར་འབོད་པའི་བོད་ཉམས་རྒུད་དུ་སོང་ཚེ་དེའི་ཁོར་ཡུག་ཀྱང་ལེགས་པར་གནས་མི་ཐུབ།  མུ་མཐུད་ད་ལྟའི་རྒྱ་ནག་གཞུང་འཛིན་པའི་བྱེད་བབ་ལྟར་སོང་ཚེ་ནམ་ཞིག་ན་བོད་དང་དེའི་ཁོར་ཡུག་གཉིས་ཀ་ལ་ཉམས་ཉེས་ཆེན་པོ་ཡོང་ངེས་ཤིང་དེ་ནི་འཛམ་གླིང་གི་གོད་ཆགས་ཆེན་པོ་ཞིག་ཡིན་པའི་གནས་ལུགས་སྔར་ལྷག་རྒྱལ་སྤྱིར་ཡོངས་བསྒྲགས་བྱེད་དགོས། དེ་ནི་ཆབ་སྲིད་ཀྱི་ངོས་དང་། གནས་ལུགས་ཀྱི་ངོས། བདེན་པ་ཡི་ངོས་བཅས་ནས་ཧ་ཅང་གི་རན་པའི་ལམ་ཕྱོགས་ཤིག་ཡིན།

༥༽ ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་མཁན་ཞིག་ཡིན་ན་མི་རབས་རྗེས་མ་དང་། མ་འོངས་པའི་ཚེ་སྲོག་ཁྲི་མ་འབུམ་གྱི་ཆེད་དུ་སྤྱིར་ཁོར་ཡུག་དང་། ཁྱད་པར་དུ་ཆུ་བོ་དང་འཁྱགས་རོམ། དེ་ལས་ཀྱང་བོད་ཀྱི་ཆུ་བོ་དང་འཁྱགས་རོམ་སྲུང་སྐྱོབ་ཆེད་ཚད་རན་པའི་ལོངས་སྤྱོད་ལ་གཞོལ་དགོས་པ་ན་ཅིས་ཀྱང་གལ་ཆེ། འདི་ལ་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གིས་ཧ་ཅང་གི་ལམ་སྟོན་རླབས་ཆེན་ཞིག་གནང་ཡོད་པ་སྟེ“རང་བྱུང་ཁམས་ཀྱི་སྲུང་སྐྱོབ་བདག་གཉེར་དགོས་ན་ང་ཚོ་ལ་ཞི་བདེ་བག་ཕེབས་ཀྱི་ལྟ་བ་ཞིག་ངེས་པར་དུ་དགོས། ཕྱིའི་ཁོར་ཡུག་གི་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱེད་པ་འདིས་འགྲོ་བ་མིའི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོ་གིན་ཡོད། དེ་ནི་འགྲོ་བ་མིས་རང་བྱུང་སྣོད་བཅུད་ལ་བརྩི་མཐོང་མི་བྱེད་པའི་སྐྱོན་དང་། ཁོར་ཡུག་གལ་ཆེ་སྐོར་གྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཁོང་ཚོར་རང་བྱུང་གི་བཀོད་པ་དེ་ང་ཚོའི་འཕྲལ་ཕུགས་ཀྱི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཤེས་སུ་འཇུག་དགོས།”[1] ཞེས་ཡང་དག་པའི་གདམས་པ་གསེར་ནག་འདྲ་འདི་ཚོར་ངེས་པར་དུ་དོ་སྣང་གནང་འོས།

 

[1] ཁོར་ཡུག་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཞེས་པའི་ཤོས་ངོས་ ༢༣ ལས་དྲངས། 

མཇུག་བསྡུ་བ།

མདོར་བསྡུས་ན། དེང་རབས་ཅན་གྱིས་བསྙད་པའི་སྤྱི་ཚོགས་འདིར་ཁོར་ཡུག་གི་དཀའ་ངལ་ནི་དཀའ་ངལ་གསར་བ་ཞིག་ཡིན་པ་དང་། དཀའ་ངལ་འདིས་མ་འོངས་པའི་མི་རབས་ཚོ་དང་ཚེ་སྲོག་དུང་ཕྱུར་མང་པོའི་བདེ་ཐབས་དང་འབྲེལ་བ་ཡོད་པས་ད་ལྟ་ནས་ཅིས་ཀྱང་དོ་སྣང་དང་འགན་ཁུར་ལེན་དགོས། མཐོ་སྒང་གི་བོད་ཀྱི་ཆུ་བོ་དང་འཁྱགས་རོམ་དག་ཀྱང་འཛམ་གླིང་ཁོར་ཡུག་གི་ཆ་ཤས་ཆེས་གལ་ཆེན་ཞིག་ཡིན་པས་འཛམ་གླིང་མི་མང་དང་། རྒྱ་ནག  རྒྱ་གར། པ་ཀི་སི་ཐན། ཝེ་ཏི་ནམ་སོགས་བོད་ཀྱི་ཆུ་བོ་ལོངས་སུ་སྤྱོད་མཁན་སུས་ཀྱང་དོ་ཁུར་དང་སྲུང་སྐྱོབ་ལ་རོགས་འདེགས་བྱེད་པའི་རེ་སྐུལ་ཞུ་བཞིན་ཡོད་ལ། རྩོམ་ཡིག་འདིའི་དམིགས་ཡུལ་ཡང་བོད་ཀྱི་ཆུ་དང་འཁྱགས་རོམ་གྱི་གལ་ཆེའི་རང་བཞིན་གྱི་ཤེས་བྱ་གོང་འཕེལ་དུ་གཏོང་རྒྱུ་དང་། བོད་ཀྱི་ཆུ་བོ་སྲུང་སྐྱོབ་ཀྱི་ཕྱོགས་ལ་བསམ་བློའི་ནུས་པ་ཅུང་ཙམ་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན།  མཇུག་ཏུ་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་གསུང་ཞིག་གིས་རྩོམ་ཡིག་འདིའི་མཇུག་གི་ཤིས་པ་བརྗོད་པར་བྱ་སྟེ། “འཛམ་གླིང་གི་སྣོད་བཅུད་ལ་གཅེས་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་མིའི་ཀུན་སྤྱོད་ཀྱི་གནད་དོན་ཙམ་མ་ཡིན་པར། དེ་ནི་ང་རང་ཚོའི་འཚོ་གནས་ལ་རག་ལས་པའི་གནད་དོན་ཆེན་པོ་ཞིག་ཡིན་པས། ད་ལྟའི་མི་ཐོག་འདི་ཙམ་དུ་མ་ཟད། རྗེས་ཀྱི་མི་རབས་མི་ཐོག་རྣམས་ལའང་འཇིག་ཉེན་ཡོད་པའི་རྐྱེན་ངན་འདི་ཚོར་ཁ་གཏད་གདོང་ལེན་ཇི་ལྟར་བྱེད་པའི་ཐད་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་ཡིན།”[1]

[1] ཁོར་ཡུག་སྐོར་སྩལ་བའི་བླང་དོར་ལམ་སྟོན། ཞེས་པའི་ཤོས་ངོས་ ༦༣ ལས་དྲངས། 

དཔྱད་གཞིའི་ཡིག་རིགས།
  1. སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་ཌཱུར་སྔོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  2. ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོ་ཞལ་ལུང་།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
  3. གོ་འཇོ་དབང་འདུས་ཀྱིས་མཛད་པའི་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། མི་རིགས་དཔེ་སྐྲུན་ཁང་།
  4. བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་།
  5. གཡུ་ཐོག་པས་མཛད་པའི་གསོ་རིག་རྒྱུད་བཞི། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  6. སོག་པོ་ལུང་རིག་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། མི་རིག་དཔེ་སྐྲུན་ཁང་།
  7. སྐྱེམ་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
  8. བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད། བཛྲ་ཚུལ་ཁྲིམས་རྒྱ་མཚོས་མཛད།
  9. ཀུན་བཟང་རང་གྲོལ་ལགས་ཀྱི་བརྩམས་པའི་གསོ་རིག་དང་འབྲེལ་བའི་ཆུ་ཡི་རིགས་དག་གི་ཕན་ནུས་ལ་ཕྱོགས་ཙམ་དཔྱད་པའི་གཏམ།
  10. བཀོལ་བདེའི་ཟས་སྨན་ལག་ལེན་གསལ་བའི་མེ་ལོང་།
  11. གསང་སྙིང་།
  12. དག་པ་གསེར་གྱི་མདོ།

[ ] རྟགས་འདིའི་ནང་གི་མཆན་རྣམས་རྩོམ་སྒྲིག་པས་བཀོད་པ་ཡིན།

བོད་མཐོ་སྒང་གི་འབབ་ཆུ་དང་ཨེ་ཤ་ཡའི་ཚེ་སྲོག་གི་འབྲེལ་བ་གླེང་བ།

བོད་མཐོ་སྒང་གི་འབབ་ཆུ་དང་ཨེ་ཤ་ཡའི་ཚེ་སྲོག་གི་འབྲེལ་བ་གླེང་བ།

 

ཐུབ་བསྟན་དབང་འདུས་ཀྱིས་བརྩམས།

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིར་གཙོ་བོ་བོད་མཐོ་སྒང་གི་ཁ་འབབ་རྣམ་བཞི་གཙོས་པའི་ཆུ་བོ་དག་ཨེ་ཤ་ཡའི་ཆུ་བོའི་མགོ་ཁུངས་ཇི་ལྟར་ཡིན་ཚུལ་དང་། ཆུ་བོ་དེ་དག་དང་ཨེ་ཤ་ཡའི་ཚེ་སྲོག་དང་འབྲེལ་བ་ཅི་ཡོད་སྐོར་ཡིན་ལ། དེ་ཡང་བརྗོད་གཞིའི་སྤྱི་ཁོག་གི་དོག་གནད་ས་བཅད་གཙོ་བོ་ཁག་ནི།  ༡.ཨེ་ཤ་ཡའི་ཆུ་བོའི་མགོ་ཁུངས་དེ་བོད་མཐོ་སྒང་ཇི་ལྟར་ཡིན་ཚུལ།  ༢.བོད་མཐོ་སྒང་ནས་འབབ་པའི་ཨེ་ཤ་ཡའི་ཆུ་བོ་དེ་དག་རྒྱལ་ཁབ་གང་དག་བརྒྱུད་ནས་ཇི་ལྟར་འབབ་པ། ༣.བོད་ཀྱི་ཆུ་བོ་དེ་དག་གི་ཁུལ་དུ་འཚོ་སྡོད་བྱེད་པའི་རྒྱལ་ཁབ་དང་མི་འབོར་ཇི་ཙམ་ཡོད་མེད། ༤.ཨེ་ཤ་ཡའི་ཚེ་སྲོག་དང་འབྲེལ་བའི་བོད་མཐོ་སྒང་གི་གཙང་པོ་དེ་དག་གི་གལ་གནད་དང་སྲུང་སྐྱོབ་བྱ་ཐབས་བཅས་སུ་བསྡུས་ཏེ་བྲིས་ཡོད།

 

སྔོན་གླེང་།

དེ་ཡང་འདི་ལྟར་སྤྱི་ལོ་༨༣༣ ལོར་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་དང་། ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཚུང་གཉིས་ཀྱིས་ཆིངས་བསྒྲིགས་ནས་བཙུགས་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཤར་ངོས་སུ། “བོད་ནི་གངས་རི་མཐོན་པོའི་ནི་དབུས།། ཆུ་བོ་ཆེན་པོའི་ནི་མགོ། ཡུལ་མཐོ་ས་གཙང་།།”[1] ཞེས། བོད་ཡུལ་གྱི་བཀོད་པ་ལེགས་ཤིང་ཆུ་བོ་ཀུན་གྱི་མགོ་ཁུངས་ཡིན་པ་རྡོ་རིང་དུ་བརྐོས་པ་ལྟར། འཛམ་གླིང་གི་ཡང་རྩེ་རུ་གནས་པའི་རང་རེའི་བོད་རྒྱལ་ཁབ་ཀྱི་སྣོད་བཅུད་ཀྱི་བཀོད་པ་ནི་ཆེས་མཐོ་ཞིང་གཟར་བའི་ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་སྤྱི་ཁྲི་[meter]དྲུག་སྟོང་ཡན་ཟིན་ཡོད། བོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་ན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་མཚོའི་ངོས་ནས་སྨི་[དབྱིན་ཁྲེ་ft] གཅིག་ཁྲི་བདུན་སྟོང་ [17,000ft] ཡན་ཟིན་པའི་ཆེས་མཐོ་ཞིང་བརྗིད་ཉམས་ལྡན་པའི་གངས་རི་གྲགས་ཅན་ལྔ་བཅུ་ལྷག་ཙམ་གྱིས་ཡོངས་སུ་བསྐོར་ཞིང༌། སྙན་གྲགས་ཧ་ཅང་ཆེ་བའི་གངས་རི་དེ་དག་ནི་ཤར་གླིང་ཨེ་ཤ་ཡའི་ཆུ་བོ་དག་གི་འབྱུང་ཁུངས་ཡིན་ལ། ཨེ་ཤ་ཡའི་ཚེ་སྲོག་གི་ཉིང་ཁུ་ལྟ་བུའང་ཆགས་ཡོད།
          དཔེར་ན་སྟོད་མངའ་རིས་ཀྱི་གངས་ཏེ་སེ་ནས་འབབ་པའི་ཁ་འབབ་རྣམ་བཞི་དང་། མདོ་ཁམས་ཀྱི་གཙང་ཆེན་བཞི་སོགས་མཚོན་པའི་གངས་ཆུ་དང་རྫ་ཆུ། གཡའ་ཆུ་དང་ནགས་ཆུ། རི་ཆུ་དང་ལུང་ཆུ། ཕུ་ཆུ་དང་མདའ་ཆུ། མཚོ་དང་འཚེའུ་སོགས། ཆུ་རིགས་བདུན[2]་གྱི་མགོ་ཁུངས་སམ་ཆུ་འགོ་ལྟ་བུར་ཆགས་ཡོད། མདོར་ན་དཔལ་དོན་གྲུབ་རྒྱལ་གྱིས་<<ལང་ཚོའི་རྦབ་ཆུ>>ལས།ཆུ་ཕྲན་མི་གཅིག་བརྒྱ་དང་བརྒྱད། ཆུ་སྣ་མི་གཅིག་ཁྲི་མ་འབུམ།ཞེས་གསུངས་པ་ལྟར། ཡན་ལག་བརྒྱད[3]་ཀྱི་ཡོན་ཏན་ལྷན་སྐྱེས་གཤིས་སུ་ལྡན་པའི་ཆུ་བོ་དེ་དག་ལྷང་ལྷང་དལ་གྱིས་བོད་མཐོ་སྒང་ནས་ཤར་གླིང་ཨེ་ཤ་ཡའི་ཕྱོགས་བཞི་རུ་འབབ་པས།  ཆུ་བོ་འདི་ནི་བོད་ཙམ་མ་ཟད་ཤར་གླིང་ཨེ་ཤ་ཡའི་སྐྱེ་འགྲོ་ཀུན་གྱི་བདེ་ཐང་དང་མ་འོངས་པའི་ཚེ་སྲོག་གི་རྟེན་གཞི་ཧ་ཅང་གལ་འགངས་དང་རིན་ཐང་ཅན་ཞིག་ཆགས་ཡོད། 
          འོན་ཀྱང་དེ་སྔོན་བོད་མཐོ་སྒང་གི་འབབ་ཆུ་དང་ཨེ་ཤ་ཡའི་ཚེ་སྲོག་གི་འབྲེལ་བ་ཇི་ལྟར་ཡིན་མིན་དང་།  བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པའི་རྐྱེན་གྱིས། ཆུ་བོ་དེ་དག་ལོ་རེ་བཞིན་འབགས་བཙོག་འགྲོ་བཞིན་པ་དང་། དེའི་རྐྱེན་གྱིས་ཆུ་བོ་དེ་དག་གི་བཞུར་རྒྱུན་དུ་གནས་པའི་ཨེ་ཤ་ཡའི་སྲོག་ཆགས་དང་རྩི་ཤིང་སོགས་ལ་གནོད་འཚེ་ཇི་ལྟར་འབྱུང་བཞིན་ཡོད་མེད་སོགས་ཀྱི་སྐོར་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱེད་མཁན་བྱུང་མི་འདུག་པས།  དེ་འདྲའི་གལ་ཆེ་བའི་བོད་དང་ཨེ་ཤ་ཡ་གཉིས་ཀར་འབྲེལ་བའི་ཆུ་བོ་འདིའི་སྐོར་ལ་གོ་རྟོགས་དང་སྲུང་སྐྱོབ་ཡོང་བའི་དམིགས་ཡུལ་གྱིས། གུས་པས་དཔྱད་རྩོམ་<<བོད་མཐོ་སྒང་གི་འབབ་ཆུ་དང་ཨེ་ཤ་ཡའི་ཚེ་སྲོག་གི་འབྲེལ་བ།>>ཞེས་པ་འདི་ཉིད་ཤེས་ལྡན་པ་ཚོའི་མིག་ལམ་དུ་སྤྲིངས་པ་ཡིན།

 

[1] སྤྱི་ལོ་ ༡༩༨༤ ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་བྱ་བའི་ཤོག་གྲངས་ ༢༨ ནང་དུ་གསལ།

[2] ཆུ་རིགས་བདུན་ནི། ཆར་ཆུ་དང་། གངས་ཆུ། ཀླུང་ཆུ། ཆུ་མིག  ཁྲོན་པ། བ་ཚྭ། ཤིང་གི་ཆུ་བཅས་བདུན་ནོ།  དུང་དཀར་ཚིགས་མཛོག་སྟོད་ཆ་  ཤོག་གྲངས་ ༨༢༦ ནང་དུ་གསལ།

[3] ཆུའི་ཡོན་ཏན་ཡན་ལག་བརྒྱད་ནི། བསིལ་བ་དང་། ཞིམ་པ། ཡང་བ། འཇམ་པ། དྭངས་བ། དྲི་མ་མེད་པ། ལྟོབ་བ་ལ་མི་གནོད་པ། མགྲེན་པ་ལ་མི་གནོད་པ་བཅས་ཡིན།

དང་པོ། ཨེ་ཤ་ཡའི་ཆུ་བོའི་མགོ་ཁུངས་དེ་བོད་མཐོ་སྒང་ཇི་ལྟར་ཡིན་ཚུལ།

བོད་ནི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་བ་དང་ལྡན་ཞིང༌། དགུན་དུས་སུ་ཁ་བ་འབབ་པ་ལ་བརྟེན་ནས་བོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་ན་ཆེས་མཐོ་ལ་བརྗིད་ཉམས་ལྡན་པའི་འཛམ་གླིང་ཐོག་གི་གངས་རི་མཐོ་ཤོས་སུ་བརྩི་བ་མཁར་རྟའི་ཇོ་མོ་གླང་མ་དང།  གཞན་ཡང་། གངས་ཏི་སེ། ཡག་རིའི་ལྷ་རི། གཉན་ཆེན་ཐང་ལྷ། གངས་དཀར་ཤ་མེད། ཇོ་མོ་མཁའ་རེགས། ཡར་ལྷ་ཤམ་པོ། སྐུ་ལྷ་ཁ་རེ། གནོད་སྦྱིན་གངས་བཟང་། བསམ་གཏན་གངས་བཟང་། རྨ་ཆེན་སྦོམ་ར། མི་ཉག་གངས་དཀར། རོང་བཙན་ཁ་བ་དཀར་པོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ། རྨེ་རུ་གངས་དཀར་སོགས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ཞིང་། གངས་རི་དེ་དག་ནི་ཨེ་ཤ་ཡའི་དྭངས་གཙང་ཆུ་བོ་དག་གི་འབྱུང་ཁུངས་ཀྱི་གཞི་རྩ་ལྟ་བུར་ཆགས་ཡོད། གཞན་ཡང་བོད་ཀྱི་མཚོ་ཆེན་གྲགས་ཅན་མ་ཕམ་གཡུ་མཚོ་དང་། གནམ་མཚོ་ཕྱུག་མོ།  ཡར་འབྲོག་གཡུ་མཚོ།  ཕག་མཚོ།  མཚོ་སྐྱ་རེངས་སྔོ་རེངས། བེའུ་དུག་མཚོ། མཚོ་སྔོན་པོ་སོགས་ཧ་ཅང་མང་ལ།  བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང༌། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ཞེས་པའི་དེབ་ནང་དུ་འཁོད་པ་ལྟར་ན།  “བོད་ནང་དུ་དྭངས་ཤིང་གཙང་ལ་གཡུ་ལྟར་སྔོ་བའི་མཚོ་དང་མཚེའུ་གྲངས་ ༢༥༠༠ ཙམ་དང༌། དེ་བཞིན་ཆུ་ཕྲན། རྒྱུག་ཆུ། གཙང་པོ་སོགས་བརྒྱ་ཕྲག་མང་པོ་མཆིས་ཤིང༌། དེ་དག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༥༠༠༠ [km2]ལྷག་ཙམ་ཟིན་གྱི་ཡོད་ལ། བོད་ལ་འཁྱག་རོམ་ཆེ་ཆུང་གྲངས་ ༤༦༠༠ ལྷག་ཡོད་ཅིང་། དེ་དག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༠༥༠༠༠ གི་ས་ཁྱོན་ལ་ཁྱབ་ཡོད། འདི་ནི་ས་གཞི་རིལ་མོའི་ཐོག་གི་འཁྱག་རོམ་མང་ཤོས་ཀྱི་ས་ཁུལ་དེ་ཡིན་ཞེས་གྲགས།[1]  མདོར་ན་རྒྱ་ཆེ་ལ་རྣམ་གྲངས་མང་བའི་བོད་མཐོ་སྒང་ནས་འབབ་པའི་ཆུ་བོ་དེ་དག་ལས་ཆུ་བོ་ཆེན་པོ་བཅུ་ཙམ་ཞིག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༡༥ ལྷག་ཙམ་གྱི་ནང་དུ་ཐད་ཀར་འབབ་བཞིན་པ་དེ་དག་གི་འབྱུང་ཁུངས་ནི་བོད་ཀྱི་གངས་རི་དང་འཁྱག་རོམ། མཚོ་དང་མཚེའུ་དེ་དག་ཆགས་ཡོད།

 

[1]བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་པར་འགྲེམས་ཞུས།༢༠༡༡ལོ།མཐོ་སྒང་གི་གལ་གནད་རང་བཞིན།ཤོག་གྲངས་༡༡ནང་དུ་གསལ།

གཉིས་པ། བོད་མཐོ་སྒང་ནས་འབབ་པའི་ཨེ་ཤ་ཡའི་ཆུ་བོ་དེ་དག་རྒྱལ་ཁབ་གང་དག་བརྒྱུད་ནས་ཇི་ལྟར་འབབ་པ།

དང་ཨེ་ཤ་ཡ་གཉིས་ཀར་འབྲེལ་བའི་ཆུ་བོ་འདིའི་སྐོར་ལ་གོ་རྟོགས་དང་སྲུང་སྐྱོབ་ཡོང་བའི་དམིགས་ཡུལ་གྱིས། གུས་པས་དཔྱད་རྩོམ་<<བོད་མཐོ་སྒང་གི་འབབ་ཆུ་དང་ཨེ་ཤ་ཡའི་ཚེ་སྲོག་གི་འབྲེལ་བ།>>ཞེས་པ་འདི་ཉིད་ཤེས་ལྡན་པ་ཚོའི་མིག་ལམ་དུ་སྤྲིངས་པ་ཡིན།

དང་པོ།  ཨེ་ཤ་ཡའི་ཆུ་བོའི་མགོ་ཁུངས་དེ་བོད་མཐོ་སྒང་ཇི་ལྟར་ཡིན་ཚུལ།
        
བོད་ནི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་བ་དང་ལྡན་ཞིང༌། དགུན་དུས་སུ་ཁ་བ་འབབ་པ་ལ་བརྟེན་ནས་བོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་ན་ཆེས་མཐོ་ལ་བརྗིད་ཉམས་ལྡན་པའི་འཛམ་གླིང་ཐོག་གི་གངས་རི་མཐོ་ཤོས་སུ་བརྩི་བ་མཁར་རྟའི་ཇོ་མོ་གླང་མ་དང།  གཞན་ཡང་། གངས་ཏི་སེ། ཡག་རིའི་ལྷ་རི། གཉན་ཆེན་ཐང་ལྷ། གངས་དཀར་ཤ་མེད། ཇོ་མོ་མཁའ་རེགས། ཡར་ལྷ་ཤམ་པོ། སྐུ་ལྷ་ཁ་རེ། གནོད་སྦྱིན་གངས་བཟང་། བསམ་གཏན་གངས་བཟང་། རྨ་ཆེན་སྦོམ་ར། མི་ཉག་གངས་དཀར། རོང་བཙན་ཁ་བ་དཀར་པོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ། རྨེ་རུ་གངས་དཀར་སོགས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ཞིང་། གངས་རི་དེ་དག་ནི་ཨེ་ཤ་ཡའི་དྭངས་གཙང་ཆུ་བོ་དག་གི་འབྱུང་ཁུངས་ཀྱི་གཞི་རྩ་ལྟ་བུར་ཆགས་ཡོད། གཞན་ཡང་བོད་ཀྱི་མཚོ་ཆེན་གྲགས་ཅན་མ་ཕམ་གཡུ་མཚོ་དང་། གནམ་མཚོ་ཕྱུག་མོ།  ཡར་འབྲོག་གཡུ་མཚོ།  ཕག་མཚོ།  མཚོ་སྐྱ་རེངས་སྔོ་རེངས། བེའུ་དུག་མཚོ། མཚོ་སྔོན་པོ་སོགས་ཧ་ཅང་མང་ལ།  བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང༌། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ཞེས་པའི་དེབ་ནང་དུ་འཁོད་པ་ལྟར་ན།  “བོད་ནང་དུ་དྭངས་ཤིང་གཙང་ལ་གཡུ་ལྟར་སྔོ་བའི་མཚོ་དང་མཚེའུ་གྲངས་ ༢༥༠༠ ཙམ་དང༌། དེ་བཞིན་ཆུ་ཕྲན། རྒྱུག་ཆུ། གཙང་པོ་སོགས་བརྒྱ་ཕྲག་མང་པོ་མཆིས་ཤིང༌། དེ་དག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༥༠༠༠ [km2]ལྷག་ཙམ་ཟིན་གྱི་ཡོད་ལ། བོད་ལ་འཁྱག་རོམ་ཆེ་ཆུང་གྲངས་ ༤༦༠༠ ལྷག་ཡོད་ཅིང་། དེ་དག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༠༥༠༠༠ གི་ས་ཁྱོན་ལ་ཁྱབ་ཡོད། འདི་ནི་ས་གཞི་རིལ་མོའི་ཐོག་གི་འཁྱག་རོམ་མང་ཤོས་ཀྱི་ས་ཁུལ་དེ་ཡིན་ཞེས་གྲགས།[1]  མདོར་ན་རྒྱ་ཆེ་ལ་རྣམ་གྲངས་མང་བའི་བོད་མཐོ་སྒང་ནས་འབབ་པའི་ཆུ་བོ་དེ་དག་ལས་ཆུ་བོ་ཆེན་པོ་བཅུ་ཙམ་ཞིག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༡༥ ལྷག་ཙམ་གྱི་ནང་དུ་ཐད་ཀར་འབབ་བཞིན་པ་དེ་དག་གི་འབྱུང་ཁུངས་ནི་བོད་ཀྱི་གངས་རི་དང་འཁྱག་རོམ། མཚོ་དང་མཚེའུ་དེ་དག་ཆགས་ཡོད།

གཉིས་པ། བོད་མཐོ་སྒང་ནས་འབབ་པའི་ཨེ་ཤ་ཡའི་ཆུ་བོ་དེ་དག་རྒྱལ་ཁབ་གང་དག་བརྒྱུད་ནས་ཇི་ལྟར་འབབ་པ།
          བོད་མཐོ་སྒང་ནས་འབབ་པའི་ཡོངས་གྲགས་ཀྱི་ཆུ་བོ་ཆེན་པོ་བཅུ་ལྷག་ཙམ་ཡོད་པ་དེ་དག་ཨེ་ཤ་ཡའི་ནང་དུ་རྒྱལ་ཁབ་ ༤༨ ཡོད་པ་ལས། Tibet (བོད་དང་།) China (རྒྱ་ནག) India (རྒྱ་གར།)[2] Pakistan (པཀི་སེ་ཐན།)  Bangladesh (འབང་ལ་དེ་ཤ) Inner Mongolia (ནང་སོག) Thailand(ཐེ་ལན་ཊྲ།)  Laos (ལྭ་འོ་སེ།)  Vietnam (ཝའེ་ནམ།)  Cambodia (ཀམ་བྷོ་ཀྲ་ཡཱ།) Burma (འབར་མ།)  Nepal (བལ་པོ།) Bhutan (འབྲུག)་སོགས་རྒྱལ་ཁབ་བཅོ་ལྔ་ལྷག་ཙམ་བརྒྱུད་ནས་ཐད་ཀར་བཞུར་རྗེས་མཐར་རྒྱ་མཚོར་འབབ་ཀྱིན་ཡོད། འདིར་ཤར་གླིང་ཨེ་ཤ་ཡའི་ནང་དུ་འབབ་པའི་བོད་ཀྱི་གཙང་པོ་གྲགས་ཅན་དེ་དག་གང་ཡིན་པ་དང་ཇི་ལྟར་འབབ་པའི་སྐོར་རོབ་ཙམ་གླེང་ན།

༡ཆུ་བོ་ཁ་འབབ་རྣམ་བཞི།[3]  (བོད་ཀྱི་སྟོད་ཕྱོགས་གངས་རི་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི།)
         རྨ་བྱ་ཁ་འབབ། ཆུ་བོ་འདི་ནི་ལེགས་སྦྱར་སྐད་དུ་ཆུ་བོ་སིན་ངྷུ་ཞེས་བརྗོད། ཆུ་འགོ་བོད་ཀྱི་སྟོད་ཕྱོགས་གངས་མཚོའི་ལྷོའི་ལང་ག་པུ་རང་གི་ཕུ་བྲག་རྨ་བྱའི་ཁ་འདྲ་བ་ནས་འབབ་ཅིང་། དེ་ནས་རིམ་བཞིན་སླེ་མི་དང་། འོམ་ལྷོ་བཅས་བརྒྱུད་ནས་བལ་ཡུལ་ཛུམ་ལང་དང་། ཁར་ན་ལི་བརྒྱུད་རྒྱ་གར་གྱི་ཨུ་ཏར་པར་སྡེ་ཤར་དང་བྡི་ཧར་གྱི་གཞུང་གཤགས་ནས་མཐར་ཧིན་རྡུ་རྒྱ་མཚོར་འབབ།
          གླང་ཆེན་ཁ་འབབ།  ཏི་སེའི་ལྷོ་ངོས་བྲག་གླང་པོའི་སྣ་འདྲ་བ་ནས་གངྒཱའི་ཆུ་འགོ་བཙུགས་ཏེ་ནུབ་ཏུ་ཁ་བལྟས་ནས་མ་ཕམ་གྱི་མཚོའི་ནང་གི་དཀྱིལ་གཤགས་ནས་མཚོ་དང་གཙང་པོ་མ་འདྲེས་པར་ལ་དྭགས་ལ་བརྒྱུད་དེ། ཞང་ཞུང་དང་གུ་གེ་བརྒྱུད་ནས་ནུབ་ཕྱོགས་སུ་འབབ། དེ་ནས་སོ་ཏི་སྤིལ་ལྕོག་དང་གར་ཞའི་ཆུ་རྣམས་འདྲེས་ནས་ལྷོར་བཞུར་རྗེས། རྒྱ་གར་ནས་ཤར་ཕྱོགས་རྒྱ་མཚོར་འབབ།[4]
          རྟ་མཆོག་ཁ་འབབ། ཆུ་བོ་རྟ་མཆོག་ཁ་འབབ་ནི་ལྷ་རྩེའི་ནུབ་རྒྱུད་དུ་བྲག་རྟ་མཆོག་གི་ཁ་འདྲ་བ་ཞིག་ནས་འབབ་པའི་ཆུ་བོ་ཞིག་སྟེ།  ཆུ་བོ་འདི་ཆུ་ཤུལ་ཁུལ་ནས་འབབ་དུས་ཡར་ཀླུང་གཙང་པོ་ཞེས་གྲགས།  དེ་ནས་རིམ་བཞིན་གཡུ་འབྲོག་སྔོན་མོ་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་རྒྱ་གར་དུ་འབབ་པས་གཙང་པོ་པུ་ལ་མ་བོ་ཐེལ་ཟེར། དེ་ནས་མཐར་བྷང་ལ་མཚོ་ཁར་འབབ།[5]
          སེང་གེ་ཁ་འབབ།  ཆུ་བོ་འདི་ཉིད་ལེགས་སྦྱར་སྐད་དུ་ཆུ་བོ་སི་ཏ་ཞེས་བརྗོད། བོད་ལྗོངས་མངའ་རིས་ས་ཁུལ་གངས་མཚོའི་བྱང་དུ་བྲག་སེང་གེའི་ཁ་འདྲ་བ་ཞིག་ནས་འབབ་སྟེ། དེ་ནས་རིམ་བཞིན་འབྲོང་པ་དང་། སེང་སྨད། འབྲི་བྱི། རྩོས་ཚོ་སོགས། བདེ་མཆོག་དང་། ལ་དྭགས། བལ་ཏི། ཧོར་སོགས་བརྒྱུད་ནས་པ་ཀི་སི་ཐན་ནས་རྒྱ་གར་ནུབ་ཕྱོགས་ཧིན་རྡུ་རྒྱ་མཚོར་འབབ།  
          ཆུ་བོ་དེ་དག་ནི་མངའ་རིས་དམངས་ཁྲོད་ཀྱི་གཏམ་རྒྱུད་དུ་བཤད་སྲོལ་ལ། གླང་ཆེན་ཁ་འབབ་གུ་གེ་གཞུང་ལ་འབབ།། གུ་གེ་སྟོབས་འབྱོར་ཆེ་བ་དེ་ནས་བྱུང་།། སེང་གེ་ཁ་འབབ་ལ་དྭགས་ཡུལ་ལ་འབབ།། ལ་དྭགས་དཔའ་རྩལ་ཆེ་བ་དེ་ནས་བྱུང་།། རྟ་མཆོག་ཁ་འབབ་གྲོ་ཤོད་གཞུང་ལ་འབབ།། པུར་མོ་ཁ་དོག་མཛེས་ལྡན་དེ་ནས་བྱུང་།། ཞེས་གྲགས་ལ། འཛམ་གླིང་ཞི་བའི་རྒྱ་མཚོ་ཆེན་པོའི་གཙོ་གནད་གལ་འགངས་ཆེ་བའི་ཆུ་ཡི་གཏེར་མཛོད་ཡིན་ཞེས་རྒྱལ་སྤྱིའི་མཁས་པ་རྣམས་ཀྱིས་ངོས་འཛིན་དང་བསྔགས་བརྗོད་མཛད་ཀྱིན་ཡོད།[6]

རྨ་འབྲི་རྫ་གསུམ།
         རྨ་འབྲི་རྫ་གསུམ་
ནི་བོད་ཀྱི་ཤར་ཕྱོགས་ནས་རྒྱ་ནག་དང་། ནང་སོག ཐེ་ལན་ཊྲ། ཝའེ་ནམ། ལྭ་འོ་སེ། ཀམ་བྷོ་ཀྲ་ཡཱ་སོགས་བརྒྱུད་ནས་འབབ་པ་དང་།
          རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་དཀྱིལ་རྒྱུད་ཀྱི་རི་བོ་བྰ་ཡན་ཧ་རི་ནས་འགོ་བཙུགས་ཏེ་ཀླུང་ཆུ་དང་། སམ་ཆུ་སོགས་དང་ཟླ་བསྒྲིལ་ནས་ནང་སོག་དང་རྒྱ་ནག་སོགས་བརྒྱུད་ནས་འབབ། རྒྱ་ནག་གི་ཆུ་བོ་དེ་ལ་“ཆུ་བོ་མ་ཡུམ་ཞེས་གྲགས་པ་དང་། རྒྱ་ནག་གི་མི་འབོར་ས་ཡ་ ༣༠༠ ཙམ་གྱི་འཚོ་གནས་གྱི་རྟེན་གཞིར་གྱུར་ཡོད། ཆུ་བོ་འདི་ནི་འཛམ་གླིང་གི་གཙང་པོ་རིང་ཤོས་ཨང་བདུན་པ་དང་། ཨེ་ཤ་ཡའི་ཆུ་བོ་རིང་ཤོས་ཨང་གཉིས་པ་ཡིན། མཐར་རྒྱ་ནག་གི་ཤར་རྒྱ་མཚོའི་ནང་དུ་འབབ་ཀྱིན་ཡོད།[7]
          འབྲི་ཆུ་ནི་ཨེ་ཤ་ཡའི་ནང་ནས་ཆུ་བོ་རིང་ཤོས་ཨང་དང་པོ་དང་། འཛམ་གླིང་ནང་ནས་ཆུ་བོ་རིང་ཤོས་ཨང་གསུམ་པ་དེ་ཆགས་ཡོད།  ཆུ་བོ་འདིའི་ཆུ་འགོ་བོད་ཀྱི་བྱང་ཤར་ཀྱི་རི་བོ་གདང་ལ་ནས་བྱུང་སྟེ་རིམ་བཞིན་མཚོ་སྔོན་དང་། བོད་ལྗོངས། ཟི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱུད་དེ་མཐར་ཧྲང་ཧེ་གྲོང་ཁྱེར་ནས་ཤར་རྒྱ་མཚོར་འབབ། ཆུ་བོ་དེའི་གཞུང་རྒྱུད་དུ་རྒྱ་ནག་གི་མི་འབོར་གསུམ་ཆ་གཅིག་ཙམ་འཚོ་སྡོད་དང་། རྒྱ་ནག་གི་ས་ཆའི་དུམ་བུ་ལྔ་ཆ་གཅིག་[1/5]ཙམ་ལ་ཆུའི་ཐོན་སྐྱེད་དང་ཨེ་ཤ་ཡའི་སྐྱེ་འགྲོ་དུང་ཕྱུར་མང་པོར་ཚེ་སྲོག་བྱིན་གྱིན་ཡོད་པར་གྲགས།།  
          རྫ་ཆུ་ནི་བོད་མཐོ་སྒང་དབུས་ཀྱི་བྱང་ཤར་ངོས་ཀྱི་གདང་ལ་རི་རྒྱུད་ནས་འབབ་པ་དང་། དེ་ནས་རྒྱ་ནག་དང་འབར་མ། ལའོ་སེ། ཐེ་ལེན་ཌ། ཀམ་པའོ་ཌ་བརྒྱུད་ནས་འབབ་པའི་ཚེ་ཆུ་བོ་མེ་ཀོང་ (Mekong)ཞེས་འབོད།  ཆུ་བོ་འདི་ནི་ཨེ་ཤ་ཡའི་ནང་ནས་རིང་ཤོས་ཨང་གསུམ་པ་དང་། འཛམ་གླིང་ཐོག་ཏུ་གྲགས་ཆེ་བའི་ཆུ་ཆེན་ཞིག་ཀྱང་ཡིན།

༣ རྒྱལ་མོ་དངུལ་ཆུ།
          བོད་ཀྱི་ཆུ་ཆེན་གཉིས་པ་གྲགས་པའི་ཆུ་བོ་འདི་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བར་ཁམས་སོགས་བརྒྱུད་ནས་འབབ་སྟེ། ཆབ་མདོའི་ས་ཁུལ་ཡུན་ནན་ཞིང་ཆེན་ནས་རྒྱ་ནག་དང་འབར་མའི་རྒྱལ་ཁབ་སོགས་བརྒྱུད་ནས་བཞུར་དུས་མིང་ལ་སལ་ཝེན་གཙང་པོ་(Salween river) ཟེར་ཞིང་།  འབར་མ་དང་ཐེ་ལན་ཊྲའི་ས་མཚམས་ནས་རྒྱ་གར་རྒྱ་མཚོ་ཆེན་མོར་འབབ་བཞིན་ཡོད།    (གཤམ་དུ་གཙང་པོ་དེ་དག་གི་རིང་ཚད་དང་།  འབབ་ཡུལ་རྒྱལ་ཁབ་གང་དུ་འཁེལ་གྱི་ཡོད་མེད།  མཐར་གཙང་པོ་དེ་དག་རྒྱ་མཚོ་གང་གི་ནང་དུ་འབབ་ཀྱིན་ཡོད་མེད་སྐོར་རེའུ་མིག་ནང་དུ་གསལ་ཡོད།)

[1]བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་པར་འགྲེམས་ཞུས།༢༠༡༡ལོ།མཐོ་སྒང་གི་གལ་གནད་རང་བཞིན།ཤོག་གྲངས་༡༡ནང་དུ་གསལ།

[2]རྒྱ་གར་དང་རྒྱ་ནག་གཉིས་ནི་ཨེ་ཤི་ཡའི་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁག་གཉིས་ཡིན་པ་ཙམ་མ་ཟད།འཛམ་གླིང་རྒྱལ་ཁག་ཚང་མའི་ནང་ནས་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དང་གཉིས་པ་གཉིས་ཆོགས་ཡོད།

[3]ཡར་ཀླུང་གཙང་པོའི་ཆུ་མགོ་རྟ་མཆོག་ཁ་འབབ།ཆུ་བོ་གངྒ་གཱའི་ཆུ་མགོ་རྨ་བྱ་ཁ་འབབ། ཆུ་བོ་སིན་དྷུའི་ཆུ་མགོ་གླང་ཆེན་ཁ་འབབ།ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་བོ།

[4] ལྷ་རོང་ཆོས་འབྱུང་ལྕགས་དཔར་མའི་ཤོག་གྲངས་ ༧༣༦ གི་ནང་དུ་གསལ།

[5] དུང་དཀར་ཚིགས་མཛོད་སྨད་ཆ་ཤོག་གྲངས་ ༡༨༤༩ ནང་གསལ།

[6] www.tibetanecology.org ནང་དུ་ལྷོ་ཤར་ཨེ་ཤི་ཡའི་འཇིགས་སྣང་གསོན་ཞེས་པའི་ནང་དུ་གསལ།

[7]Kishankhoday, climate change and the right to development. Himalayan glacial melting and the future of development on the Tibetan plateau, UNDP,

གསུམ་པ། བོད་ཀྱི་ཆུ་བོ་དེ་དག་གི་ཁུལ་དུ་འཚོ་སྡོད་བྱེད་པའི་རྒྱལ་ཁག་དང་མི་འབོར་ཇི་ཙམ་ཡོད་མེད།

སྤྱིར་ཨེ་ཤ་ཡའི་ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་རང་བཙན་ལྡན་པའི་རྒྱལ་ཁབ་ ༤༨ དང་། རྒྱལ་ཁབ་དེ་དག་གི་ནང་ཁྱོན་བསྡོམས་མི་འབོར་ ༤,༤༧༩,༦༡༠,༡༦༢ ཡོད་པས།”[1] བོད་ནས་འབབ་པའི་གྲགས་ཅན་གྱི་ཆུ་བོ་དེ་དག་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་། དེའི་མི་འབོར་ཚང་མ་ལ་འབྲེལ་བ་ཡོད་པ་མ་ཟད། དམིགས་བསལ་བོད་ནས་འབབ་པའི་ཆུ་བོ་ཆེན་པོ་བཅུ་ཙམ་ཞིག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༡༥ ལྷག་ཙམ་ནང་ཐད་ཀར་འབབ་བཞིན་པའི་དེ་དག་གི་འབྱུང་ཁུངས་གཙོ་བོ་ནི་བོད་ཀྱི་གངས་རི་དང་འཁྱག་རོམ། མཚོ་དང་མཚེའུ་དེ་དག་ཡིན།
    (འདིར་ཁ་གསལ་ཡོད་བའི་ཆེད་དུ་བོད་ནས་འབབ་པའི་ཤར་གླིང་ཨེ་ཤ་ཡའི་གཙང་པོ་བཅུ་ཙམ་ཞིག་གི་མིང་དང་རིང་ཚད། དེ་དག་རྒྱལ་ཁག་གང་དུ་འབབ་པ་དང་།  རྒྱལ་ཁབ་དེའི་མི་འབོར་སོགས་རེའུ་མིག་ཏུ་བཀོད་ཡོད།)

 

[1]སྤྱི་ལོ་༢༠༡༧ལོའི་ཟླ་བ་༠༧པའི་ཚེས་༡༢རེས་གཟའ་ལྷག་པ་ཉིན་ཨ་རིའི་ཐད་གཏོང་དྲ་རྒྱའི་ནང་དུ་གསལ།

བཞི་པ། ཨེ་ཤ་ཡའི་ཚེ་སྲོག་དང་འབྲེལ་བའི་བོད་མཐོ་སྒང་ཀྱི་གཙང་པོ་དེ་དག་གི་གལ་གནད་དང་སྲུང་སྐྱོབ་ཀྱི་ཐབས།

བཞི་པ། ཨེ་ཤ་ཡའི་ཚེ་སྲོག་དང་འབྲེལ་བའི་བོད་མཐོ་སྒང་ཀྱི་གཙང་པོ་དེ་དག་གི་གལ་གནད་དང་སྲུང་སྐྱོབ་ཀྱི་ཐབས།
          བོད་ཀྱི་ཁ་དཔེ་ལ།  ཆུ་མགོ་ནས་བརྙོགས་ན་མཇུག་ནས་དྭངས་ཐབས་མེད་ཟེར་བ་ལྟར། ཆུ་བོ་དེ་དག་གི་སྲུང་སྐྱོབ་ཀྱི་ཐབས་དམ་པ་དེ་ནི་ཆུ་བོ་དེ་དག་གི་མགོ་ཁུངས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ལ་ཐད་ཀར་རག་ལས་ཡོད། བོད་མཐོ་སྒང་ཁོར་ཡུག་སྦགས་བཙོག་ཏུ་སོང་ན་ཨེ་ཤ་ཡའི་ཆུ་བོ་འདི་དག་ནམ་ཡང་སྲུང་སྐྱོབ་བྱ་ཐབས་མེད།

༡ ཆུ་བོ་དེ་དག་གི་གལ་གནད་རང་བཞིན།
         སྤྱིར་ཆུ་ནི་སྐྱེ་འགྲོ་དང་རྩི་ཤིང་ཀུན་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་དང་ཚེ་སྲོག་གི་འབྱུང་ཁུངས་གལ་ཆེ་ཤོས་ཤིག་ཡིན་ཏེ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཡན་ལག་བརྒྱད་པ་ལས། “ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག། ལུས་ཀྱང་དེ་ཡི་རང་བཞིན་ཡིན།། དེ་བས་ཤིན་ཏུ་དག་པ་ཡི།། ཆུ་ནི་གང་དུའང་ལྡོག་པ་མེད།།”ཅེས་པ་ནི། མདོར་ན་སྲོག་ལྡན་ཆེ་བ་གླང་ཆེན་ནས་ཆུང་བ་གྲོག་འབུ་ཡན་ཆད་ཚང་མ་ཆུ་ལ་བརྟེན་ནས་འཚོ་བཞིན་པ་དང་ཆུ་ནི་སྐྱེ་འགྲོ་ཀུན་གྱི་སྲོག་ལྟ་བུ་ཡིན་པར་ངོས་འཛིན་བྱེད་ལ། ཚན་རིག་པས་ཀྱང་ཆུ་ནི་སྲོག་ཆགས་དང་རྩི་་ཤིང་ཀུན་སྐྱེ་བ་དང་འཚོ་བར་བྱེད་པའི་སྲོག་ལྟ་བུར་ངོས་འཛིན་བྱེད། ང་ཚོའི་འཛམ་གླིང་སྟེང་ཆེས་ཐོན་ཁུངས་མང་བ་དང་རྒྱ་ཁྱོན་ཆེ་བ་ནི་ཆུ་ཡིན་ནའང་། དཔེར་ན་སའི་གོ་ལའི་ངོས་ཀྱི་ཆུའི་བརྒྱ་ཆ་ ༩༨ ཙམ་ཚྭ་ཆུ་ཡིན་པས་ང་ཚོས་ཐད་ཀར་སྤྱོད་མི་ཆོག་པ་དང་། ང་ཚོས་དངོས་སུ་ཐད་ཀར་སྤྱོད་ཆོག་པའི་ཚྭ་མེད་ཆུ་ནི་བརྒྱ་ ༢ ཙམ་ལས་མེད་པར་གྲགས། 
        བོད་མཐོ་སྒང་ནི་འཛམ་གླིང་སའི་གོ་ལའི་སྣེ་གསུམ་པ་སྟེ། རི་བོ་ཀུན་གྱི་ཡང་རྩེ་དང་ཆུ་བོ་ཐམས་ཅད་ཀྱི་མགོ་ཁུངས་ཡིན་པས། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བའི་ནང་དུ་གསལ་བ་ལྟར་ན། སྤྱིར་བཏང་བོད་ཀྱི་གངས་རི་དང་འཁྱགས་རོམ་སོགས་བཞུར་བ་ལས་མི་ས་ཡ་ ༢༡༠ ལྷག་ཙམ་ལ་འཐུང་ཆུ་དང་། གློག་ཞིང་ཁར་ཆུ་འདྲེན་རྒྱུ་སོགས་ཐད་ཀར་ཕན་ནུས་ལྡན་ལ། བོད་ཀྱི་ལུང་གཤོངས་ནས་འབབ་པའི་ཆུ་དེ་དག་གིས་མི་དུང་ཕྱུར་ ༡༣ ལས་མང་བ་ཞིག་ལ་ཐད་ཀར་ཕན་ཐོགས་ཡོང་གི་ཡོད།”[1]ཞེས་གསལ། དེ་བཞིན་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་པར་འགྲེམས་ཞུས་པའི་<<བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན>>ཞེས་པའི་ནང་དུ། འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ལ་ཉེ་བ་ཞིག་བོད་མཐོ་སྒང་ནས་འབབ་བཞིན་པའི་ཆུའི་ཐོན་ཁུངས་ལ་བརྟེན་ཡོད།[2]  བོད་མཐོ་སྒང་ནས་འབབ་པའི་གཙང་པོ་ཆེ་ཆུང་ཁག་དང་། མཚོ་དང་མཚེའུ་བགྲང་གིས་མི་ལངས་པ་ཞིག་ཡོད་པ་དེ་དག་ནི་དྭངས་ཤིང་གཙང་བའི་ཚྭ་མེད་ཆུ་ཡིན་པས། སྐྱེ་འགྲོ་ཀུན་གྱིས་ཐད་ཀར་ལོངས་སྤྱོད་བྱེད་ཆོག་པའི་རིན་ཐང་དང་ཁྱད་ཆོས་ལྡན་ཡོད། དེར་རྟེན་ང་ཚོས་ངེས་པར་དུ་དྭངས་གཙང་ཆུ་བོ་དག་གི་འབྱུང་ཁུངས་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།

          མདོར་ན་བོད་མཐོ་སྒང་གི་ཆུ་རྒྱུན་དུ་ཁེལ་བའི་ཨེ་ཤ་ཡའི་རང་བྱུང་ཁམས་ཀྱི་རྩི་ཤིང་དང་ནགས་ཚལ། རི་དྭགས་གཅན་གཟན། གཞན་ཡང་ཁུལ་དེར་འཚོ་མཁན་གྱི་ཞིང་འབྲོག་དང་གྲོང་ཁྱེར་སོགས་མི་མང་ས་ཡ་མང་པོས་ཆུ་བོ་དེ་དག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། འོན་ཀྱང་ཚང་མས་ཤེས་གསལ་ལྟར་མདོ་དབུས་མཐོ་སྒང་ལ་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང་། ད་ལྟ་རིམ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་ཚུལ་ཇེ་སྡུག་ཏུ་སོང་ནས་གཙང་པོའི་ཡན་ལག་གི་འབབ་རྒྱུན་ཇེ་ཉུང་དུ་འགྲོ་བ། ཆུ་རྒྱུན་ཆད་པ། མཚོ་དང་མཚེའུ་བསྐམས་པ། ཆུ་དེ་དག་ལ་སྦགས་བཙོག་ཐེབས་པ་སོགས་ཉིན་རེ་ནས་ཉིན་རེར་ཚབས་ཆེ་རུ་འགྲོ་བཞིན་ཡོད།
          དཔེར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། འཛམ་གླིང་སྟེང་བརྒྱ་ཆ་ ༨༠ ཡི་ནད་རིགས་དང་བརྒྱ་ཆ་ ༥༠ ཡི་བྱིས་པའི་ཤི་རྐྱེན་ནི་གཙོ་བོ་ཆུ་ལ་བཙོག་བཟོ་བྱས་པ་ལས་བྱུང་བ་ཡིན།[3]ཟེར་བས། བོད་ཀྱི་ཆུ་བོ་དེ་དག་སྲུང་སྐྱོབ་བྱ་རྒྱུ་ནི་ཨེ་ཤ་ཡའི་མ་འོངས་པའི་སྐྱེ་འགྲོ་ཀུན་གྱི་འཚོ་བརྟེན་གྱི་རྨང་གཞི་དང་བདེ་ཐང་གི་ཆ་རྐྱེན་ཨང་དང་པོ་དེ་ཆགས་ཡོད། མདོར་ན་བོད་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་མཛོད་དང་། ཨེ་ཤ་ཡའི་ཆུ་མཛོད་ནི་ཨེ་ཤ་ཡའི་ཚེ་སྲོག་ཀུན་གྱི་རྩ་བ་ལྟ་བུ་ཡིན་པ་དེའོ།།

༢ ཆུ་བོ་དེ་དག་སྲུང་སྐྱོབ་བྱ་ཐབས།
          མཐོ་སྒང་བོད་ཀྱི་ཁོར་ཡུག་ནས་འབབ་པའི་ཨེ་ཤ་ཡའི་ཆུ་ཆེན་རྣམས་སྲུང་སྐྱོབ་དང་གཅེས་འཛིན་བྱ་རྒྱུ་ནི་བོད་མི་རིགས་གཅིག་པུའི་འགན་འཁྲིའམ་གནད་དོན་ཙམ་མ་ཡིན་པར། ཨེ་ཤ་ཡའི་རྒྱལ་ཁབ་དང་མི་མང་ཀུན་ལ་ཆུ་བོ་དེ་དག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་དང་འགན་འཁྲི་ཡོད་པ་ཞིག་ཡིན།
          ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྤྱིའི་རང་བྱུང་ཐེབས་རྩ་ཚོགས་པས་འཇིག་ཉེན་ཆེ་ཤོས་ཀྱི་གནས་སུ་ལྷུང་པའི་འཛམ་གླིང་གི་གཙང་ཆེན་བཅུའི་མིང་འདོན་བྱས་པའི་ཁོངས་ནས་ཆུ་ཆེན་བཞི་བོད་མཐོ་སྒང་ནས་འགོ་འཛུགས་ཀྱིས་བཞུར་བའི་རྨ་འབྲི་རྫ་གསུམ་དང་། རྒྱལ་མོ་དངུལ་ཆུ་བཅས་ཡིན།[4] མདོར་ན་ཆུ་མགོ་ནས་བརྙོགས་ན་མཇུག་ནས་དྭངས་ཐབས་མེད་ཟེར་བའི་དཔེ་ལྟར། ཨེ་ཤ་ཡའི་ཆུ་བོ་འདི་དག་སྲུང་སྐྱོབ་བྱ་དགོས་ན་ངེས་པར་དུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་དང་། བོད་ཀྱི་ཁོར་ཡུག་ལ་སྦགས་བཙོག་ཤོར་ན་ཨེ་ཤའི་ཆུ་བོ་འདི་དག་ནམ་ཡང་སྲུང་སྐྱོབ་བྱ་མི་ཐུབ་པས། དེར་བརྟེན་ཆུ་བོ་འདི་དག་གི་འབྱུང་ཁུངས་བོད་ཀྱི་གངས་རི་དང་མཚོ་དང་མཚེའུ་དག་ལ་སྲུང་སྐྱོབ་དང་གཅེས་འཛིན་བྱ་རྒྱུ་ནི་ཆུ་བོ་དེ་ལ་བརྟེན་ནས་འཚོ་གནས་བྱེད་མཁན་གྱི་ཨེ་ཤ་ཡའི་སྐྱེ་འགྲོ་དུང་ཕྱུར་མང་པོའི་ཚེ་སྲོག་དང་འབྲེལ་བའི་གནད་དོན་ཞིག་ཡིན།

          སྤྱིར་ཆུ་བོ་དེ་དག་སྲུང་སྐྱོབ་བྱེད་པ་ལ་ཐབས་སྣ་ཚོགས་ཡོད་ནའང། གཤམ་དུ་འཁོད་པའི་དོན་ཚན་དེ་དག་ནི་བོད་མཐོ་སྒང་ནས་འབབ་པའི་ཨེ་ཤ་ཡའི་ཆུ་བོ་དེ་དག་སྲུང་སྐྱོབ་བྱ་ཐབས་ཀྱི་ཐབས་ལམ་གལ་ཆེན་འགའ་རུ་མཐོང་། 
[5] གངས་རི་དང་མཚོ་དང་མཚེའུ་ཁུལ་དུ་ཚུལ་མིན་གྱིས་ས་བརྐོ་བ་དང་། རྡོ་སློག་པ། ཤིང་ནགས་གཅོད་པ། གཏེར་ཁ་སྔོག་པ་སོགས་ཀྱི་ལས་རིགས་རྣམས་བཀག་སྡོམ་བྱ་དགོས།
བཟོ་གྲྭ་དང་། གྲོང་ཁྱེར། ཁྱིམ་ཚང་སོགས་ཀྱི་བཙོག་ཆུ་དང་། གད་སྙིགས་སམ་མི་མཁོ་བའི་སྙིགས་རྫས་རྣམས་གང་འདོད་ཆུའི་ནང་དང་གཙང་པོའི་གཡས་གཡོན་དུ་འབོ་མི་ཆོག་པའི་ཁྲིམས་ལུགས་སམ་འདུ་ཤེས་ཡོད་པར་བྱ་དགོས།
ད་ལྟ་རྒྱ་ནག་གིས་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་ ༢༡ དང་རྒྱལ་མོ་དངུལ་ཆུའི་རྒྱུད་དུ་ཆུ་མཛོད་ ༧ དང་། ཡར་ཀླུངས་གཙང་པོའི་རྒྱུད་དུ་ཆུ་མཛོད་ ༢ སོགས་ཨེ་ཤ་ཡའི་ནང་དུ་འབབ་བཞིན་པའི་བོད་ཀྱི་གཙང་པོ་གསུམ་གྱི་བརྒྱུད་དུ་ཆུ་མཛོད་ ༢༩ ཙམ་ཞིག་རྒྱག་རྒྱུའི་འཆར་གཞི་ཡོད་པས། དེ་ལ་ཨེ་ཤ་ཡའི་མི་མང་ཡོངས་ཀྱིས་ངོ་རྒོལ་བྱ་རྒྱུ་དང་།  རྒྱ་ནག་གིས་ཨེ་ཤ་ཡའི་ཚེ་སྲོག་དང་འབྲེལ་བའི་ཆུ་བོ་དག་སྲུང་སྐྱོབ་བྱ་དགོས་པ་ལས་ནམ་ཡང་སྦགས་བཙོག་བཟོ་མི་ཆོག་པའི་སྐུལ་ལྕག་འདེབས་དགོས།
བོད་ཀྱི་གངས་རི་དང་སྤང་ལྗོངས།  ཤིང་ནགས་དང་བྱེ་ཐང་། རླུང་ཁམས་སོགས་ལ་སྦགས་བཙོག་ཐེབས་ན། མཁའ་རླུང་ནང་གི་མི་གཙང་བའི་སྙིགས་རྫས་སྣ་ཚོགས་དང་གད་སྙིགས་དེ་དག་ཐད་ཀར་ཆུ་ནང་དུ་འབབ་པའམ་ཡང་ན་ཁ་བ་དང་ཆར་ཆུས་གཙང་པོའི་ནང་དུ་ཁྱེར་ནས་ཆུའི་ཁོར་ཡུག་གི་དྭངས་གཙང་ལ་གནོད་པ་ཆེན་པོ་ཐེབས་ཀྱིན་ཡོད་པས། ངེས་པར་དུ་བོད་ཀྱི་ཁོར་ཡུག་སྤྱི་ཡོངས་ནས་བདག་གཅེས་བྱ་དགོས།
དཔྱད་རྩོམ་དང་གཏམ་བཤད་སོགས་ལས་འགུལ་སྣ་ཚོགས་ཀྱི་ལམ་ནས་ཨེ་ཤ་ཡའི་མི་མང་ཀུན་གྱིས་དངོས་སུ་ལོངས་སྤྱོད་བྱེད་བཞིན་པའི་ཆུ་བོ་དེ་དག་གི་འབྱུང་ཁུངས་དང་། ཆུའི་གལ་ཆེན་རང་བཞིན་སོགས་གོ་རྟོགས་སྤེལ་དགོས།

 

[1]བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བའི་ནང་དུ་<<སའི་གོ་ལར་སྣེ་གསུམ་པ་གཅིག་ཡོད་པ་དང་མི་ས་ཡ་མང་པོས་དེའི་ཆུ་བེད་སྤྱོད་བྱེད>>ཞེས་པའི་ནང་དུ་གསལ།

[2]ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་པར་འགྲེམས་ཞུས་པའི་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།ཤོག་གྲངས་༡༣ནང་དུ་གསལ།

[3]ཁམས་པའི་དྲ་བའི་ནང་དུ་རྩོམ་པ་པོ་རྩེ་གཞུང་སྐལ་བཟང་འབོམ་གྱིས་༢༠༡༢ལོའི་ཟླ༠༤པའི་ཚེ་༢༤ཉིན་དྲངས་བའི་བོད་ཁམས་དུ་ཆུའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་ཞེས་པའི་ནང་དུ་གསལ།

[4]ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་པར་འགྲེམས་ཞུས་པའི་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།ཤོག་གྲངས་༥༣ནང་དུ་གསལ།

[5]The Potential for Conflict: Implications of Chinese Control over Asia’s Major River Systems ཟེར་བའི་དྲ་རྒྱ་འདིའི་ནང་དུ་གསལ།

 

མཐའ་སྡོམ།

<<བོད་མཐོ་སྒང་གི་འབབ་ཆུ་དང་ཨེ་ཤ་ཡའི་ཚེ་སྲོག་གི་འབྲེལ་བ།>>ཞེས་པའི་དཔྱད་རྩོམ་འདི་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ཀྱིས་ཨེ་ཤ་ཡའི་ནང་དུ་འབབ་བཞིན་པའི་ཆུ་བོ་འདི་དག་གི་འབྱུང་ཁུངས་དང་འབབ་ཡུལ།  ཆུ་བོ་འདི་དག་ཨེ་ཤ་ཡའི་སྐྱེ་འགྲོ་ཀུན་གྱི་འཚོ་གནས་ལ་འབྲེལ་བ་ཇི་ལྟར་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་པ་ཡིན།  ཨེ་ཤ་ཡའི་རྒྱལ་ཁབ་བཅོ་ལྔ་ཙམ་བརྒྱུད་ནས་ཐད་ཀར་འབབ་བཞིན་པའི་ཆུ་བོ་ཆེན་པོ་བཅུ་ལྷག་ཙམ་གྱི་འབྱུང་ཁུངས་ནི་བོད་མཐོ་སྒང་གི་གངས་རི་དང་འཁྱག་རོམ། མཚོ་དང་མཚེའུ་དེ་དག་རེད་ལ། ཆུ་བོ་དེ་དག་གི་འབབ་རྒྱུན་དུ་ཁྱོན་བསྡོམས་མི་འབོར་༤,༤༧༩,༦༡༠,༡༦༢ ཙམ་ཞིག་གི་འཚོ་བའི་རྟེན་གཞི་ལྟ་བུ་ཆགས་འདུག  ཆུ་བོ་དེ་དག་དེ་འདྲའི་གལ་འགངས་ཆེ་བ་ཞིག་ཡིན་པར་ཞིབ་འཇུག་ཁྲོད་གསལ་རྟོགས་བྱུང་བའི་བརྒྱུད། དེ་དག་ལ་སྲུང་སྐྱོབ་ཀྱི་ཐབས་ལམ་དང་གོ་རྟོགས་ཡོང་བའི་ཕྱིར་གུས་པས་དཔྱད་རྩོམ་འདི་སྤེལ་བ་ཡིན།

          དེ་ཡང་དཔྱད་རྩོམ་འདི་ཉིད་བསམ་ཚུལ་དང་བཤད་རྒྱུན་ཙམ་གྱི་དབང་དུ་བྱས་ནས་བྲིས་པ་ཞིག་མ་ཡིན་པར། རྩོམ་ཐུང་འདི་གྲུབ་པའི་མགོ་མཇུག་བར་གསུམ་གྱི་རྒྱུ་ཆའམ་དཔྱད་གཞི་གཙོ་བོ་གཞིར་བཞག་ནས་བྲིས་པ་ཞིག་ཡིན་ལ། མ་འོངས་པར་མུ་མཐུད་ནས་བརྗོད་གཞི་འདིའི་སྐོར་ཞིབ་འཇུག་བྱས་ནས་གཞན་ལ་གོ་རྟོགས་སྤེལ་རྒྱུ་ཡིན། འོན་ཀྱང་ཕྲན་ནི་ཤེས་ཡོན་གྱི་གནས་ཚད་ཞན་པས་དཔྱད་རྩོམ་འདིའི་མགོ་མཇུག་བར་གསུམ་དུ་ནོར་བ་དང་འཁྲུལ་བ་མང་པོ་བྱུང་ཡོད་ངེས་རེད། དེར་བརྟེན་ནོར་འཁྲུལ་དང་ཆད་ལྷག་རིགས་ཡོད་ན་ཀློག་པ་པོ་དག་ལ་དགོངས་དག་ཞུ་རྒྱུ་ལས་མ་འདས།

སྤྱི་ལོ་ ༢༠༡༧ ཟླ་ ༠༨ པའི་ཚེས་ ༡༣ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭ་རུ་བྲིས།  

དཔྱད་གཞིའི་ཟུར་བལྟའི་དེབ་དང་དྲ་གནས་ཁག

(གོང་དུ་ལུང་འདྲེན་ཟིན་པའི་དེབ་དག་གཤམ་དུ་བཀོད་མེད།)

དབྱིན་ཡིག་གི་ཟུར་བལྟའི་དེབ་ཁག

  • Tibet-Environment and Development Issues 1992: Published by Environment and Development Desk, DIIR, CTA.
  • George B.Schaller,1980. Stones of silence: Journey in the Himalayas. The Viking press, New York, 292pp.
  • Gary McCue,1991. The mountaineers seattle,304pp
  • MELTDOWN IN TIBET. Machael  Buckley.  Environment and Develop
  • George B.schaller,1998. Wildlife of the Tibetan Steppe: The University of Chicago press, Chicago, USA

དྲ་རྒྱའི་མིང་།

འབྱུང་བཞིའི་ཆུ་ལ་དཔྱད་པ་ལས་ཁོར་སྲུང་གླེང་བ།

ཨ་སྐྱབས་རྒྱལ་སྲས་ཚང་།

 

གླེང་གཞི།

ད་ཆ་འཛམ་གླིང་གི་ཡུལ་ལུང་སོ་སོར་དུས་ངེས་མེད་ཀྱིས་ས་གཡོ་བ་དང་ཆུ་ལོག་རྒྱུགས་པ། མཚོ་དང་རླུང་འཚུབ་འཕྱུར་བ། མེ་དང་ཐན་པ་བྱུང་བ།  ཐོག་དང་སེར་བ་རྒོད་པ། ལྷག་ཏུ་འགོས་ནད་ཀྱི་རིགས་སྔར་མེད་གསར་དུ་བྱུང་བ། སྨན་རྫས་ཀྱི་ནུས་པ་ཞན་པ་སོགས་ཀྱི་སྣང་ཚུལ་ནི་ཆུ་ཡི་ཟུངས་ཤོར། ས་ཡི་བཅུད་ཉམས། དུད་འགྲོའི་གཡང་ཉམས་པའི་སྔ་རྟགས་སུ་ཤར་བས། སྣོད་ཀྱི་འཇིག་རྟེན་འདི་ཉིད་མྱུར་དུ་འཇིག་ལ་ཉེ་བ་དང་བསྟུན་ནས་ནང་སྐྱེ་འགྲོའི་བློ་ལ་སྐྲག་སྣང་གིས་འཚུབ་ཆ་ཤར་ཏེ་སྨྲེ་ངག་འདོན་པ་ཡིན་མོད། རྒྱལ་སྲས་ཞི་བ་ལྷས། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་བཅོམ།། ཞེས་གསུངས་པ་ལྟར་སེམས་ཅན་མ་རིག་པ་རྨོངས་པས་རང་འདོད་ཡིད་བྱེད་ཀྱི་བློ་སྣ་ཐུང་ཐུང་འདིས་འདོད་པ་ལ་ཁ་མ་བཀང་བས་བརྫད་པ་རེད། དེ་ལ་འཛམ་གླིང་གི་བསམ་བློ་སྔོན་ཐོན་ཅན་གྱི་མི་སྣ་དང་སྡེ་ཁག རྒྱལ་ཁབ་སོ་སོའི་དུས་རབས་གོང་མ་ནས་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་.ལ། འབྲས་བུ་མི་དམན་པ་ཐོབ་པ་ནི་རྗེས་སུ་ཡི་རང་གི་གནས་སུ་འཁུམས། རང་རེའི་བོད་ཆོས་ལྡན་གྱི་ཞིང་འདིར་ལོ་ངོ་སྟོང་ཕྲག་གི་གོང་རོལ་ནས་ལྷ་མི་མཉམ་གནས། མི་དང་ཀླུ་མཉམ་གནས། མི་དང་བྱ་མཉམ་གནས། མི་དང་རི་དྭགས་མཉམ་གནས། མི་དང་རང་བྱུང་གི་ཁམས་མཉམ་གནས་ཀྱི་ལྟ་ཚུལ་བཏོན་ཅིང་ལག་ལེན་དུ་བཏབ་པས། བོད་ནི་ད་ལྟ་འཛམ་བུ་གླིང་དུ་མིས་གཏོར་བརླག་མ་ཐེབས་པའི་ཡུལ་ཉེར་ལྔའི་གཅིག་ཏུ་བགྲང་བ་ཡིན།

དེ་ལྟ་ན། ད་ནི་རྒྱལ་ནང་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་སྙན་ཞུའི་ནང་དུའང་། ཁོར་ཡུག་སྲུང་སྐྱོབ་དང༌། ཐོན་ཁུངས་གྲོན་བསྲི། ནུས་ཁུངས་གྲོན་བསྲི། སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་གཏོང་བ། ཆུ། རླངས། གཤིན་ས། སྦགས་བཙོག་བཅོས་སྐྱོང་སོགས་དོན་ཚན་མང་པོ་ཞིག་ལ་འབྱུང་ཁམས་དཔལ་ཡོན་ཞེས་བརྗོད་བཞིན་པ་ནང་བཞིན་ཚད་མཐོན་པོ་ཞིག་ལ་བཞག་ཡོད། སྙན་ཞུ་ཧྲིལ་པོ་ལ་དོན་ཚན་བཅུ་གཅིག་ལས་དོན་ཚན་བརྒྱད་པ་ཆེད་དུ་བཏོན་ནས་ནན་བཤད་བྱས་ཡོད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ནི་རྒྱ་ཆེ་བའི་ལས་གཞིའི་མ་ལག་ཅིག་ཡིན་ལ། ང་ཚོ་ཚང་མ་མཉམ་ཞུགས་སྒོས་ཧུར་ཐག་འབད་བརྩོན་བྱ་དགོས། ཞེས་པ་ནི་དགའ་འོས་བའི་དོན་དག་ཅིག་དང་མི་རེ་རེའི་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ།

ཉེ་ཆར་ཀྲུའུ་ཞི་ཞིས་ཅིན་ཕིན་ཀྱིས་སྔོ་ལྗང་གི་རི་བོ་དང་དྭངས་བསིལ་གྱི་ཆུ་བོ་ནི་གསེར་རི་དང་དངུལ་རི་རེད་ཅེས་གསུངས་པ་ནི་དགའ་འོས་པའི་གཏམ་དུ་འཁུམས། ཅིའི་ཕྱིར་ན། ཕྱི་སྣོད་ཀྱི་འཇིག་རྟེན་རི་ར་བ་ཁང་ཁྱིམ། དེ་ལ་བརྟེན་པའི་ནང་བཅུད་ཀྱི་སེམས་ཅན་རྟེན་དང་འབྱུང་གི་ཚུལ་དུ། ཆུ་ལ་མ་བརྟེན་པར་ཆགས་ལུགས་མེད་དེ། རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་ཆུ་ཆགས། ཆུའི་ཀློང་ཁམས་ཆེན་པོ་ལ་བརྟེན་ནས་ས་ཆགས་པ་ཡིན་པས། ཆུ་ནི་འཇིག་རྟེན་འདིའི་སྐྱེ་དངོས་དང་སྐྱེ་འགྲོ་ཡོད་དོ་ཅོག་གི་ཚེ་སྲོག་གི་རྩ་བའི་རྨང་གཞིར་གྱུར་བའི་དངོས་པོའམ་རྫས་ཤིག་ཡིན་ལ།

དང་བོ། ཅི་ཞིག་ལ་འབྱུང་བ་དང་འབྱུང་བ་ཆུའི་ངོ་བོ་ངེས་ཚིག་དབྱེ་བ་ལ་དཔྱད་པ།

 ཅི་ཞིག་ལ་འབྱུང་བ་ཟེར།
འབྱུང་ནི་སྐྱེ་དང་འོང་། འབབ་པའི་ཁུངས་ཏེ་དབྱིབས་དང་ཁ་དོག་དྲི་རོ་རེག་བྱ་སོགས་འབྲས་བུའི་གཟུགས་རྣམས་འབྱུང་བའི་གཞིའམ་རྒྱུའི་གཟུགས་ལ་འབྱུང་བ། ཡང་ན་སེམས་ཅན་ལས་ཀྱི་དབང་གིས་འཁོར་བ་ཐོག་མེད་པར་འབྱུང་བས་ན་འབྱུང་བ། ཡང་སྨན་རྩིས་ཀྱི་གཞུང་དུ་ངེས་ཚིག་ཆོས་ཀུན་འབྱུང་ཕྱིར་བརྗོད་ཅེས་པ་ལྟར་ཡིན།

འབྱུང་བ་ཞེས་པའི་མིང་གི་ཐོགས་དེ་ཡང་། འབྱུང་བའི་ཀློང་ལས་ཐམས་ཅད་བསྐྱེད་པའམ་བྱུང་བས་ན་འབྱུང་བ་ཟེར། དག་པ་གསེར་གྱི་མདོ་ཐིག་ལས། ཐམས་ཅད་དབང་སྡུད་འབྱུང་བའི་ལྷ། །འབྱུང་བའི་ངང་དུ་མ་འདུས་གང་ཡང་མེད། །དང་པོ་སྲིད་ནས་བར་དུ་ཆགས། །མཐའ་མ་འཇིག་ཀྱང་འབྱུང་བས་འཇིག ། ཅེས་གསུངས་ཡོད།

འབྱུང་བའི་ངོ་བོ་ནི། ཕྱི་འབྱུང་གཟུགས་སུ་སྣང་བ་འདི་ཡང་ནང་འབྱུང་དངོས་ཀྱི་རོལ་བ་ཡིན་པས། ནང་གི་ཁོངས་ནས་བྱུང་བའམ་དེའི་ཁོངས་སུ་འདུ་བ་ཡིན་པས་འབྱུང་བ་ལྔ་ཟེར། སེམས་ཅན་སྤྱི་མཐུན་ལ་སྣང་བའི་ཕྱིའི་འབྱུང་གཟུགས་ལྔ་ནི། རྟེན་སྣོད་ཀྱི་སྣང་བ་རུ་ཆགས་པ་ཡིན་ལ། ནང་འབྱུང་དངོས་ལྔ་ནི། སེམས་དང་རིག་པའི་རྟེན་དུ་ཆགས།

འབྱུང་བའི་དབྱེ་བ་ལ། སྤྱིར་བཏང་འབྱུང་བ་ལ་ཕྱིའི་འབྱུང་བ་དང་ནང་གི་འབྱུང་བ་རྣམ་པ་གཉིས་སུ་དབྱེ་རུང་བ། དེ་ལ་ཡང་འབྱུང་ཆེན་འབྱུང་ཆུང་ཕྱེ་རུ་ཡོད། དེ་ལའང་ནང་གི་འབྱུང་བ་ལ་དྭངས་མ་དང་སྙིགས་མ་གཉིས་སུ་དབྱེ་རུ་ཡོད། ཡང་རྩིས་དཔེ་གསར་སྒྲིག་སུ། ཕྱི་ནང་གསང་གསུམ་འབྱུང་བ་ལས། །ཕྱི་འབྱུང་ནམ་མཁའི་དྭངས་མ་སྟེ། །འོག་དང་སྟེང་དུ་གནས་པ་ཡིན། །དེ་སྟེང་འབྱུང་བ་ཤིང་ཁམས་ཆགས། །དེ་སྟེང་ཆུ་ལ་དེ་སྟེང་ལྕགས། །དེ་སྟེང་ས་ལ་དེ་སྟེང་མེ། །དེ་ནི་ཕྱི་ཡི་འབྱུང་ལྔ་ཡིན། ཞེས་གསུང་བ་འདིས་ལས་འབྱུང་བའི་ཕྱི་ནང་དང་། འབྱུང་བའི་དྭངས་སྙིགས་སོ་སོར་དབྱེ་ཡོད།

ནང་གི་འབྱུང་བ་དྭངས་མ་སེམས།། དྭངས་མ་རླུང་གི་རྟར་བཞོན་ནས།། མངལ་འཇུག་ཤིང་ཁམས་རྩ་རྒྱུད་ཆགས།། རྩ་ལ་ཁྲག་དང་ཆུ་སེར་ཆུ།། རུས་པ་ལྕགས་ལ་ཤ་ནི་ས།། དྲོད་ནི་མེ་ཡིན་ཀུན་ལ་ཁྱབ།།

འབྱུང་བ་འདི་ལ་ཕྱི་སྣོད་ཀྱི་འབྱུང་བ་རི་ར་བ་ཁང་ཁྱིམ་གྱི་གྲུབ་རྒྱུ་ས་ཆུ་མེ་རླུང་དང་། ནང་བཅུད་ཀྱི་འབྱུང་བ་སེམས་ཅན་ལུས་རྟེན་གྱི་གྲུབ་རྒྱུ་ས་ཆུ་མེ་རླུང་རྣམ་པ་གཉིས་ཀྱི་དབྱེ་བ་ཡོད། ཕྱི་འབྱུང་ས་ཆུ་ལ་སོགས་པ་འདི་དག་ནང་འབྱུང་གི་རྟེན་ཡིན་པས། རྟེན་དང་བརྟེན་པར་འབྲེལ་བས་ན་ཕྱི་ནང་གི་འབྱུང་བ་གཉིས་སུ་ངེས་པ་ཡིན།

འོ་ན་འབྱུང་ཆེན་འབྱུང་ཆུང་ཞེས་པ་གང་ཡིན་ཞེ་ན། དེ་ལ་འབྱུང་བ་ཆེན་པོ་ནི། འོད་གསལ་བའི་ཡེ་ཤེས་ཁ་དོག་ལྔ་ལྔན་དེ་ཡིན་པ་དང་། འབྱུང་ཆུང་ནི། ས་ཆུ་མེ་རླུང་ནམ་མཁའ་ལྔ་བོ་དེ་རྣམས་ཡིན། འཁོར་འདས་ཐམས་ཅད་འབྱུང་ལྔའི་དབྱིངས་ལས་མ་གཡོས་ཤིང་། འབྱུང་ལྔ་མེད་པའི་སྔོན་དུ་འཁོར་འདས་བྱུང་བའང་མེད།

དེ་ལའང་ནང་གི་འབྱུང་བ་ལ་དྭངས་མ་དང་སྙིགས་མ་གཉིས་སུ་དབྱེ་རུ་ཡོད། སྲོག་རྩོལ་ཏིང་འཛིན་ཕྱག་རྫོགས་སྒོམ་དང་རྡོར་སེམས་བཟླས་པ་སོགས་ལ་བརྟེན་ནས་རྣམ་སྨིན་གྱི་ཕུང་བོ་སྙིགས་མ་དག་པའི་ཆ་ནས་དྭངས་མ་མངོན་དུ་གྱུར་ནས་སྒྱུ་ལུས་དང་ལྷ་སྐུར་ལྡིང་བ་སོགས་འབྱུང་རུང་ལྟར་གཙོ་བོ་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་ན་དག་ཞིང་གཞན་འཚོལ་མི་དགོས་པའི་དཔེའོ།

དེ་ཡང་རྩིས་གཞུང་དུ་ཤིང་མེ་ས་ལྕགས་ཆུ།  ནང་པས་ས་ཆུ་མེ་རླུང་། མི་འགལ་ཏེ་ཤིང་གཡོ་བའི་རང་བཞིན་རླུང་དུ་བསྡུ། ལྕགས་སྲ་བའི་རང་བཞིན་སའི་ཁོངས་སུ་བསྡུ། ཞེས་བཤད། དག་པ་གསེར་གྱི་མདོ་ཐིག་ལས། རླན་བྱེད་ཆུ་ཡིས་ཕུང་བོ་བསྐྱེད། །བདུད་རྩི་ཆུ་ཡིས་ཕུང་བོ་གསོ། །ཀུན་གྲུབ་ཆུ་ཡིས་འབྲས་བུ་འཚོལ། །འདོད་བྱེད་ཆུ་ཡིས་གཏི་མུག་སྦྱོང་། ཞེས་གསུངས་བ་བཞིན་ཡིན་ལ། གོ་དོན་རྟོག་སླ་བས་ཚིག་འགྲེལ་མི་དགོས་པར་འདོད།

འབྱུང་བ་ཆུའི་ངོ་བོ་ངེས་ཚིག་དབྱེ་བ་ལ།

ཆུ་ཞེས་པའི་མིང་གི་ཐོགས་ཚུལ་ལ། འབྱུང་བ་ཆུ་ཡི་འཁོར་ལོ་ཡིས་ཐམས་ཅད་སྐྱེད་ཅིང་ཐམས་ཅད་ཆུབ་པས་ཆུ་ཟེརབ་ཡིན་ཏེ། དག་པ་གསེར་གྱི་མདོ་ཐིག་ཏུ། ཐམས་ཅད་ཆུབ་པས་ཆུ་ཞེས་བྱ། ། ཆུ་ཡིས་ཐམས་ཅད་བསྐྱེད་པས་ཆུ་ཞེས་གསུངས།

ཆུའི་མཚན་ཉིད་བཤད་པ་ལ། ཆུ་ནི་བརླན་ཞིང་གཤེར་བ། སྣུམ་པ་དང་ཞུ་བ་ཡིན། འབྱུང་བ་ཆུ་ཡིི་བྱེད་ནུས་ནི་སྡུད་པ་ཡིན། བོད་ཀྱི་སྨན་གཞུང་ལས་གསུངས་པ་བཞིན་མིའི་ལུས་ཕུང་ནི་སྡོང་བོ་དང་ཡང་འདྲ་སྟེ། སས་འཛིན། ཆུས་སྡུད། མེས་སྨིན། རླུང་གིས་རྒྱས། ཞེས་གསུངས་བ་བཞིན་ཡིན།

ཚན་རིག་པ་དབྱིན་ཇིའི་ཚན་རིག་པ་ཧེན་རེ་ཁ་ཝན་ཌེ་ཞི་[Henry Cavendish] ཡིས་སྤྱི་ལོ་ 1784 ལ་ཚོད་ལྟ་བྱས་ཏེ་ཆུ་ནི་རྫས་འགྱུར་གྱི་རྒྱུ་མ་ཡིན་ཞིང་། རླངས་གཟུགས་གཉིས་འདྲེས་ནས་བྱུང་བའི་དངོས་པོ་ཞིག་ཡིན་ར་སྤྲོད་བྱས། རྗེས་སུ་སྤྱི་ལོ་ 1811 ལ་དབྱི་ཊ་ལིའི་དངོས་ཁམས་རིག་པ་བ་ཨ་ཝོ་གཱ་དྷོར་Amadeo Avogadro ཡིས། རྫས་འགྱུར་གྱི་དབྱང་ [oxygen] གི་རྡུལ་གཅིག་དང་། ཆིང་ [hydrogen] རྡུལ་གཉིས་མཉམ་དུ་བསྲེས་ན་ཆུའི་གཤེར་གཟུཊ་གྲུབ་པས། ཆུ་ཚད་འཇལ་ལ་ H2O ཞེས་པའི་རྫས་རྟགས་འདི་གཏན་ལ་ཕབས། རྗེས་སུ་ཚན་རིག་པ་རྣམས་ཀྱིས་ཆུའི་འདུས་རྡུལ་མཚོན་ཕྲེང་དེ་ H2O རུ་གཏན་འབེབས་བྱས།

གསང་སྔགས་ཀྱི་གཞུང་དུ་འབྱུང་བའི་ཁ་དོག་བསྟན་པ། དང་པོ་འཁྲུལ་བའི་གནས་སྐབས་སུ། སེར་པོ་ས་རུ མཐོང་། དཀར་བོ་ཆུ་རུ་མཐོང་། དམར་བོ་མེ་རུ་འཁྲུལ། ལྗང་གུ་རླུང་དུ་འཁྲུལ། མཐིང་ཁ་ནམ་མཁའ་ལ་འཁྲུལ་ནས་ནང་འབྱུང་ཕྱི་འབྱུང་དུ་ཇེ་རགས་སུ་སོང་ཞིང་། མཐར་འཆི་བའི་གནས་སྐབས་སུ་ཡང་འབྱུང་བ་ལུགས་ལྡོག་ཏུ་དེ་ལྟར་སྡུད་པ་ཡིན།

ཆུའི་འབྱུང་ཁུངས་བསྟན་པ་ལ། དག་པ་གསེར་གྱི་མདོ་ཐིག་ལས། དེ་ཚེ་མེ་ཡི་ཚ་ངར་ལས། ། འབྱུང་བ་ཆུ་ཡི་འཁོར་ལོ་ཆགས། ཞེས་པ་ལྟར་དང་། ཡང་ན། །རི་རབ་གསེར་གྱི་གླིང་ཆེན་བཞི། །དེ་བཞིན་དེ་ཡི་རླན་གྱིས་བརྩས། །འགྱེལ་བ་མེད་པ་སྲ་བརྟན་ཐེག །རོལ་བའི་མཚོ་བདུན་དེ་ལྟར་ཆགས། ། ཞེས་ཆུའི་འབྱུང་ཁུངས་བསྟན་ཡོད།

བོད་ཀྱི་འབྱུང་བ་རེ་ལ་ལྷ་རེ་ཡོད་པར་འདོད་པ་བཞིན་འབྱུང་བ་ཆུ་ལ་ཡང་ལྷ་ཡོད་དེ། དག་པ་གསེར་གྱི་མདོ་ཐིག་ལས། འབྱུང་བ་ལྔ་ཡི་ལྷ་ཆེན་རྣམས། །ཞེས་དང་། ཡང་། ཆུ་ལྷའི་རྒྱལ་པོ་འཁོར་ལོ་ཅན། ཞེས་ཆུ་ལྷ་ངོས་བཟུང་ཡོད་བྱེད།

མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཏུ་ཆུའི་ལྷ་མོ་གསོ་བྱེད་མ། གསང་སྔགས་ཀྱི་ལུགས་ལ་ཆུ་མཱ་མ་ཀཱི་ཡིན་ཏེ། གསང་སྙིང་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། ཞེས་གསུངས་ཤིང་། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར་འདོད་པ་པ་ཡིན།

སྲིད་པ་གསུམ་གྱི་བརྟན་པ་སྣོད་དག་དང་མ་དག གཡོ་བ་བཅུད་ཀྱི་སེམས་ཅན་དང་སངས་རྒྱས། ཆོས་ཡོད་དོ་ཅོག་མ་ལུས་པ་ལུས་པ་མེད་པར་དག་མཉམ་བདེན་པ་དབྱེར་མེད་ཀྱི་ངང་དུ་མི་དམིགས་པས་ན་སྐྱེ་ཁམས་དོ་སྙོམས་ཀྱི་ལྟ་བའི་མཐར་ཐུག་བསྟན་ཡོད། ཆུ་མདོག་སྔོན་པོ་དང་དབྱིབས་ཟླུམ་པོ་ཡིན་བཤད་དོ།

གཉིས་པ། ནང་བཅུད་སེམས་ཅན་གསོ་བར་ཆུ་གལ་འགངས་ཆེ་ཚུལ།

ནང་བཅུད་ཀྱི་སེམས་ཅན་མི་ལུས་འཚོ་ཞིང་གསོ་བར་ཆུ་ནི་མེད་དུ་མི་རུང་། 

ཚན་རིག་གིས་ར་སྤྲོད་གནང་བ་ལྟར་ན་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། ཆུ་ནི་དབྱང་དབུགས་དང་འདྲ་བར་མིའི་ལུས་ཕུང་ལ་ཧ་ཅང་མཁོ་ལ་གལ་འགངས་ཆེ་བར་བཤད། མིའི་ཟས་རིགས་གཞན་པ་མ་ཟོས་ན་གཟའ་འཁོར་འགའ་ལ་འཚོ་ཐུབ་པ་དང་། ཡང་ན་ལུས་ལ་ནད་གཞི་ཕོག་ནས་ལོ་ཁ་ཤས་ལ་འཚོ་ཐུབ་པའི་སྣང་ཚུལ་ཡོད་ལ། གལ་ཏེ་ཆུ་མ་འཐུང་ན་ཉིན་བདུན་མ་གཏོགས་འཚོ་མི་ཐུབ། དཔེར་ན། མིའི་ལུས་ཕུང་གི་གྲུབ་ཆ་གཙོ་བོ་ནི་ཆུ་ཡིན་ཏེ། དར་མའི་ལུས་ཕུང་གི་བརྒྱ་ཆའི 60 -70 ཟིན་ཡོད། བྱིས་པའི་ལུས་ཕུང་གི་བརྒྱ་ཆའི80ཟིན་ཡོད། དེ་ཡང་ཞིབ་ཏུ་ཀླད་ཞོ་ལས་ཆུའི་ཚད75%དང་། ཁྲག་གཤེར་ལས་ཆུའི་ཚད83%དང་། ཤ་གནད་ལས་ཆུའི་ཚད76%ཆུ་ཡིན།

གལ་ཏེ་ལུས་ཁམས་ཀྱི་ཆུ་བཙོག་པོར་ཆགས་ན་ཆུ་ལ་བརྟེན་པའི་ལུས་ཀྱི་ཕྲ་ཕུང་ཡོད་ཚད་དུག་ཅན་དུ་གྱུར་ནས་ལུས་པོ་བདེ་ཐང་མི་ལྡན་པར་འགྱུར་སྲིད།

དཔེར་ན་ལུས་ལ་གནས་པའི་ཆུའི་རྫས་ལས1%-2%ཙམ་ཇེ་ཉུང་དུ་སོང་ན་སྐོམ་པའི་ཚོར་བ་སྐྱེས། ཡང་ན་ཆུའི་རྫས5%ཇེ་ཉུང་དུ་སོང་ན་ཁ་ལྕེ་སྐམ། སྐྱི་པགས་ལ་གཉེར་མ་ཆགས་པ་དང་དྲན་རིག་མི་གསལ་བའི་འཁྲུལ་སྣང་འབྱུང་བར་བཤད། གལ་ཏེ་མིའི་ལུས་སྟེང་གི་ཆུའི་རྫས10%ཇེ་ཉུང་དུ་སོང་ན་ལུས་ཀྱི་འབྱུང་ཁམས་འཁྲུག་ཅིང་ནད་བསྐྱེད། ཆུའི་རྫས 20%-22% ཇེ་ཉུང་དུ་སོང་ན་མིའི་ཚེ་སྲོག་འགགས་པར་འགྱུར།

མིའི་ལུས་སྟེང་ལ་དབྱང་དབུགས་ཀྱི་དགོས་མཁོ་ཨང་དང་བོ་དང་ཆུའི་དགོས་མཁོ་ཨང་གཉིས་པ་ཡིན། མི་ལུས་ལ་འཚོ་བཅུད་ཀ་བ་དང་ཁ་བ། གཏེར་རྫས་ཀྱི་རིགས་མ་འདང་བའམ། ཡང་ན། ནད་རིགས་མི་འདྲ་བ་བྱུང་རུང་ལོ་ཁ་ཤས་གསོན་ཐུབ། གལ་ཏེ་ཆུ་མེད་ན་ཉིན་ཞག་ཁ་ཤས་མ་གཏོགས་འཚོ་མི་ཐུབ། ཆུ་ནི་མིའི་ལུས་སྟེང་གི་ཕྲ་ཕུང་གསོ་བྱེད་གལ་ཆེན་ཞིག་ཡིན། དར་མའི་ལུས་པོའི་ལྗིད་ཚད་ཀྱི་བརྒྱ་ཆའི་ 60-70ཟིན་ཡོད། བྱིས་པའི་ལུས་པོའི་ལྗིད་ཚད་ཀྱི་བརྒྱ་ཆའི་80ཟིན། །

མིའི་སྐྱེ་ཁམས་འགུལ་སྐྱོད་སྣ་ཚོགས་ལ་ཆུ་ཧ་ཅང་མཁོ་དེ། དཔེར་ན། ཆུས་འཚོ་བཅུད་ཀྱི་ཟ་མའི་རིགས་གཤེར་གཟུགས་སུ་བཏང་ནས་འཚོ་བཅུད་སྡུད་ལེན་བྱེད་པ་དང་། ཆུ་ཁྲག་རྩ་དང་ཕྲ་ཕུང་གི་བར་དུ་མཚམས་མ་ཆད་པར་བཞུར་ནས་སྐྱེལ་འདྲེན་བྱེད་བཞིན་དུ། ལུས་ཀྱི་ཕྲ་ཕུང་གསོ་བ་དང་སྙིགས་མ་ཕྱི་རོལ་དུ་འདོར་བའི་བྱེད་ནུས་འདོན།

ཆུས་དྲོད་ཚད་སྙོམས་སྒྲིག་སྟེང་ནུས་པ་ངེས་ཅན་འདོན་ཤིང་། མིའི་དབུགས་འབྱིན་པ་དང་རྔུལ་ཆུ་ཕྱིར་འབྱིན་པའི་སྐབས་ཚང་མ་ཆུ་ཡིན་པ་སྨོས་མ་དགོས། དཔེར་ན། ཚ་བ་ཆེ་བའི་དུས་ཚིགས་དང་། དྲོད་ཚད་མཐོ་བའི་ཁོར་ཡུག་ཏུ་ལུས་ཕུང་ནས་རྔུལ་ཆུ་འབྱིན་པ་ན་ལུས་པོའི་དྲོད་ཚད་ཇེ་དམའ་རུའགྲོ།

ཆུ་ནི་མིའི་ལུས་སྟེང་གི་འཇམ་འདྲེད་བྱེད་རྫས་ཞིག་ཡིན་ཏེ། དེས་མིའི་ངོ་མདངས་ཇེ་ཡག་ཏུ་གཏོང་ཐུབ་ལ ། ཆུ་མེད་ན་ངོ་མདངས་སྐྱ་བོར་འགྱུར་བ་དང་། རྒས་ཁ་ཡང་ཧ་ཅང་སླ། ཆུ་ནི་འཛམ་བུའི་གླིང་གི་རིན་ཐང་ཆེས་ཆུང་བའི་གསོ་བྱེད་ཀྱི་སྨན་ཆེས་བཟང་བོ་ཞིག་ཡིན་ལ། དེ་ནི་གཙོ་བོ་ཆུའི་ནང་དུ་མིའི་ལུས་ཕུང་ལ་ཕན་པའི་རྫས་ཡོད། ཆམ་པ་འཕོག་པ་དང་། ཚ་རྒྱག་པའི་སྐབས་སུ། ཆུ་ཁོལ་མང་བ་འཐུང་ན་ནད་སེལ་ཐུབ་ལ། ཚ་རྒྱག་པའི་མགོ་སྙོམས་ཐུབ། ད་དུང་ཁྲག་ནང་གི་སྲིན་འབུའི་རིགས་ལས་གྲུབ་པའི་དུག་གི་རིགས་ཀྱང་སེལ་ཐུབ། དེ་དང་ཆབས་ཅིག་གཅིན་གཏོང་རྒྱུ་མང་བ་དེས་དུག་རིགས་སེལ་ཐུབ་པར་ཕན་པ་ཡོད། མ་གཉིད་གོང་གི་སྔོན་དུ་ཆུ་ཇ་ཕོར་གང་འཐུང་ན་ངོ་མདངས་ཇེ་ཡག་ཏུ་གཏོང་ཐུབ་ལ། དེས་འབྲས་བུ་ཧ་ཅང་བཟང་། གཉིད་སེལ་པའི་རྗེས་སུ་ཆུ་ཚང་མ་ཤ་གསེང་དུ་འཐིམས་ནས་ཆུ་སྡུད་ལེན་བྱས་པས་ངོ་མདངས་ལ་སྣུམ་རྒྱུགས་པ་ཡིན། འདི་ནི་མི་ཙམ་ལ་པན་པའི་ཆུའི་ནུས་པ་ཁག་ཅིག་ཙམ་རེད།

མི་ལུས་ཐོག་མར་ཆུའི་ཁམས་ལ་བརྟེན་ནས་ཆགས་པ།

གསང་སྙིང་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། ། ཞེས་ས་སྤྱན་མ་དང་ཆུ་མཱ་མ་ཀི ཆུའི་ཁམས་ལ་བརྟེན་ནས་སའི་ཁམས་ཆགས་པས་ན། འདིར་སྤྱན་ཞེས་པ་ལྟ་བྱེད་ཀྱི་མིག་ལ་གསུང་བ་མིན་པར་ལུས་ཐོག་མར་ཆགས་ཚེ་ཆུའི་ཁམས་ལ་བརྟེན་ནས་སྔོན་དུ་ཆགས་པའི་སྐྱེད་བྱེད་ཀྱི་རྩ་ཡི་མདུད་པའི་ནང་དུ་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་ཆགས་པ་ལ་གོ་དགོས། འབྱུང་བའི་སྤྱན་ལས་འབྱུང་བཞིའི་ལུས་གྲུབ་ཅིང་སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་མཐོང་བྱེད་དམ་དོན་དམ་མྱང་འདས་ཀྱི་གཞི་རུ་རྒྱང་ཞག་ཆུའི་སྒྲོན་མ་ཆགས། དེ་ལྟ་བུའི་ལམ་དེ་གཉིས་ཀའི་སྒྲུབ་གཞིའམ་མཐོང་བྱེད་ཡིན་པས་སྤྱན་གཉིས་ཀྱི་ཐ་སྙད་སྦྱར་ནས་གསུངས།

བོན་གྱི་རིག་གཞུང་དུ། ཚེ་སྲོག་ཐམས་ཅད་ཀྱང་འབྱུང་བ་ལྔ་ལས་མ་བྱུང་བ་གཅིག་ཀྱང་མི་སྲིད་པར་འདོད་དེ། བོན་ཀྱི་མཛོད་འགྲེལ་ལས། འབྱུང་བ་ལྔ་ལས་ཀུན་ཀྱང་སྤྲུལ། ཞེས་པ་དང་། སྐྱེ་འགྲོ་སེམས་ཅན་སྲོག་དང་དབུགས་ཀྱིས་བསྡུས་པ་རྣམས། “དྲོད་མེའི་མདངས་ལས་སྤྲུལ། ཁྲག་ཆུའི་བག་ལས་སྤྲུལ། ཤ་སའི་རྟེན་ལས་སྤྲུལ་པའོ།” ཞེས་གསུངས་བ་བཞིན་མིའི་ལུས་རྟེན་ཐོབ་པར་ཆུ་མེད་དུ་མི་རུང་།

བོད་ཀྱི་སྨན་གཞུང་དུ། སྨན་གྱི་ཐོག་མ་ཆུ་ཁོལ་ཡིན་པར་བསྟན་པ་ཅིང་། ནད་ཀྱི་ཐོག་མ་མ་ཞི་བ། །སྨན་གྱི་ཐོག་མ་ཆུ་ཁོལ། །ཞེས་ཆུ་ཁོལ་ནི་བོད་སྨན་གྱི་ཐོག་མ་ཡིན་པར་བསྟན་པ་དང་། ཆུ་ནི་མི་རྣམས་ཀྱི་འཚོ་བར་མེད་དུ་མི་རུང་བས་ཉིན་རེར་སྐོམ་བསྟེན་དགོས་པར་མ་ཟད། ཆུའི་བཏུང་ཚད་འདང་ངེས་སུ་མ་བསྟེན་ན་མིའི་ལུས་ཟུངས་ལ་གནོད་པ་ཤིན་ཏུ་ཆེ་བས། རང་ཉིད་ཀྱི་ལུས་ཀྱི་དགོས་མཁོ་ལྟར་ལོངས་སུ་སྤྱད་ན་ལུས་ཀྱི་སྲིན་འབུ་དར་ཞིང་རྒྱས་པས་ལུས་ཕུང་སྟོབས་དང་ལྡན་པར་འདོད།

ཡང་བཤད་ཚུལ་གཞན་ཞིག་ནི། ཆུས་ཕན་ཙམ་ཞིག་སྨན་གྱིས་མི་ཕན་ལ། །ཆུས་གནོད་ཙམ་ཞིག་དུག་གིས་ཀྱང་ག་ལ་གནོད། །ཅེས་པ་སོགས་སྔོན་བྱོན་གྱི་གསོ་བྱེད་མཁས་དབང་མང་པོས་ཆུ་ཡི་རིགས་ཀྱི་ཕན་གནོད་ཐད་ལ་དེང་དུས་ཚན་རིག་ལས་ཀྱང་ལྷག་པའི་ཞིབ་འཇུག་དང་དོ་སྣང་མཛད་འདུག་པས་ང་ཚོ་ཕྱི་རབས་པས་ཤེས་ནས་དད་པ་དང་བཀའ་དྲིན་དྲན་འོས་པར་བསམས།

 

བོད་ཀྱི་རིག་གཞུང་ལས་ཆུའི་ཁྱད་ཆོས་བཤད་པ།

ཆུ་ཡན་ལག་བརྒྱད་ལྡན་ནི་ ༡ བསིལ་བ། ༢ ཞིམ་པ། ༣ ཡང་བ། ༤ འཇམ་པ། ༥དྭངས་པ། ༦དྲི་མ་མེད་པ། ༧ལྟོ་ལ་མི་གནོད་པ། ༨མགྲིན་པ་ལ་མི་གནོད་པའི་ཆུ་ཡིན།

ཆུ་ལུམས་ནི་ཚ་གྲང་གཉིས་ཀྱི་ནད་བཅོས་ཐབས། དེ་ལས་གྲང་ནད་བཅོ་ཐབས་ལ་ཆུ་ཚན་རིགས་ལྔ་སྟེ།  ༡རྡོ་སོལ་དང་འདྲེས་པའི་ཆུ། ༢རྡོ་སོལ་དང་ཅོང་ཞི་འདྲེས་པའི་ཆུ། ༣རྡོ་སོལ་དང་། ཅོང་ཞི། མུ་ཟི་འདྲེས་པའི་ཆུ། ༤རྡོ་སོལ་དང་། ཅོང་ཞི། མུ་ཟི། བྲག་ཞུན་འདྲེས་པའི་ཆུ། ༥རྡོ་སོལ་དང་། ཅོང་ཞི། མུ་ཟི། བྲག་ཞུན། ལྡོང་རོས་འདྲེས་པའི་ཆུ་བཅས་ལྔ་ཡོད།

ཆུ་ཚན་རིང་བསྲེལ་ནི་ཆུ་ཚན་ལས་བྱུང་བའི་དབང་རིལ་འོད་ཟེར་འཕྲོ་བ་ཞིག་ཡོད་ཅིང་ནུས་པས་གདོན་ནད་ཐམས་ཅད་སེལ་ཐུབ་པའི་རིན་པོ་ཆེ་ཞིག་ཡིན་པ་བཤད།

ང་། ཆུའི་རིགས་དབྱེ་བ། 

ཆུ་ལ་དབྱེ་ན་ཆར་ཆུ་དང་། གངས་ཆུ། ཀླུང་ཆུ། ཆུ་མིག ཁྲོན་ཆུ། བ་ཚྭའི་ཆུ། ཤིང་ནགས་ཀྱི་ཆུ་བཅས་རིགས་བདུན་ཡོད། རྒྱུད་ལས། ཆུ་རིགས་འདི་དག་ལ་མཆོག་དམན་དབྱེ་ཡོད་དེ། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་གསུངས་པ་ལྟར་ཡིན། ཆུ་ཡི་རིགས་དེ་དག་གི་ཕན་གནོད་ཀྱི་ཁྱད་པར་ཤེས་པར་བྱ་བར་ཧ་ཅང་གལ་ཆེ་བ་ཡིན་པས། ཡན་ལག་བརྒྱད་པ་ཆེན་པོ་ལས།

ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག །ལུས་ཀྱང་དེ་ཡི་རང་བཞིན་ཡིན། །དེ་བས་ཤིན་ཏུ་དག་པ་ཡི། །ཆུ་ནི་གང་དུའང་ལྡོག་པ་མེད། །ཅེས་གསུང་ཡོད།

ཆུའི་ཕན་གནོད།

ཆར་ཆུ་ནི་རྒྱ་མཚོའི་རླངས་པ་མཁའ་ལ་སྤྲིན་དུ་ཆགས་པ་ལས་ཐད་ཀར་ནམ་མཁའ་ནས་མར་བབས་པ། མི་གཙང་བ་སོགས་ཉེས་པའི་སྐྱོན་གང་གིས་ཀྱང་མ་སྦགས་པས་རབ་ཡིན་པར་བཤད་ལ། ལྷག་ཏུ་རིན་ཆེན་གྱི་སྨན་གྱི་རིགས་བསྟེན་སྐབས་སྨན་ཁོང་དུ་བཏང་བྱེད་ཀྱི་སྨན་ཆུ་ལ་ཆར་ཆུ་དེ་ལོན་ན་མཆོག་ཏུ་གྱུར་པ་ཡིན་ཞིང་དེས་ཕོ་བའི་མེ་དྲོད་ལ་མི་གནོད་པ་མ་ཟད་བླ་གཉན་གྱི་ནད་གཞན་མི་སྐྱེད་པས་བཟང་ངོ་ཞེས་ཀུན་བཟང་རང་གྲོལ་ལགས་ཀྱི་གསོ་རིག་དང་འབྲེལ་བའི་ཆུ་ཡི་རིགས་དག་གི་ཕན་ནུས་ལ་ཕྱོགས་ཙམ་དཔྱད་པའི་གཏམ་དུ་གསལ་ལ། ཆར་ཆུ་དེ་ཡང་དུས་སུ་འབབ་པ་མ་ཡིན་ན་བསྟེན་མི་རུང་བར་བཤད་ཅིང་། རོ་མི་གསལ་ལ་ཞིམ་ཞིང་ཡིད་ངོམས་པ་དང་། བསིལ་ལ་ཡང་བས་བདུད་རྩི་དང་འདྲ་བར་བཤད།།

གངས་ཆུ་ནི་རྡོ་བྲག་ལ་སོགས་པ་ཀུན་ལ་བརྡབས་ནས་ཕུ་ཐག་རིང་བོ་བརྒྱུད་དེ་བཞུར་བ་དང་། ཉི་ཟླ་སོགས་ཀྱི་འོད་ཕོག་པ་བཅས་ཀྱི་དགེ་མཚན་ལྡན་པས་ཤིན་ཏུ་བཟང་། བོད་ཀྱི་གསོ་བ་རིག་པའི་གཞུང་དུ། གངས་ཅན་ལས་བྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མི་ཡིས་ཐུབ་པ་དཀའ། །བརྟན་གཡུག་སྲིན་བུ་རྐང་འབམ་སྙིང་ནད་བསྐྱེད། །ཅེས་པ་ལྟར་གངས་ཆུ་དེ་ཤིན་ཏུ་དྭངས་ཤིང་དྲི་མ་བྲལ་བས་བཟང་མོད། ཕོ་བའི་མེ་དྲོད་ཀྱིས་མ་ཐུབ་ནད་བསྐྱེད་པའི་ཉེས་པ་ཡོད་པར་འདོད། སྐོམ་དད་ཆེ་ཞིང་ཚ་དྲོད་རྒྱས་པ། ཁྲག་དང་མཁྲིས་པ་འཕེལ་བ། སྐྱུག་པ་དང་དུག་ནད། ཆང་ནད། མགོ་ཡུ་འཁོར་བ། ལུས་ངལ་བ། དྲན་མེད་དུ་བརྒྱལ་བ། སྣ་ཁྲག་འཛག་པ་བཅས་ལ་ཕན། འོན་ཀྱང་། རབ་ཏུ་བསིལ་བས་རྒས་པ་དང་། ཟུངས་ཟད། ཕོ་བའི་མེ་དྲོད་ཞན་པ་རྣམས་ཀྱིས་ཐུབ་དཀའ་བ་དང་། ཡང་བའི་ཡོན་ཏན་ལྡན་པའི་དབང་གིས་ལྟོ་བའི་སྲིན་འབུ་དང་། རྐང་འབམ་གྱི་ནད། སྙིང་ནད་སོགས་བསྐྱེད་བའི་ཉེས་པ་ཡོད་པར་འདོད།

ཀླུང་ཆུའམ་ཆུ་ཀློང་གི་ཆུ་ནི་ས་གཙང་སར་ཉི་འོད་ཕོག་པ་བཟང་ཞིང་། འདམ་རྫབ་དང་ཉ་ལྕིབས་རྩ་ལོ་དང་ཤིང་གྲིབ་ཕོག་པ་དང་། བ་ཚྭ་དང་ཉ་སྦལ་དང་ཆུ་སྲིན་སོགས་སྲོག་ཆགས་མང་དུ་གནས་པའི་ཆུས་ཉེས་པ་ཀུན་བསྐྱེད་པར་བཤད་ལ། གོང་གི་གངས་ཆུ་དང་ཆུ་ཀླུང་གི་ཆུ་ཡང་ཤུགས་ཀྱིས་འགྲོ་བ་མ་ཡིན་པ་དལ་གྱིས་འབབ་པའི་ཆུ་ལ་བརྟན་གཡུང་གི་ཆུ་ཞེས་བྱ་བས་བསྟེན་པའི་གནས་མ་ཡིན་ལ་རྒྱུད་ལས། བརྟན་གཡུང་སྲིན་བུ་རྐང་འབམ་སྙིང་ནད་བསྐྱེད། །ཅེས་པ་ལྟར་ཆུའི་ནང་དུ་སྲིན་འབུ་དང་སྲོག་ཆགས་ཀྱི་གཅིན་སྐྱག་བཏང་ཡོད་པ་དང་། ཉི་མའི་འོད་མ་ཕོག་པ་རྩྭ་དང་ལོ་མས་ཆུའི་ཁར་ཁྱབ་པའི་ཆུའི་རིགས་དམན་པ་བསྟེན་ན་ཉེས་པ་ཀུན་བསྐྱེད་ལ་ལུས་ཁམས་མི་བདེ་བ་འབྱུང་བས་ན། བཏུང་བའམ་སྨན་ཆུ་སོགས་གང་ཡང་བསྟེན་བྱའི་རིགས་མ་ཡིན་པར་ཤེས་པར་བྱའོ།

ཆུ་མིག་གི་ཆུ་ནི་ས་འོག་ནས་རང་བྱུང་དུ་ས་ཁར་བརྡོལ་བའི་ཆུ་ལ་བྱ་བ་ཡིན་པས་ཡུལ་སྐད་དུ་ཆུ་མགོ་ཞེས་ཟེར་ལ། དེ་ཡང་ཆུ་ཡི་འབྱུང་ཁུངས་ཡང་ནུབ་ཕྱོགས་ནས་འབབ་ཅིང་ཉི་འོད་དང་རླུང་གཙང་མས་ཕོག་པ་དག་བཟང་ལ། རྒྱུད་ལས། ས་གཙང་ཉི་འོད་རླུང་གིས་ཕོག་པ་བཟང་། །ཞེས་སོ། །

ཁྲོན་པའི་ཆུ་ནི་ས་འོག་གཏིང་རིང་ནས་བྱུང་བས་ཆུ་གཙང་དུ་འདོད། ཁྲོན་པའི་ཆུ་ནི་ཆུ་རབ་འབྲིང་ཐ་གསུམ་ལས་ཆུ་འབྲིང་བོ་ཡིན་ཞིང་མིས་བསྟེན་དུ་རུང་ཡང་སྲོག་ཆགས་ཀྱི་དྲི་དང་འབུ་སྲིན་སོགས་ཡོད་མེད་ལ་བརྟག་སྟེ་བསྟེན་ན་ལེགས།

རྒྱ་མཚོ་ལྟ་བུའི་ཆུ་ནི་བ་ཚྭའི་ཆུ་ཡིན་པས་བསྟེན་དུ་མི་རུང་བ་ཡིན་ཏེ་དེའི་ནང་དུ་སྲོག་ཆགས་མང་པོ་འཚོ་གནས་བྱས་པས། འདམ་རྫབ་ཉ་ལྕིབས་རྩྭ་ལོ་ཤིང་གྲིབ་ཕོག །  བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད།། ཅེས་པ་ལྟར་རོ། ། བ་ཚྭ་ཅན་གྱི་ཆུ་ནི་བུལ་ཏོག་འདྲ་ལ་ཚྭའི་བྲོ་བ་དང་ལྡན་པའི་ཆུ་ནི་བསྟེན་མི་རུང་སྟེ་བ་ཚྭ་ཅན་དང་ཧྥི་ཞེས་པ་འདྲེས་ཡོད་པའི་ཆུས་ལྦ་བ་སྐྱེ་བ་ཡིན་ལ། གལ་ཏེ་དེ་རིགས་མ་བསྟེན་པར་ཆུ་གཙང་མ་མིན་ན་སྙིགས་མ་གཙང་སེལ་བྱས་མཐར་སུམ་ཆའི་ཕྱེད་ཀྱི་ལྦུ་བ་མེད་པར་བསྐོལ་ཏེ་བཏུང་དགོས།

བ་ཚྭ་ཤིང་གི་ཆུ་ནི་ཤིང་ལས་བྱུང་བའི་ཆུའམ་ཤིང་ནགས་ཀྱི་ཚལ་མཐུག་པོ་ཡོད་ས་ནས་བྱུང་བའི་ཆུ་ལ་གོ་དགོས་པས། རྒྱུད་བཞི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན་ལས། ཤིང་གི་ཆུ་ནི་ནགས་ཆེན་པོ་ལས་འབབ་པ། ཞེས་གསུང་པ་དང་། ཆུའི་རིམ་པ་འོག་མ་དམན་པ་ཡིན་པས་དེ་དག་བསྟེན་པར་མི་བྱ། ནགས་ཚལ་ལས་བྱུང་བའི་བ་ཚྭ་ཅན་གྱི་ཆུ་ནི་ཆུའི་ཐ་མ་ཡིན་ལ། གལ་ཏེ། དེ་རིགས་བསྟེན་པར་སྙིགས་མ་གཙང་སེལ་བྱས་ནས་བསྐོལ་ཏེ་འཐུང་བར་གདམས།

གོང་གི་ཆུ་རབ་གངས་དང་རྫ་ལས་བྱུང་བའི་ཆུ་ལ་ཡང་ཉེ་འཁོར་འབྲོག་པའི་ནོར་ཕྱུགས་དང་ཁྱི་ལྡོམ་སོགས་ཁོར་ཡུག་གཙང་སྦྲ་མི་ལྡན་པའི་དབང་གིས་ད་ལྟའི་བོད་ཀྱི་འབྲོག་ཁུལ་དུ་མང་བའི་མཆིན་འབུའི་ནད་དམ་ཐུམ་འབུའི་ནད་འབྱུང་སླ་བས་གཟབ་པར་འཚལ། འདམ་རྫབ་དང་ཉ་ལྕིབས་ཀྱིས་ཆུ་རྙོགས་པ་དང་། སྲོག་ཆགས་ཏེ་འབུ་སྲིན་མང་བ་དང་། ཕྱུགས་ལྷས་ཀྱི་ལུད་རྫིང་སོགས་འདྲེན་པ། རྩྭ་ལོ་ཤིང་གྲིབ་སོགས་ཀྱིས་ཉི་མའི་འོད་བསྒྲིབས་པར་བྱས་པའི་ཆུ་ཡིན་ན། སྲོག་ཆགས་ཁུ་བས་ཉེས་ཀུན་བསྐྱེད། ཅེས་པ་ལྟར་རླུང་མཁྲིས་བད་ཀན་སོགས་ཉེས་པ་ཀུན་བསྐྱེད་པར་བྱེད་པ་ཡིན།

ཆུ་ཁོལ་ནི།

ཆུ་ཁོལ་ཡན་ལག་བརྒྱད་ལྡན་པས། །རླུང་གནོན་བད་ཀན་འབྱིན་པར་བྱེད། །མེ་དྲོད་སྐྱེད་བྱེད་དྭངས་སྙིགས་འབྱེད། །སྐོམ་སེལ་བསྐོལ་གྲང་ཉེས་གསུམ་སེལ། །ཞེས་སྨན་གཞུང་དུ་གསུང་བ་དང་། ཆུ་ཁོལ་གྱི་ཡོན་ཏན་ནི། ཆུ་སྐོལ་ཟས་འཇུ་དྲོད་བསྐྱེད་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་བཟློག་པར་བྱེད། །ཅེས་པ་ལྟར་ཕོ་བའི་མེ་དྲོད་བསྐྱེད་ཅིང་ཟས་འཇུ་བ་དང་། བད་ཀན་གྱི་ནད་དང་སྐྱིགས་བུ། ལྟོ་བ་སྦོས་པ། དབུགས་མི་བདེ་བ། ཆམ་རིམས་ཀྱི་ནད་བཅས་ལ་ཕན་ནོ། །གཞུང་ལས་མཁྲིས་པ་སེལ། ཞེས་པ་ལྟར་ཆུ་ཁོལ་ཚན་དེས་རླུང་སྣ་གནོན་ཞིང་ཁྱད་པར་དུ་བད་ཀན་ལ་ཕན་པ་དང་། ཆུ་ཁོལ་གྲང་མོས་བད་ཀན་ལ་མི་གནོད་པར་མཁྲིས་པ་སེལ་བའི་དགེ་མཚན་ལྡན།

ཆུ་ཁོལ་གྱི་སྐྱོན་ནི།

ཆུ་ཁོལ་བསྐོལ་ཏེ་ཞག་གཅིག་གི་ཡུན་ལོན་ན་བཏུང་བར་བྱ་མི་རུང་། ཞག་གཅིག་ལོན་ན་དུག་འདྲ་ཉེས་གསུམ་བསྐྱེད་ཅེས་པ་ལྟར་དང་། ཆུ་ཁོལ་དེ་ཉིན་གཅིག་གི་ཡུན་བརྒལ་བའམ། མ་ཁོལ་བར་དྲོས་ཙམ་དུ་ལུས་པ་སོགས་ནི་དུག་ཆུ་ལ་གཏོགས་པ་ཡིན་ནོ་ཞེས་ཉེས་པ་རྣམས་བསྐྱེད་པས་སྤྱད་པར་བྱ་མི་རུང་ངོ་། །ཆུ་ཁོལ་ཡང་ཡང་གདུས་པ་འཐུང་མི་རུང་བས་གཟབ་པར་འཚལ།

གཞན་ཡང་རང་བྱུང་ཆུ་ཚན་ནི་གཏེར་རྡོའི་ནུས་པར་ལྟོས་ནས་ཆུ་ཚན་རིགས་ལྔ་དང་དེ་དག་ལ་ཕན་ནུས་མི་འདྲ་བ་མང་དུ་གསུངས་ཤིང་རྒྱུད་འགྲེལ་བཻ་སྔོན་དང་མེས་ཞལ་སོགས་སུ་ཞིབ་འགྲེལ་གནང་ཡོད། ཡང་ཚན་རིག་གིས་ཆུ་མ་བསྐོལ་བར་གྲང་མོ་འཐུངས་ན་ནད་འབུ་འགོས་ཁྱབ་ཡོང་བ་སོགས་གནོད་པའི་ཕྱོགས་ལས་ཆུ་འཁྱག་འཐུང་བའི་དགེ་མཚན་བསྟན་མེད་མོད་། ཡང་ཆུ་ཁོལ་གྱི་ཕན་ཡོན་བརྗོད་ཡོད་པ་ལས་ཉེས་ཤིང་ཞག་ལོན་པའི་ཆུ་ཁོལ་གནོད་པའི་ཕྱོགས་བསྟན་མེད། ཅེས་བཀོལ་བདེའི་ཟས་སྨན་ལག་ལེན་གསལ་བའི་མེ་ལོང་དུ་གསལ་བ་བཞིན་ཡིན།

གསུམ་པ། ཕྱི་སྣོད་འཇིག་རྟེན་ཆགས་འཇིག་ལ་ཆུ་གལ་གནད་ཆེ་ཚུལ།

ཚན་རིག་གིས་འཇིག་རྟེན་ཆགས་པའི་མགོ་རྩོམ་དུས་བར་སྣང་སྟོང་ཁམས་ལ་རླངས་པའི་སྤྲིན་པ་དེ་འདྲ་འདུས་ནས་ཉི་མའི་དཀྱིལ་འཁོར་ཆགས་པར་བཤད། ནང་པས་ཕྱི་སྣོད་འཇིག་རྟེན་རླུང་གི་དཀྱིལ་འཁོར་ལ་ཆུ་ཆགས་པ་དང་དེ་ཉིད་འཇིག་པ་ལ་མེ་བདུན་དང་ཆུ་གཅིག་གིས་འཇིག་པར་བཤད། ཆུ་མེད་ན་ཚེ་སྲོག་མེད་ལ་སྐྱེ་དངོས་སྣ་ཚོགས་དང་མིའི་རིགས་ཀྱང་མེད། ཆུ་མེད་ན་བཟོ་ལས་དང་ཞིང་ལས། དེང་རབས་ཅན་གྱི་འཛུགས་སྐྲུན་བཅས་ཀྱང་མེད། ཆུ་ནི་ཞིང་ལས་ཀྱི་ཚེ་སྲོག་དང་བཟོ་ལས་ཀྱི་ཁྲག་རྒྱུན་ཡིན། ཆུ་དང་རིག་གནས་འཚོ་བ་གཉིས་ཀྱི་འབྲེལ་བ་དམ་ཅིང་ཟབ་ཏུ་སྦྲེལ་ཡོད།

དེང་རབས་པས་འབྱུང་བ་ཆུས་གནམ་གཤིས་ལ་ཐེབས་པའི་ཤུགས་རྐྱེན་བཤད་པ་ལ། ཆུས་གནམ་གཤིས་སྙོམས་སྒྲིག་གི་ནུས་པ་ཐོན་ཐུབ་ཅིང་། རླུང་ཁམས་ཆེན་པོ་ཁྲོད་ཀྱི་ཆུའི་རླངས་པས་སའི་གོ་ལའི་ལྡོག་འཕྲོའི་ཚད་ཀྱི་བརྒྱ་ཆའི་ ༦༠ འགོག་ཐུབ་པ་དང་། སའི་གོ་ལའི་གྲང་ངར་ལའང་སྲུང་སྐྱོབ་བྱེད་ཐུབ། རྒྱ་མཚོ་དང་སྐམ་སའི་ཆུ་གཟུགས་ཀྱིས་དབྱར་ཁའི་ཚ་དྲོད་ཀྱི་ཚད་སྡུད་ལེན་དང་གསོག་འཇོག་བྱས་ཏེ་དྲོད་ཚད་ཧ་ཅང་མཐོ་རུ་མི་འཇུག་པ་དང་། དགུན་ཁའི་དུས་སུ་དལ་མོའི་ངང་དྲོད་ཚད་གཏོང་བ་དང་། དྲོད་ཚད་ཧ་ཅང་དམའ་རུ་ཡང་མི་འཇུག 

རྒྱ་མཚོ་དང་ས་གཞིའི་སྟེང་གི་ཆུའི་རླངས་པ་ནམ་མཁར་འཕྱུར་ཏེ་སྤྲིན་གྲུབ་པ་དང་། སྤྲིན་གྱི་ནང་གི་ཆུ་ཟེགས་པས་ཆར་དུ་གྱུར། དགུན་ཁ་ཁ་བའི་རང་བཞིན་དུ་གྱུར། ས་ཐོག་ལ་ཟེགས་པ་ས་འོག་ཏུ་འཐིམས་ནས་ས་འོག་གི་ཆུ་རུ་གྱུར། ས་འོག་གི་ཆུ་ཡང་ས་སྲུབས་ནས་ཕྱིར་ཡོང་ཏེ་ད་གཟོད་གཏེར་ཆུ་རུ་གྲུབ། དེའང་ཆུ་ཕྲན་དང་གཙང་ཆུ་བརྒྱུད་ནས་རྒྱ་མཚོ་ཆེན་པོར་བབས་ནས་ཆུའི་མ་ལག་གྲུབ་པ་རེད།

འབྱུང་བ་ཆུས་ས་རྒྱུས་ལ་ཐེབས་པའི་ཤུགས་རྐྱེན་ཡང་། སའི་གོ་ལའི་ས་ངོས་ཀྱི་བརྒྱ་ཆའི་ ༧༡ ཆུས་ཁེབས་ཡོད། བར་སྣང་ནས་གཟིགས་ན་སའི་གོ་ལ་ནི་ལྗང་མདོག་གི་གོ་ལ་ཞིག་ཡིན། ཆུ་བྲག་རི་དང་ས་བབས་སུ་ཟིམ་འཛུལ་དང་བཞུར་ཆུས་རླབས་ཤུགས་ཀྱིས་བྱེ་ཟེགས་དང་། འཇིམ་པ་སྐྱེལ་འདྲེན་གྱིས་བདེ་ཐང་བྱས་པ་དང་། ས་བབས་ཀྱི་རྣམ་པ་འདྲ་མི་འདྲ་བཟོས་པ་ཡིན། སའི་གོ་ལའི་ས་རིམ་གྱི་ཆུ་གཟུགས་ཀྱི་གྲུབ་ཆ་ནི་ཆུ་འཁྱིལ་ཡིན། འདི་ལས་ཆུས་ས་རྒྱུས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་མིན་ཤེས་སླ།

དེང་རབས་མིའི་རིགས་ལ་འཐུང་ཆུ་དཀོན་པའི་དཀའ་ངལ།

ཉེ་བའི་ལོ་བཅུ་ཕྲག་ནང་། འཛམ་གླིང་ཡོངས་སུ་མི་འབོར་འཕར་བ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོང་བ། དེ་བཞིན་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་སོང་བ་བཅས་ཀྱིས་རྐྱེན་པས་མིའི་རིགས་ཀྱི་ཚྭ་མེད་ཆུའི་དགོས་མཁོ་དེས་ཉིན་རེ་བཞིན་ཆེ་རུ་ཐོན་བཞིན་ཡོད། དེ་དང་དུས་མཚུངས། མིའི་རིགས་ཀྱིས་ཆུར་འབག་བཙོག་བཟོས་པའི་རྐྱེན་གྱིས་རྩ་ཆེན་ཆུའི་ཐོན་ཁུངས་མང་པོ་ཞིག་བེད་སྤྱོད་མི་རུང་བས་ཆུའི་ཐོན་ཁུངས་མི་འདང་བའི་གནས་ཚུལ་དེ་བས་ཛ་དྲག་ཏུ་སོང་ཙང་། འདི་ནི་དུས་རབས་ 21 པའི་གནད་དོན་གལ་ཆེན་ཞིག་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་ 47 པའི་སྟེང་གྲོས་ཆོད་ཨང་193པར་གྲོས་མཐུན་བྱུང་སྟེ། 1933 ལོ་ནས་བཟུང་། ལོ་རེའི་ཟླ་ 3 པའི་ཚེས་ 22 ཉིན་ནི་འཛམ་གླིང་གི་ཆུའི་ཉིན་མོ་ཞེས་པར་གཏན་འབེབས་བྱས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རང་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་ཏེ། ཉིན་དེར་བྱེ་བྲག་གི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་མང་ཚོགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས་པའི་གྲོས་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ལྷན་ཁང་[IPCC]གི་འགན་འཛིན་ཕཱ་ཆའོ་ལི་[Rajendra Pachauri] ཡིས། ཆུའི་ཐོན་ཁུངས་དཀོན་པ་ལས་ས་གནས་དང་རྒྱལ་ཁབ་སོ་སོའི་བར་འཁྲུག་རྩོད་འབྱུང་སྲིད་པ་དང་། འཛམ་གླིང་ཡོངས་ཀྱིས་རྒྱལ་ཁབ་མང་བོར་ནམ་ཟླའི་འགྱུར་ལྡོག་གི་དབང་གིས་ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་བྱུང་ཡོད་པར་ངེས་ཤེས་གསལ་བོ་བྱུང་མེད་པར་བཤད་ཡོད།

IPCC ལྷན་ཁང་གི་ཚོད་དཔག་སྙན་ཞུ་གསར་བ་ལྟར་ན། དུས་རབས་ཉེར་གཅིག་པའི་མཇུག་ཏུ། འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཐིག་ཚེག་གསུམ་ནས་བཞི་ཚེག་བརྒྱད་ཀྱིས་ཇེ་མཐོར་འགྲོ་སྲིད་ཟེར།

འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་སོང་བ་ལས་ཐལ་དྲགས་པའི་ནམ་ཟླ་འབྱུང་སྲིད་པ་དང་། ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་སྣང་ཚུལ་བྱུང་ནས། ཞིང་ཞོར་ཐོན་རྫས་དང་། ཟས་རིགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཐན་སྐྱོན་འབྱུང་སྲིད་ལ། རྒྱ་གར་ལྟ་བུའི་རྒྱལ་ཁབ་སོགས་ལ་གནོད་པ་ཚབས་ཆེན་ཐེབས་སྲིད་པར་བཤད།

ཀྲུང་གོ་ནི་ཆུའི་ཐོན་ཁུངས་ཞན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་བསྡུར་ན། རང་རྒྱལ་གྱི་ཆུའི་ཐོན་ཁུངས་སྤྱི་འབོར་དེ་པར་ཙིར་དང་། ཨུ་རུ་སུ། ཨ་མེ་རི་ཁ། ཧིན་རྡུ་ཉི་ཞི་ཡ་བཅས་ལས་ཉུང་བས་འཛམ་གླིང་གི་ཨང་དྲུག་པར་སླེབས་ཡོད། གལ་ཏེ་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བརྩིས་ན། འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་ 1/4ལས་སླེབས་ཀྱི་མེད་ལ་འཛམ་གླིང་གི་ཨང་བརྒྱ་དང་བཅུའི་རྗེས་སུ་ཡིན། ཆུ་མི་འདང་བའི་གནས་ཚུལ་དེ་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཡོད་པས། ཀྲུང་གོས་ལས་གཞི་ཆེན་པོ་ལྷོ་ཆུ་བྱང་འདྲེན་གྱི་མགོ་བཙུགས་ནས་ལས་རིམ་དང་པོ་ལེགས་འགྲུབ་བྱུང་ཡོད། དེ་ནི་དོན་དངོས་སུ་བོད་ཀྱི་ཆུ་རྒྱ་ཡུལ་པེ་ཅིན་དང་ཧའོ་པེ། ཞིན་ཅང་སོགས་ལ་དྲངས་པ་དེ་རེད། དེས་ཧྭ་བྱང་དང་བྱང་ཤར་གྱི་ནུབ་ཁུལ་ཀྱི་ཆུའོི་དཀའ་ངལ་སེལ་ཡོད།

ཆུང་དུས་སུ་ཕ་ཡུལ་ནས་ཆུ་སྐྱོག་ལས་ལག་པར་གཟར་ནས་ཆུ་ཉུང་ངུས་ཁ་ལག་བཀྲུ་བའི་སྲོལ་ཡོད་ལ། ཕྱིས་སུ་སློབ་གྲྭ་འགྲིམས་ནས་ཕྱིར་རང་ཡུལ་ལ་ཡོང་ནས་ཆུ་ཀ་ཏོ་ར་ཕྱེད་ཀྱིས་ཁ་ལག་བཀྲུ་དུས་ཕ་མྱེས་རྒན་རབས་པས་ཁ་རྒྱ་ཁོག་ལ་བསྐོར་རྒྱོ་ཞེས་སྡིགས་དམོད་བྱེད། དེ་ཡིན་རྒྱུ་ནི་རྒྱ་ཡུལ་དུ་ཆུའི་དཀའ་ཁག་ཡོད་པས་ང་ཚོ་ཆུ་འགོ་ན་ཡོད་པས་ཆུ་ལ་གྲོན་ཆུང་བྱེད་དགོས་པར་གདམས་པ་རེད།

སའི་གོ་ལའི་ད་ལྟའི་ཆུའི་གནས་བབས།

སྤྱིར་ས་གོ་ལ་ཧྲིལ་མོ་འདིའི་བརྒྱ་ཆའི 60 ཡན་ཆུས་བཟུང་ཡོད་ཀྱང་། བཏུང་རུང་བའི་སའི་གོ་ལའི་སྟེང་དུ་ཡོད་པའི་ཆུའི་བརྒྱ་ཆའི 1% ཙམ་ལས་མེད། དེར་བརྟེན་དེང་སྐབས་ཀྱང་ཧྥེ་གླིང་སོགས་ས་ཁུལ་གང་མང་ཞིག་ན་ལོ་ལྟར་འཐུང་ཆུའི་དཀའ་ངལ་ལ་འཕྲད་དེ་མི་དང་སྲོག་ཆགས་གྲངས་ལས་འདས་པ་འཆི་བཞིན་ཡོད། ཞིབ་འཇུག་པས་ཚོད་དཔག་ལྟར་ན་མི་རིང་བར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གང་མང་ཞིག་ལ་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། འདི་ལྟར་ཁོར་ཡུག་གཏོར་བརླག་ལ་དོ་སྣང་མ་བྱས་པར་ལོ༡༥༠༠སོང་རྗེས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་འཐུང་ཆུ་ཡོངས་སུ་རྫོགས་འགྲོ་བའི་ཉེན་བརྡ་བཏང་ཡོད།

སའི་གོ་ལའི་སྟེང་གི་ཆུའི་སྤྱིའི་གསོག་ཚད་སྨི་[meter]རྒྱ་དཔངས་གྲུ་བཞི་དུང་ཕྱུར་140[m3]ཡོད། དེའི་ནང་ཚྭ་མེད་ཆུ་ཡིས1/40ཟིན་ལ། ཧ་ལམ་སྨི་[meter]རྒྱ་དཔངས་གྲུ་བཞི་དུང་ཕྱུར3.5[m3]རེད། ཚྭ་མེད་ཆུའི་ཁྲོད་ཀྱི70%ཙམ་སྣེ་གཉིས་ཀྱི་འཁྱགས་རིམ་དུ་བསགས་ཡོད། མིག་སྔར་མིའི་རིགས་དང་འབྲལ་ཐབས་བྲལ་པའི་མཚེའུ་དང་ཆུ་བོ། ས་འོག་གི་བེད་སྤྱད་ཆོག་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱིས་ཚྭ་མེད་ཆུའི་སྤྱིའི་ཐོན་ཁུངས་ཀྱི1/300 མ་གཏོགས་ཟིན་མེད་ལ། ཧ་ལམ་སྨི་[meter]རྒྱ་དཔངས་གྲུ་བཞི་དུང་ཕྱུར105[m3]ཡིན་པ་དང་། གོ་ལ་ཡོངས་ཀྱི་ཆུའི་སྤྱིའི་གསོག་ཚད་ཀྱི་ཁྲི་ཆའི་གཅིག་ལའང་མི་ཐོན་ཟེར།

སའི་གོ་ལའི་ལྷོ་སྣེ་གླིང་དང་། བྱང་སྣེ་གླིང་། མདོ་དབུས་མཐོ་གླིང་།༼སྣེ་གསུམ་པ།༽ནི་ང་ཚོ་རྒྱུན་པར་བཟའ་བཏུང་དང་འཚོ་བའི་ཁྲོད་སྤྱོད་རུང་བའི་སྐམ་སའི་འཐུང་ཆུའི་འབྱུང་ཁུངས་ཆེན་པོ་གསུམ་ཡིན། སའི་གོ་ལའི་ལྷོ་སྣེ་གླིང་སྟེ་ལྷོ་སྣེ་གླིང་གི་འཁྱག་རོམ་ཆེན་པོ་ཞུ་བ་ལས་བྱུང་བའི་ཆུ་དང་། བྱང་སྣེ་གླིང་གི་འཁྱག་རོམ་ཆེན་པོ་ཞུ་བའི་ཆུ། སྣེ་གསུམ་པ་མདོ་དབུས་མཐོ་སྒང་ནས་བྱུང་བའི་ཆུ་གསུམ་ཡིན། རི་རྒྱལ་བོ་གངས་ཏི་སེ་ནས་ཁ་འབབ་བཞིའམ་ཆུ་བོ་ཆེན་བཞི་ཕྱོགས་བཞིའི་རྒྱལ་ཁབ་མང་བོར་འབབ་པ་ལས་འཛམ་གླིང་མི་གྲངས་ཆེས་མང་ཤོས་ཀྱི་རྒྱ་དཀར་ནག་གཉིས་སོགས་ཡ་གླིང་གི་སྐམ་ས་ཆེན་པོར་ཟིན་ཡོད། རྒྱ་ནག་གིས་རྨ་འབྲི་གཉིས་ལ་མ་ཡུམ་ཆུ་བོར་འབོད་པས་དོན། མདོ་དབུས་མཐོ་སྒང་ནི་ཕ་མེས་ཀྱི་འབྱུང་ཁུངས་དང་དྲིན་ཆེ་བ་ཨ་མའི་འདུ་ཤེས་བཟུང་ཡོད། གནའ་རབས་སུ་རྒྱའི་གོང་མ་ཁྲི་ཤོར་རྒྱལ་མོར་མཆོད་འཇལ་དུ་བྱོན་པ་དང་། ཡང་ཆན་ལུང་གོང་མས་བང་མཛོད་ཀྱི་རྒྱུ་ནོར་རྩ་ཆེན་དབུ་བླ་ལྕང་སྐྱ་ཚང་ལ་སྐུར་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་མཆོད་བསྙེན་དུ་མངགས་པ་དེ་ཚོས་ལས་རྒྱ་ནག་གིས་བོད་ཀྱི་ཆུ་ལ་རྩ་ཆེན་རྩིས་བ་ཤེས་ཐུབ།
སྲོལ་རྒྱུན་རིག་གནས་ཀྱིས་ཆུའི་ཐོན་ཁུངས་གསོ་ཚུལ།

གནའ་བོའི་སྲོལ་རྒྱུན་རིག་གནས་ལས་ཀླུ་ཆོག་དང་ཀླུ་གཏོར་གྱི་ཆོ་ག་སྒྲུབ་པ། ཀླུ་དབང་རྒྱལ་བོའི་ཁྲུས་གསོལ། ཆུ་ལྷ་གསོལ་མཆོད། ས་ཆུ་གསོ་བ། རི་ཀླུང་ལ་ཁྲུས་གསོལ། ལྷ་བསངས་ཀླུ་བསངས་གཏོང་བ། སྡོང་འཛུགས་ནགས་བསྐྲུན། རྩི་ཤིང་འདེབས་འཛུགས་པ་སོགས་ནི་ཆུའི་ཐོན་ཁུངས་གསོ་ཚུལ་ཡིན།

ས་བདག་གཏོ་འཕྱེ་ཡི་སྒོ་ནས་ས་བསླང་བ། བུམ་པ་གཏེར་སྒྲུབ་ཀྱི་སྒོ་ནས་གཡང་བསྐྱིལ་བ། ས་ཡི་བཅུད་གསོ་བ། ས་དགྲ་ཡོད་སར་ས་གནོན་དང་ས་ལ་མེ་བཙའ་གདབ་པ། ཆུ་མགོའི་ཆུ་བོ་སྐམ་པ་ལ་ཀླུ་གསོ་བ་དང་ཀླུ་ཐེབས་འཇོག་པ། ཀླུ་གཏོར་ཀླུ་མནན་ཀླུ་ཆོག་སོགས། དོན་བྱ་ཡིད་ལ་དྲན་པ་དང་སྒོམ་སྟེ་ལག་ལེན་དུ་འདེབས་པ་འདིི་དག་ཡང་སྲོལ་རྒྱུན་གྱི་ཆུའི་ཐོན་ཁུངས་གསོ་ཐབས་ཡིན།

དེ་བཞིན་དུ་ཆུང་དུས་ཆུ་ནང་དུ་གཅིན་གཏོང་མི་རུང་བ་དང་། རྩྭ་རྩི་ཤིང་གཅོད་མི་རུང་བ་སོགས་ཀྱི་བསླབ་བྱ་ད་ལྟ་རང་ལ་ངོ་འཕྲོད་བཞིན་པས་ང་ཚོས་ཆུ་ཕོར་བ་གང་ལ་སྲུང་སྐྱོབ་དང་། ལྗོན་ཤིང་དང་རྩྭ་ཐང་། སྐྱེ་དངོས་དང་ས་གཞི། གཙང་བོ་སོགས་ལ་བདག་སྐྱོང་བྱས་ནའང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་པ་ཡིན།

སྔ་མོའི་བོད་གཞུང་གིས་རི་ཀླུང་རྩ་ཚིག་ཅེས་ཁྲིམས་སུ་བཅས་པ་ལས་རིའི་རི་དྭགས་དང་ཀློང་གི་ཤིང་ནགས་བཅད་མི་ཆོག་པ། དགོན་པ་སོ་སོ་ལའང་བཀག་རི་རྔོན་རྒྱ། ཆུ་ཀླུང་གི་འོལ་ཀ་བསྒྱུར་བ་སོགས་མི་ཆོག་པའི་ཁྲིམས་ལུགས་ཡོད།

མདོར་ན་རང་རེ་བོད་ཀྱི་མི་རིགས་ལ་བླ་ན་མེད་པའི་གཤིས་སྤྱོད་བཟང་པོ་ལྡན་པ་སྟེ། ཕྱི་ཐག་རིང་ཞིང་ངོ་ལྐོག་ཐུབ་པ། ཡབ་མེས་རྒན་རབས་ཀྱི་ངག་ལ་ཉན་པ། ཧམ་སེམས་ཆུང་ཞིང་ཆོག་ཤེས་ཆེ་བའི་རྒྱུ་མཚན་གྱིས། རང་ཉིད་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ཏེ་རང་བྱུང་ཁོར་ཡུག་གི་དངོས་པོ་ལ་ལོངས་སྤྱོད་དང་། དོན་མེད་ཀྱི་ཆུད་ཟོས་དང་། དགོས་མེད་ཀྱི་གཏོར་བརླག་མི་བྱེད་པ་སོགས་ནི། ནང་བསམ་པའི་དཔལ་ཡོན་གཙོ་བོར་འཛིན་པའི་མི་རིགས་ཤིག་ཡིན་པས། ཐ་ན་སེན་མོ་བཅད་པ་དང་སོ་བར་དྲུས་པའི་ཤིང་ཐུར་ཆུང་ངུའང་རང་དགར་གཡུག་ན་བྱ་བྱེའུ་སོགས་ཀྱི་ཁ་ནང་དུ་སོང་ན་སྲོག་ལ་ཉེན་ཁ་ཡོད་པས་ས་འོག་སྦ་བ་ཀྱིན་ཡོད།

རྒན་པོ་རྣམས་ཀྱིས་རས་ཡུག་གི་སྣབས་ཕྱིས་ཆུ་ལ་མི་འཁྲུ་བར་ཉི་མར་ལྡེ་ནས་དུག་འདོན་གཙང་སེལ་བྱེད་པ་ཡིན། ས་གཉན་བརྐོ་བ། རྡོ་གཉན་སློག་པ། ཤིང་གཉན་བཅད་པ། ཆུ་གཉན་དཀྲུག་པ། ཕུ་རི་རབ་ལ་མེ་བཀྱེས་པ་དང་། མདའ་རྒྱ་མཚོ་ལ་དུག་བཏབ་པའམ་གཏོར་བརླག་བྱེད་པ་ནི་མིའི་རིགས་ལས་ཐ་ཤལ་མ་རུངས་པ། ཉེས་པའམ་སྡིག་པ་ཤིན་ཏུ་ཚབས་ཆེ་བ་ལ་ལྟས་ངན་པ་རང་ལ་སློང་བའི་ལས་ཡིན་པས་འཛེམས་པ་ཡིན།

གནའ་བོའི་སྲོལ་རྒྱུན་རིག་གནས་ལས་ཀླུ་ཆོག་དང་ཀླུ་གཏོར་གྱི་ཆོ་ག་སྒྲུབ་པ། ཀླུ་དབང་རྒྱལ་བོའི་ཁྲུས་གསོལ། ཆུ་ལྷ་གསོལ་མཆོད། ས་ཆུ་གསོ་བ། རི་ཀླུང་ལ་ཁྲུས་གསོལ་བྱེད་པ་ཡིན། དེང་སང་དཔྱད་ཆས་བཀོལ་ནས་ཆུ་ལ་བརྟག་དཔྱད་ཀྱིས་རེའུ་མིག་བཟོས་ཏེ་ཟིན་ཐོར་འགོད་པ་སོགས་ནི་བོད་མིའི་སྤྱོད་བཟང་ལས་ཆུ་ལ་སྲུང་སྐྱོབ་བྱས་པ་ཡིན་ནོ།། །།

རྒྱུན་པར་ཆུའི་ཐོན་ཁུངས་གྲོན་ཆུང་བྱ་ཐབས།
  1. ཁ་ངོ་་སོ་བཀྲུ་ལུས་ཁྲུས་ཀྱིས་འདག་རྫས་བཀོལ་སྐབས་ཆུ་སྒོ་བསྒག་པ།
  2. རང་འབབ་ཆུ་སྦུག་ལས་ཆུ་ཟགས་ན་དུས་ལྟར་ཞིག་གསོ་བྱེད་པ།
  3. རླངས་འཁོར་བཀྲུ་བྱེད་ཆུ་འཁོར་རྒྱུག་བེད་སྤྱོད་བྱེད་པ།
  4. ལྭ་བ་བཀྲུ་སྐབས་ལག་པས་ལྭ་བ་བཙུར་ནས་ཆུ་བཤལ་རྒྱག་པ།
  5. ཚོད་མ་བཀྲུ་སྐབས་ཆུ་སྣོད་དུ་བཀྲུ་བ། ཉ་གསོ་སྤྱད་ཀྱི་ཆུ་དང་འབྲས་བཀྲུ་སྤྱད་ཀྱི་ཆུ་མེ་ཏོག་ནང་དུ་བླུགས་ན་མེ་ཏོག་སྐྱེས་སྟོབས་ལ་ཕན།
  6. སྣོད་ཅ་ལག་བཀྲུ་སྐབས། སྣུམ་མང་པོ་ཆགས་ཡོད་ཚེ་ཐོག་མར་ཤོག་བུས་ཕྱིས་རྗེས་ད་གཟོད་བཀྲུ་དགོས།
  7. འབྲས་བཀྲུ་སྤྱད་ཀྱི་ཆུ་དང་ཐུག་ཁུ། ཇ་ལྷག་བཅས་ཀྱིས་སྣོད་ཅ་ལག་བཀྲུ་ན་སྣུམ་དག་པ་མ་ཟད། ཆུ་གྲོན་ཆུང་བྱ་ཐུབ་ལ་དག་རྫས་ཀྱི་སྦག་བཙོག་ཇེ་ཉུང་དུ་གཏོང་ཐུབ།
  8. ཆབ་གཞོང་ནང་ཟས་ལྷག་གམ་དངོས་པོ་ལྡུག་མི་རུང་། དངོས་པོ་དེ་དག་ཆུས་བཤལ་ན་ཆུ་མང་པོ་ཆུད་ཟོས་བྱེད་པ་མ་ཟད་སྦུག་ལམ་འགག་པའི་ཉེན་ཁའང་ཆེ།
  9. གྱོན་ཆས་དང་སྔོ་ཚོད། ལུས་བཀྲུས་པའི་ཆུ་བསོག་ནས་ཆབ་གཞོང་བཤལ་ན་ཆོག
  10. དགུན་དུས་ཕྱི་རོལ་གྱི་ཆུ་སྦུག་གད་པར་མཉམ་འཇོག་བྱ་དགོས།
  11. གྲོང་ཁྱེར་དུ་སྡོང་འཛུཊ་ནགས་སྐྲུན་བྱས་ཏེ་རྒྱ་ཁྱོན་ཆེ་བའི་རྩྭ་ཐང་འཐུས་ཚབ་བྱ་དགོས།
  12. གཞིས་ཆགས་ཁུལ་དུ་ཐུན་མོང་གི་ཁྲུས་ཁང་དང་ཆུ་བསྐོལ་ཁང་ལས་རིན་གོང་འཛིན་བྱང་གིས་ལུས་བཀྲུ་དང་ཆུ་ལེན་སོགས་བྱེད་དགོས།
  13. གྲམ་པ་དང་མཚེའུ་ནང་དུ་གད་སྙིགས་མི་འཕེན་པ་དང་། གློག་རྡོ་གང་སར་མི་འཕེན་པར་རང་བྱུང་གི་ཆུའི་ཐོན་ཁུངས་ལ་སྦགས་འགོག་བྱ་དགོས།།
དཔྱད་གཞིའི་ཡིག་རིགས།
  1. སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་ཌཱུར་སྔོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  2. ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོ་ཞལ་ལུང་།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
  3. གོ་འཇོ་དབང་འདུས་ཀྱིས་མཛད་པའི་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། མི་རིགས་དཔེ་སྐྲུན་ཁང་།
  4. བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་།
  5. གཡུ་ཐོག་པས་མཛད་པའི་གསོ་རིག་རྒྱུད་བཞི། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  6. སོག་པོ་ལུང་རིག་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། མི་རིག་དཔེ་སྐྲུན་ཁང་།
  7. སྐྱེམ་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
  8. བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད། བཛྲ་ཚུལ་ཁྲིམས་རྒྱ་མཚོས་མཛད།
  9. ཀུན་བཟང་རང་གྲོལ་ལགས་ཀྱི་བརྩམས་པའི་གསོ་རིག་དང་འབྲེལ་བའི་ཆུ་ཡི་རིགས་དག་གི་ཕན་ནུས་ལ་ཕྱོགས་ཙམ་དཔྱད་པའི་གཏམ།
  10. བཀོལ་བདེའི་ཟས་སྨན་ལག་ལེན་གསལ་བའི་མེ་ལོང་།
  11. གསང་སྙིང་།
  12. དག་པ་གསེར་གྱི་མདོ།

[ ] རྟགས་འདིའི་ནང་གི་མཆན་རྣམས་རྩོམ་སྒྲིག་པས་བཀོད་པ་ཡིན།